བསྟན་བཅོས་རྩོམ་པའི་ཡན་ལག་ངོ་སྤྲོད། ཀ༽ བསྟན་བཅོས་ཀྱི་ངེས་ཚིག་གམ་སྒྲ་བཤད།

༄༅། །བསྟན་བཅོས་རྩོམ་པའི་ཡན་ལག་ངོ་སྤྲོད།

ཀ༽ བསྟན་བཅོས་ཀྱི་ངེས་ཚིག་གམ་སྒྲ་བཤད།

 

དེ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་གྱི་དཀར་ཆག་ཞིབ་ཏུ་ཤེས་པ་ལ་ཐོག་མར་བཀའ་བསྟན་གྱི་སྒྲ་བཤད་དང་། མཚན་ཉིད། དབྱེ་བ་བཅས་དང་། དེ་བཞིན་རྩོམ་པའི་རྒྱུ་དྲུག་དང་། རྩོམ་པ་པོར་ལྡན་དགོས་པའི་ཡོན་ཏན་བཞི། བསྟན་བཅོས་རྩོམ་པའི་ཡན་ལག་ལྔ་སོགས་ཀྱང་མ་ཤེས་ཐབས་མེད་ལ་སོང་འདིར་ཞིབ་ཏུ་འགོད་པར་བྱ་བ་ལ། དང་པོ།བསྟན་བཅོས་ཀྱི་ངེས་ཚིག་གམ་སྒྲ་བཤད་ནི།

ལེགས་སྦྱར་གྱི་སྐད་དུ་ཤཱསྟྲ་ཞེས་པ་ཤཱ་ས་ན་འཆོས་པ་སྟེ། རྒྱུ་ཉོན་མོངས་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏྲ་ཡ་སྐྱོབ་པ་སྟེ། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་རྗོད་བྱེད་རྣམ་དག་ལ་བསྟན་བཅོས་ཞེས་སུ་གྲགས་པ་སྟེ། ཆོས་རྗེ་ས་སྐྱ་པཎྜི་ཏས་ (1182-1251) མཛད་པའི་ཆོས་འབྱུང་ཆེན་མོ་ལས[1]། བསྟན་བཅོས་ལ་སྒྲ་བཤད་ནི། ཤསྟྲ་ཞེས་པ་ཤ་ཤ་ས་ལ་འཆོས་པ་དང་། ཏྲ་ཏྲ་ཡ་ན་སྐྱོབ་པ་ཡིན་པས། སློབ་མའི་བློ་ཉོན་མོངས་པའི་དགྲ་ལས་འཆོས་ཤིང་། ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ། (སློབ་དཔོན་བྱིག་གཉེན་ 400-480 གྱི་) རྣམ་བཤད་རིགས་པ་ལས[2]།

ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །

ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །

འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་འཆོས་ཏེ། །

གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །

ཅེས་ནང་པའི་བསྟན་བཅོས་ནི་འཆོས་པ་དང་། སྐྱོབ་པའི་ཕན་ཡོན་གཉིས་དང་ལྡན་པར་གསུངས་ལ། བསྟན་བཅོས་ཀྱི་སྒྲ་བཤད་ཀྱང་། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[3]། ཅིའི་ཕྱིར་བསྟན་བཅོས་ཞེས་བྱ་ཞེ་ན། སློབ་མའི་རྒྱུད་འཆོས་པའི་ཕྱིར་ཏེ། དེ་ཡང་སློབ་མའི་རྒྱུད་ལ་བསླབ་པ་གསུམ་བསྐྱེད་ནས་ལུས་ངག་ཡིད་གསུམ་མི་རུང་བ་ལས་བཟློག་པ་དང་། རུང་བའི་ལས་ལ་འཇུག་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་འདུལ་བའི་རྒྱན་གྱུར་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ཕུང་པོ་ལྔའི་རྣམ་པར་འགྲེལ་པ་ཡེ་ཤེས་སྡེའི་འགྱུར་ལས[4]། འདིར་བསྟན་བཅོས་སུ་འདོད་པ་གང་ཞེ་ན། དེའི་དོན་གྱི་ཡི་གེའི་རྣམ་པ་དང་། སྒྲའི་སྤྱི་སྟེ་མི་ལྡན་པའི་འདུ་བྱེད་དང་སྦྱར་རོ། །ངེས་པའི་ཚིག་གི་ཚུལ་དུ་ན་ཉོན་མོངས་པའི་དགྲ་འཆོས་པ་དང་། ངན་འགྲོ་དང་། སྲིད་པའི་འཇིག་པ་ལས་སྐྱོབ་པའི་ཕྱིར་བསྟན་བཅོས་ཏེ། དེ་ལྟ་ཡིན་པས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་རབ་ཏུ་བསྟན་པར་འགྱུར་རོ། །ཞེས་བརྗོད་པར་འགྱུར་རོ། །ངན་འགྲོ་ལས་སྐྱོབ་པས་ནི། མངོན་པར་མཐོ་བ་རབ་ཏུ་བསྟན་པར་འགྱུར་རོ། །ཉོན་མོངས་པའི་དགྲ་བཅོམ་པ་དང་། སྲིད་པ་ལས་སྐྱོབ་པས་ནི་ངེས་པར་ལེགས་པ་རབ་ཏུ་བསྟན་པར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་།

ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །

ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་ཏེ། །

འཆོས་སྐྱོབ་ཡོན་ཏན་ཕྱིར་ཡང་བསྟན་བཅོས་ཏེ། །

གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །[5]

ཅེས་བརྗོད་པ་ལྟ་བུའོ། །ཞེས་རྣམ་བཤད་རིགས་པའི་ལུང་དང་མཐུན་པ་འདུག་པ་དབྱིག་གཉེན་གྱིས་འཕགས་པ་ལྷའི་གསུང་འདྲེན་པ་མཛད་དམ། ཕྱི་མ་འདི་འགྱུར་དང་ཡི་གེའི་སྐྱོན་གང་རུང་ཡིན་ནམ་སྙམ་པ་ལྟར་བཀའ་དང་བསྟན་བཅོས་མི་འགལ་བར་བསྟན་པ་དང་།[6] ཡང་ན་བསྟན་བཅོས་ཀྱི་ངེས་ཚིག་ནི། རྣམ་རྟོག་སེལ་བ་དང་། ངར་འཛིན་འཆོས་པ་སྟེ། (སློབ་དཔོན་ཟླ་བ་གྲགས་པས་ (c.600-650) མཛད་པའི་) བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་ལས[7]།

བཞི་སྒྲ་མི་མངོན་བྱས་པ་དང་། །རྟོག་རྣམས་སེལ་བར་བྱེད་པའི་ཕྱིར། །

བརྒྱ་པ་ཞེས་བྱར་བརྗོད་པ་སྟེ། །འཛིན་པ་འཆོས་ཕྱིར་བསྟན་བཅོས་[8]སོ། །

ཞེས་སོ། །དེ་བཀའ་ལའང་ཡོད་མོད་ཀྱི་སྒྲ་བཤད་ལ་ཁྱབ་ཆེས་སྐྱོན་མ་ཡིན་ནོ། །དེའི་མཚན་གཞི་ནི་སངས་རྒྱས་བཞུགས་པ་དང་། འདས་པ་ན་ཡང་རུང་གང་ཟག་དམ་པས་བཀའི་དགོངས་པ་འགྲེལ་བ་སྟེ། (ཞི་བ་ལྷའི་) སྤྱོད་འཇུག་ལྟ་བུའོ། །ཁ་ཅིག་སངས་རྒྱས་འདས་ནས་བྱས་པ་རྣམས་བསྟན་བཅོས་སོ། །ཞེས་པ་ནི་རྗེས་སུ་གནང་བའི་བཀའ་ལ་ཁྱབ་ཆེས་ཤིང་། ཐུབ་པ་བཞུགས་དུས་སུ་མཛད་པའི་ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། ཞེས་པ་ལ་སོགས་པ་མངོན་པ་སྡེ་བདུན་ལ་མ་ཁྱབ་བོ། །ཞེས་གསུངས་པ་ལྟར། གང་བརྩམས་པར་བྱ་བ་དེ་དག་རྒྱལ་བའི་བཀའ་དང་འགལ་མི་རུང་སྟེ། བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བར་བྱེད་པ་དང་། འཁོར་བ་ངན་འགྲོའི་སྡུག་བསྔལ་ལས་སྐྱོབ་པར་བྱེད་ལ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པའི་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟན་བཅོས་ཞེས་གྲགས་ལ། ཁྱད་ཆོས་འདི་དག་ནང་པའི་བསྟན་བཅོས་ལས་གཞན་གྱི་ལུགས་ལ་མེད་པར་གསུངས་སོ།།

དེ་བཞིན་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[9]། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། དེ་ཡང་།

སངས་རྒྱས་མྱ་ངན་འདས་འོག་ཏུ། །ང་འམ་ང་འདྲ་དག་གིས་ནི། །

དེ་ཡི་དགོངས་པ་འགྲེལ་བྱེད་པ། །དེ་ནི་བསྟན་བཅོས་ཞེས་སུ་བཤད། །[10]

ཅེས་གསུངས་པ་ལྟར། ནང་པའི་བསྟན་བཅོས་དག་གི་ཁུངས་གཏུགས་ས་ནི་རྒྱལ་བའི་བཀའ་ཡིན་ལ། བསྟན་བཅོས་ནི་བཀའི་དགོངས་འགྲེལ་ཡིན་པར་གསུངས་ཤིང་། དེ་ལྟའི་མཚན་ཉིད་ལྡན་པའི་ནང་བསྟན་གྱི་བསྟན་བཅོས་ཐོག་མ་ནི། སྔོན་བྱོན་ལོ་པཎ་རྣམས་ཀྱིས་ (དུས་རབས་8པ།) བསྒྲིགས་པའི་དཀར་ཆག་འཕང་ཐང་མ་ལས[11]། ཆོས་མངོན་པ་སྡེ་བདུན་ནི།

ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོ་དགལ་བུས། །

ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །

ཡེ་ཤེས་ལ་འཇུག་ཀ་ཏའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །

ཡང་དག་འགྲོ་བའི་རྣམ་གྲངས་ནི། །བསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །

ཞེས་བྱུང་བ་ལྟར། མངོན་པ་སྡེ་བདུན་རྣམས་ནང་བསྟན་བསྟན་བཅོས་ཀྱི་ཐོག་མ་ཡིན་པར་གྲག །འོན་ཀྱང་འདི་ལ་དཔྱད་གཞི་མང་དུ་སྣང་ཡང་སྐབས་སུ་མ་བབས་པས་མ་སྤྲོས་སོ།།

དེ་བཞིན་བསྟན་བཅོས་ཀྱི་དོན་དགུ་དང་། བསྟན་བཅོས་བྱུང་བའི་ལོ་རྒྱུས། བསྟན་བཅོས་ཀྱི་ཐོག་མ་གང་ཡིན་བཅས་ནི། ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) ཡར་ཀླུང་ཤེལ་བྲག་ནས་གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[12]། བཀའ་ལ་སྔ་བ་ཤིས་པར་བརྗོད། །འཕྱི་བ་མྱ་ངན་འདས་མདོ་འོ། །ཡོན་ཏན་ཉོན་མོངས་འཇོམས་ཤིང་དུ། །ཤེས་པ་འདྲེན་ཅིང་དོན་ལ་སྦྱོར། །འབྱུང་རྒྱུ་ཕུན་སུམ་ཚོགས་པ་ལྔ། །བཀའ་ཡི་དོན་རྣམས་བསྟན་པའོ། །བསྟན་བཅོས་ལ་ཡང་དོན་དགུ་སྟེ། །དུས་དང་ལོ་རྒྱུས་ངོ་བོ་དང་། །ངེས་ཚིག་དབྱེ་བ་རྩོམ་པའི་རྒྱུ། །ལྡང་ཚད་དགོས་པ་བཤད་ཐབས་སོ།།

བསྟན་བཅོས་བྱུང་བའི་ལོ་རྒྱུས་ནི། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་དེས། །དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས། །དེ་ནས་རྩྭ་མཆོག་གྲོང་ཁྱེར་གྱི། །སཱ་ལའི་ཤིང་གི་དྲུང་དུ་ནི། །ཚེས་བརྒྱད་ནམ་གུང་སྟོན་པ་འདས། །པུར་སྒྲོམ་ཞག་བདུན་བགེགས་ཞུགས་ནས། །མ་བཅུག་བར་དུ་མ་བཏུབ་པར། །ཀི་ལཱ་ཡ་ཡི་རྒྱུན་པ་བཙུགས། །འོད་སྲུངས་བྱོན་ནས་ཞབས་ནི་བསྟེན། །དབྱར་ཟླ་ར་བའི་བཅོ་ལྔ་ལ། །ཐུགས་ནས་ཡེ་ཤེས་མེ་འབར་ནས། །སྐུ་ནི་མྱ་ངན་འདས་ཚུལ་བསྟན། །སེམས་ཅན་མོས་རྟེན་སྐུ་གདུང་བཞག །སྐུ་གདུང་ཆ་བརྒྱད་བགོས་ནས་ནི། །ང་ཡི་ཚབ་ནི་ལོ་བརྒྱད་པ། །ལོན་པའི་ཚད་འདིས་གྱིས་ཤིག་གསུངས། །སྐུ་ཚད་བཞེངས་པར་ཁ་མ་འཆམ། །ལོ་བརྒྱད་སུས་ཀྱང་མ་ཤེས་ནས། །སེར་སྐྱར་རྒན་མོ་ལ་དྲིས་པས། །སེར་སྐྱའི་སྒོ་སྐྱེད་དང་མཉམ་ཟེར། །དེ་ཙམ་པ་ཞིག་བྱས་པའོ། །ཀླུ་དང་གཏེར་དང་རྒྱ་ནག་དང་། །སྲོང་བཙན་སྒམ་པོའི་ར་ས་དང་། །དེ་ཡི་བསྟན་པ་གནས་བྱའི་ཕྱིར། །དགྲ་བཅོམ་ཆོས་ཀྱི་སྤྱན་ལྡན་ཚོགས། །བཀའ་ཡི་བསྡུ་བ་གསུམ་དུ་མཛད། །བསྡུ་བ་དང་པོ་ཕྱི་དེའི་དབྱར། །ཨ་སུ་ར་ཡི་བྲག་ཕྲག་ཏུ། །ཉེ་བ་འཁོར་གྱིས་འདུལ་བ་བསྡུས། །ཀུན་དགའ་བོ་ཡིས་མདོ་སྡེ་བསྡུས། །འོད་སྲུངས་བགྲེས་པོས་མངོན་པ་བསྡུས། །འདུས་པ་དགྲ་བཅོམ་ལྔ་བརྒྱ་ཡོད། །སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ། །བསྡུ་བ་བར་པ་ཡངས་པ་ཅན། །སུ་མ་པུ་རིའི་གཙུག་ལག་ཁང་། །དུས་ནི་བརྒྱ་དང་བཅུ་ཙམ་ན། །བསྡུ་བ་པོ་ནི་ཟླ་སྒུར་སོགས། །གསོལ་འདེབས་པ་ནི་གྲགས་པ་སྟེ། །འདུས་པ་དགྲ་བཅོམ་བདུན་བརྒྱའོ། །སྦྱིན་བདག་རྒྱལ་པོ་ཨ་ཤོ་ཀ །བསྡུ་བ་གསུམ་པ་ཁ་ཆེའི་ཡུལ། །ཛཱ་ལནྡྷ་རའི་ཀུན་དགའ་རར། །བྱང་སེམས་བྷ་སུ་མི་ཏྲ་དང་། །དགྲ་བཅོམ་པཱུརྞ་ཀ་ཡིས་བསྡུས། །གསོལ་འདེབས་པ་དང་སྦྱིན་བདག་ནི། །གཉིས་ཀ་རྒྱལ་པོ་ཀ་ནི་ཀ །འདུས་པ་དགྲ་བཅོམ་ལྔ་བརྒྱ་དང་། །སོ་སོ་སྐྱེ་བོ་ཁྲི་དྲུག་སྟོང་།།

བསྟན་བཅོས་བྱུང་བའི་དུས་ཚོད་ནི། །བཀའ་བསྡུ་དང་པོ་བར་པའི་དུས། །དགྲ་བཅོམ་པ་ནི་ལྔ་བརྒྱ་ཡིས། །བཀའ་ནི་དང་པོ་གཏན་དབབ་ཕྱིར། །བྱེ་བྲག་བཤད་མཛོད་ཆེན་མོ་ཞེས། །བམ་པོ་སུམ་བརྒྱ་པ་གཅིག་མཛད། །ཅེས་སོགས་གསལ་བ་ལྟར། དུས་དང་། ལོ་རྒྱུས། ངོ་བོ། ངེས་ཚིག །དབྱེ་བ། རྩོམ་པའི་རྒྱུ། ལྡང་ཚད། དགོས་པ། བཤད་ཐབས་བཅས་བསྟན་བཅོས་ཀྱི་དོན་དགུ་དང་། བསྟན་བཅོས་ཀྱི་ཐོག་མ་ནི་བྱེ་བྲག་བཤད་མཛོད་ཆེན་མོ་ཡིན་པར་གསུངས་ཀྱང་། དེར་ཡང་བསྟན་བཅོས་གཞན་གྱི་ལུང་དྲངས་ཡོད་པས་དཔྱད་དགོས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༤

[2] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཤི༽ དེབ་ཨང་ ༧༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༠༤

[3] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཙ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༧༨

[4] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼སི༽ དེབ་ཨང་ ༧༧ པ། ༢༠༠༨ ལོ། ཤོག་གྲངས་ ༦༧༡

[5] ཡོངས་གྲགས་ཚིགས་བཅད་འདི་ཉིད་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་བཤད་རིགས་པའི་གཞུང་ཚིག་ཏུ་བཞེད་ཀྱང་། འདིར་སློབ་དཔོན་འཕགས་པ་ལྷས་ཀྱང་། ཞེས་གསུངས་པས་དཔྱད་དགོས་པ་ཞིག་གོ།

[6] གསོ་རིག་སྨན་གྱི་ཁོག་འབུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༨༣

[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༡༠

[8] ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་བཀའ་དང་བསྟན་བཅོས་ཞེས་པའི་ཐ་སྙད་ཐོག་མ་ནི་མདོ་རང་ལས་བྱུང་ངོ་།།

[9] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༡༣༣

[10] ཚིགས་བཅད་འདི་ཉིད་མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་གང་གི་ཚིག་ཡིན་མིན་མ་རྙེད་དོ།།

[11] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༧

[12] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༣༨༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *