༣༽ ལོ་ཙཱ་བ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན།

༣༽ ལོ་ཙཱ་བ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན།

 

པ་ཚབ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནི། (པ་ཚབ་ཚུལ་ཁྲིམས་རྒྱལ་པོ་ཡང་ཞུ།) ཕྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་དུ་བྱང་ཕྱོགས་འཕན་པོའི་ཡུལ་པ་ཚབ་ཀྱི་རྒྱུད་དུ་སྐུ་འཁྲུངས། པ་ཚབ་ལོ་ཙཱ་བས་བསྒྱུར་བའི་མདོ་དྲན་པ་ཉེར་བཞག་གི་འགྱུར་བྱང་ལས[1]། སྔར་ར་མ་པཱ་ལའི་དུས་ (1077-1130) སུ་མདོ་འདིའི་ཆ་ཤས་ཤིག་བསྒྱུར་པ་དེ།

རྗེས་ནས་དེའི་འཕྲོ་ཡོངས་སུ་རྫོགས་པར་མཛད་ཅེས་གསལ་བ་ལས་དུས་ནམ་ཞིག་བྱོན་མིན་གསལ་ལ། དེ་བཞིན་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་ཁོང་ (1055) པཱ་ལའི་རྒྱལ་རབས་བཅོ་བརྒྱད་པ་ར་མ་པ་ལའི་དུས་སུ་བི་ཀྲ་མ་ཤཱི་ལར་ཕེབས་པ་ཞིག་ཡིན་ཁར། ཁོང་པཎ་ཆེན་ཨ་བྷ་ཡ་ཀ་རའི་སློབ་མ་ཡིན་པས་དུས་རབས་བཅུ་གཅིག་པའི་ནང་བྱོན་པ་ཤིན་ཏུ་གསལ་ལོ།།

ཐོག་མར་བོད་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར། ཞེས་བོད་ཀྱི་ལོ་རྒྱུས་གང་སར་སྤྱི་བཤད་ཙམ་ལས་ཞིབ་ཆ་མི་གསལ། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་དང་། རྣ་སྣམ་རྡོ་རྗེ་བདུད་འཇོམས་གཉིས་ཀྱི་མཚན་ཟུར་མཉམ་འདུས་ཀྱིས་གྲུབ་པར་བཤད་པའི་པ་དང་སྣམ་ཡོད་པའི་གཙང་པ་སྣམ་ཡུལ་དུ། སྔར་པ་ཚབ་ལོ་ཙཱ་བས་ཆོས་བཤད་དང་འགྱུར་གྱི་མཛད་པ་ཆེན་པོ་བསྐྱངས་པར་གྲགས། དེ་རྗེས་བལ་ཡུལ་དང་རྒྱ་གར་སོགས་སུ་ཕེབས་ཏེ་ལེགས་སྦྱར་གྱི་སྐད་ཕུལ་དུ་ཕྱིན་པ་མཁྱེན་ཏེ་རྒྱ་གཞུང་གི་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།

སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། མདོ་དྲན་པ་ཉེར་བཞག་ཤོ་ལོ་ཀ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དང༌། བསྟན་འགྱུར་ལས། གནས་ཆེན་རིམ་པའི་ལྷ་མོ་སྒྲོལ་མ་ལ་བསྟོད་པ་དང་། ལྷག་པར་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་དམིགས་པ་བརྟག་པ་དང་། དམིགས་པ་བརྟག་པའི་འགྲེལ་པ། དུས་གསུམ་བརྟག་པ་བཅས་ལོ་ཙཱ་བ་དགེ་སློང་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་སོགས་ཆོས་ཚན་བརྒྱ་དང་དྲུག་ཅུ་རེ་དགུ་བཞུགས་སོ།།

འོན་ཀྱང་བུ་སྟོན་ཆོས་འབྱུང་ལས[2]། དམིགས་བརྟག་རྩ་འགྲེལ་གཉིས་དཔལ་བརྩེགས་ཀྱི་འགྱུར་ཞེས་དང་། ཡང་། དུས་གསུམ་བརྟག་པ་ནག་ཚོའི་འགྱུར་ཞེས་བཀོད་པ་ནི་ནོར་བར་ངེས་ཏེ། བསྟན་འགྱུར་ནང་། གཞུང་ཚན་འདི་གསུམ་ཀ་ལྷན་དུ་ཡོད་ཁར། སྒྱུར་བྱེད་ལོ་ཙཱ་བའི་མཚན་དེ་གཞུང་ཚན་མཐའ་མ་དུས་གསུམ་བརྟག་པའི་མཇུག་ཏུ་འདི་ལྟར་བཀོད་འདུག །པཎྜི་ཏ་ཆེན་པོ་ཤཱན་ཏཱ་ཀ་ར་གུཔྟའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །ཞེས་གསལ་ཞིང་། གཞན་སློབ་དཔོན་དུལ་བའི་ལྷས་མཛད་པའི་དམིགས་བརྟག་གི་འགྲེལ་པ་དེ་ཉིད་རྒྱ་གར་གྱི་མཁན་པོ་ཤཱཀྱ་སི་ཾཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་བར་གསལ་བ་དེ་ཡང་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བ་ལས། དཔལ་བརྩེགས་ཀྱིས་བསྒྱུར་བ་མིན་མོད། འོན་ཀྱང་། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ཞུ་བ་དེ་ཉིད་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་ཡིན་མིན་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་ ༧༡ པ། ༢༠༠༩ ལོ། ཤོག་གྲངས་ ༥༤༠

[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༡༣-༢༤༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༧ ནས་ ༣༨༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *