ལེའུ་ལྔ་པ། ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད།

ལེའུ་ལྔ་པ། ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད།

ཀ༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད།

༼ནཱ་ལེནྡྲའི་དགོན་ཤུལ་གྱི་ས་ཁྲ། དམར་ཐིག་ནང་ངོས་རྣམས་དཔལ་ན་ལེནྡྲ་རེད།༽ (UNESCO)

 

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[1]།

རྒྱ་ཁྱོན་ཁོར་ཡུག་དཔག་ཚད་ཀྱིས་གཞལ་བར། །སངས་རྒྱས་བྱང་སེམས་བཞུགས་པའི་གཙུག་ལག་ཁང་། །

ཁྱམས་དང་ཀུན་དགའ་ར་བ་[2]ཆོས་ཁྲི་སོགས། །ངོ་མཚར་བསམ་པའི་བློ་ལས་འདས་ཕྱག་འཚལ། །

ཞེས་བསྔགས་པ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རྒྱ་ཁྱོན་དང་། བཟོ་དབྱིབས་བཀོད་པ་ཇི་ལྟ་བུ་ཞིག་ཡོད་པ་ནི། རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[3]། གཙུག་ལག་ཁང་གི་ཕྱི་ནང་གི་བཀོད་པ་དང་། བཞེངས་སྐྲུན་མཛེས་ཉམས་ཀྱིས་གཡས་གཡོན་གྱི་དགོན་སྡེ་ཀུན་ཟིལ་གྱིས་མནན་ཏེ། དེང་གི་ཆར་ནུབ་ཕྱོགས་འཕགས་ཡུལ་དུ་ཟླ་མེད་ལྟར་གནས། གཙུག་ལག་ཁང་འདིའི་ཕྱི་ནང་གི་མཚར་ལ་སྡུག་པའི་བཀོད་པ་ཀུན་བརྗོད་ཡུལ་ལས་འདས་མོད། དབང་ཡུལ་དུ་གྱུར་པའི་སྙིང་རུས་ཆེར་བསྐྱེད་ཀྱིས་རགས་ཙམ་བཀོད་ཚེ། ངོ་མཚར་ལྟ་ན་སྡུག་པའི་ཆོས་སྡེ་ཆེན་པོ་འདིའི་ཕྱིའི་དབྱིབས་ནི་མཁར་གྲོང་གྲུ་བཞི་མ་ཞིག་དང་ཀུན་ནས་མཚུངས། ཟུར་བཞིའི་བྱ་སྐྱིབས་རྣམས་དྲང་ཐད་དུ་བསྲིངས་ཏེ་དཔངས་མཐོ་བའི་མཁར་གྱང་གིས་ཕྱི་ར་ཡོངས་སུ་བསྐོར། སྲང་ལམ་རིང་མོའི་གཡས་གཡོས་གྱི་ཁང་བརྩེགས་ཀུན་ས་ཕག་གིས་བརྩིགས་པ་ཁོ་ནའོ།།

ཁང་པ་ནི་ཐོག་བརྩེགས་གསུམ་ཅན་ཏེ། ཐོག་བརྩེགས་རེ་རེའི་མཐོ་ཚད་ལ་ཀྲང་[4]གཅིག་ལྷག་ཙམ། ཁང་པའི་ནང་དུ་གདུང་ལྕམ་འཕྲེད་ཀྱིས་འཕངས་ཡོད་པ་དང་། གནམ་གཅལ་སྟེང་དུ་སོ་ཕག་བསྒྲིགས་ཡོད་པ་ལས་རྒྱན་རིས་སོགས་ཅི་ཡང་མི་འདུག །གཙུག་ལག་ཁང་གི་ཕྱི་རོལ་ཏུ་མི་གཅིག་ལྷག་ཙམ་ལྷོད་གཡེང་གིས་འགྲོ་ཐུབ་པའི་སྐོར་ལམ་ཡོད་པ་དང་། གཙུག་ལག་ཁང་གི་ལྟག་རྒྱབ་ནི་མཐོ་ཞིང་གཟར་བའི་ཕྱི་ར་དང་། ཕྱི་རའི་མཐོ་ཚད་ལ་ཀྲང་གསུམ་ནས་བཞི་ལྷག་ཙམ། མཁར་གྱང་སྟེང་དུ་ཆེ་ཆུང་མིའི་གཟུགས་བོངས་ཙམ་གྱི་འཇིམ་བཟོ་སྣ་ཚོགས་ཀྱིས་བརྒྱན་པ། ཚོགས་ཁང་གི་ཟུར་རེ་རེར་གྲྭ་ཤག་དགུ་རེ་ཡོད་པ་དང་། གྲྭ་ཤག་རེ་རེའི་ཆེ་ཆུང་ནི་ཧྥང་ཀྲང་ (ཧྥེ་ཁྲི་གྲུ་བཞི་མ་བརྒྱ་ལྷག་ཙམ།) གཅིག་རེད། ཁང་པའི་རྒྱབ་ལོགས་ཀྱི་རྩིག་ངོས་སུ་ཡོད་པའི་སྒེའུ་ཁུང་ཕྱི་རོལ་གྱི་བྱ་སྐྱིབས་ལ་གཏད་དེ་ཕུབས་འདུག །གྲྭ་ཤག་གི་སྒོ་ནི་ཁེར་སྒོ་ཅན་མཐོ་ཞིང་བརྗིད་པ། སྒོ་ཡོལ་བཀལ་མི་ཆོག་པས་ཁང་པའི་ནང་ནས་གྲྭ་ཤག་གཞན་རྣམས་མཐོང་བ་དང་། སྒོའི་ཕྱི་རོལ་ཏུ་ཐོན་ཚེ་ཕྱོགས་བཞིའི་གྲྭ་ཤག་རྣམས་དེ་བས་དགེ་འདུན་པ་རྣམས་ཀྱིས་སྦ་གསང་བྱེད་དགོས་པ་ནམ་ཡང་བྱེད་པར་མི་འགྱུར་ཏེ། ཟུར་གཅིག་ནས་ཟུར་གཞན་ཀུན་གསལ་བར་མཐོང་ནུས་པས་སོ།།

གཙུག་ལག་ཁང་གི་ཡང་སྟེང་གི་ཟུར་བཞི་ཀར་རྒྱུ་ཆ་སོ་ཕག་ལས་གྲུབ་པའི་ཚོགས་ཁང་ཆེན་པོ་རེ་ཡོད་པ་དང་། མཁས་གྲུབ་པཎ་ཆེན་རྣམས་དེ་སྔོན་ཚོགས་ཁང་དེར་བཞུགས་པར་བཤད། གཙུག་ལག་ཁང་དེའི་སྒོ་ཆེན་གྱི་ཁ་ནུབ་ཕྱོགས་སུ་འཁོར་ཡོད་པ་དང་། སྒོ་འཆོར་ཡངས་ཤིང་སྒོ་གཅལ་སྟེང་དུ་རི་མོ་སྣ་ཚོགས་ཀྱིས་བརྒྱན་པ། ལྡེབས་ངོས་ཀྱི་བྲིས་རིས་དང་། འབུར་བརྐོས་རི་མོ་རྣམས་མཛེས་རྩལ་གྱིས་ཕྱུག་པར་མ་ཟད། གསོན་ཉམས་དོད་པས་མིའི་དང་བ་ཅིག་ཅར་དུ་འདྲེན། སྒོ་ཆེན་གྱི་སྒོ་ལོགས་གྲྭ་ཤག་དང་མཐུད་ཡོད་པ་དང་། གྲྭ་ཤག་སོ་སོར་ཡང་སྒོ་ཆུང་ཆུང་རེ་ཡོད། སྒོ་འཆོར་འོག་ནས་མདུན་ཕྱོགས་སུ་གོམ་པ་གཉིས་ཙམ་གྱི་སར་ཀ་བ་ཆེན་པོ་བཞི་གྱེན་དུ་བསླངས་འདུག །ཕྱི་སྒོ་དེ་ཙམ་ཆེན་པོ་མེད་ནའང་བརྟན་ཅིང་བབ་ཆགས་ཅན་ཞིག་ཏུ་གདའ།

༼དཔལ་ནཱ་ལེནྡྲའི་གནའ་ཤུལ་ལས་བརྐོས་རིས་ཅན་གྱི་རྡོའི་ཀ་བ།༽

ཉིན་རྒྱུན་དགེ་འདུན་གྱི་གསོལ་ཚིགས་སྐབས་དུས་མ་ཡིན་པའི་བགེགས་རིགས་དང་བར་ཆད་བཟློག་ཕྱིར་ཕྱི་སྒོ་དམ་པོར་རྒྱག་པར་བྱེད། གཙུག་ལག་ཁང་གི་ཁྱམས་རའི་རྒྱ་ཁྱོན་ལ་གོམ་གྲངས་སུམ་ཅུ་ལྷག་ཙམ་[5]ཡོད་པ་དང་། ར་བའི་མཐིལ་ཡོངས་སུ་སོ་ཕག་ཚགས་དམ་པོར་བསྒྲིགས་འདུག །སོ་ཕག་གི་ཚགས་བར་ཆུང་ཤོས་ལའང་ཚུན་ལྔ་ནས་བཅུ་ཙམ་ཡོད། གཙུག་ལག་ཁང་གི་ཁྱམས་ར་དང་ཁྱམས་རའི་རྒྱབ་མདུན་གྱི་རྩིག་ལྡེབས་ངོས་སུ་རྒྱན་རིས་སྣ་ཚོགས་ཀྱིས་སྤྲས་ཏེ་བལྟས་པ་ཙམ་གྱིས་བྲིས་ཐང་ཆེན་མོ་ཞིག་དང་མཚུངས། རྒྱན་རིས་རིགས་ཁ་ཤས་ནི་ཁམ་འབྲས་ནང་སྙིང་ལྟ་བུའི་རྡོ་ཟེགས་དང་ཨར་འདམ་གྱི་བྱེ་ཁུ་གཉིས་བསྲེས་ཏེ་རྩིག་ངོས་སུ་སྦྱར་བ་དང་། དེ་དག་འབུར་གཟུགས་སུ་བཏོད་འདུག་པ་ཤིན་ཏུ་ནས་ལྟ་ན་སྡུག།

རྒྱན་རིས་འདི་དག་གྲུབ་ཚུལ་ནི། ཐོག་མར་ཨར་འདམ་སྤྱད་དེ་སོ་ཕག་དང་རྡེའུ་རྣམས་གོ་རིམ་བཞིན་རྩིག་ངོས་དང་ཁྱམས་རའི་མཐིལ་རྣམས་སུ་སྦྱར་བ་དང་། དེའི་རྗེས་སུ་ཨར་འདམ་དང་ས། སྣུམ་ཁུ། སྒྲོ་སྤུ་སོགས་བསྡེབས་ཏེ་ཆུར་སྦངས་ནས་ཉིན་གྲངས་མང་པོ་འཇོག་དགོས། ཕྱིས་སུ་སྡེབ་ཁུ་དེ་ཉིད་རྩིག་ངོས་དང་རྡོ་གཅལ་སྟེང་དུ་ཆ་སྙོམས་པོར་བྱུགས། སྟེང་དུ་སྔོ་རྩྭ་གཡོགས་ཏེ་ཉིན་གྲངས་གསུམ་ལྷག་ཙམ་གྱི་རིང་བསིལ་སྐམ་དུ་གཏོང་དགོས། བསིལ་སྐམ་དུ་སོང་རྗེས་བརྡར་རྡོ་སྤྱད་དེ་འཇམ་བརྡར་བྱེད་དགོས་པ་དང་། དེའི་སྟེང་དུ་ས་རྩི་དམར་པོ་དང་ལི་ཁྲི་བྱུགས། དེའི་སྟེང་དུ་བསྐྱར་དུ་སྣུམ་ཁུ་བྱུགས་པ་ན་རྩིག་ངོས་དང་རྡོ་གཅལ་རྣམས་མེ་ལོང་དང་མཚུངས་པར་གྱུར། ཚོགས་ཁང་གི་སྐས་འཛེགས་རྣམས་ཀྱང་འདི་ལྟར་བཟོས་པ་ཤ་སྟག་ཏུ་སྣང་། བཞེངས་བསྐྲུན་གྱི་རིམ་པ་རྣམས་འདི་ལྟར་གྲུབ་རྗེས་སྟེང་དུ་ཇི་ལྟར་བརྫིས་ཀྱང་བཤིག་པར་མི་འགྱུར་བར་ལོ་ངོ་ཉི་ཤུའི་རྗེས་སུ་ཡང་ཧ་ཅང་སྲ་བརྟན་དུ་གནས། སྟེང་དུ་ཨར་འདམ་མེད་ཚེ་ཁ་དོག་ཡལ་བར་ངེས།

གོང་གི་བཟོ་བཀོད་འདི་དང་གཅིག་མཚུངས་ཡིན་པའི་གཙུག་ལག་ཁང་བརྒྱད་ཡོད་པ་དང་། གཙུག་ལག་ཁང་འདི་རྣམས་ཀྱི་ཕྱི་ནང་གི་བཀོད་པ་ཀུན་མཚུངས་པར་སྣང་། ཁང་ཀླད་ཀྱང་ཕན་ཚུན་སྦྲེལ་འདུག་པས་ཡངས་ཤིང་ཆེ། གཙུག་ལག་ཁང་གི་ཤར་ངོས་སུ་ཡོད་པའི་ལྷ་ཁང་གསུམ་ཙམ་གྱི་ནང་དུ་སྟོན་པའི་སྐུ་བརྙན་བཞུགས་ཡོད་པ་དང་། ཁང་པའི་ཡང་སྟེང་ནས་བལྟས་ཚེ་གཙུག་ལག་ཁང་གི་མདུན་རྒྱབ་སོགས་སྐུ་བརྙན་ཆེ་ཆུང་སྣ་ཚོགས་ཀྱིས་བསྐོར་ནས་ཡོད་པ་མཐོང་ནུས།

གཙུག་ལག་ཁང་གི་ནུབ་ཕྱོགས་ (དཔར་གཞི་འགར་ལྷོ་ནུབ་ཅེས་ཀྱང་འཁོད་འདུག)  ཀྱི་ར་བའི་ཕྱི་རོལ་ཏུ་སྐུ་གདུང་མཆོད་རྟེན་ཆེ་ཆུང་སྣ་ཚོགས་གྲངས་བརྒྱ་ཚར་ལོངས་པ། གཞན་བྱིན་རྟེན་རྩ་ཆེན་གྱི་རིགས་བགྲང་གིས་མི་ལང་བ་ཡོད། དེ་དག་གི་སྟེང་དུ་གསེར་དངུལ་སོགས་རིན་པོ་ཆེའི་རིགས་སྣ་མང་གིས་ཕྲ་བཏབ་ཅིང་། ངོ་མཚར་ལྟ་ན་སྡུག་པས་འདི་ལྟའི་ཁྱད་དུ་འཕགས་པའི་བཟོ་བཀོད་གཅིག་སྲིད་འདིར་དཀོན་ཚོད་དུ་གདའ། ཞེས་གསུངས་སོ།།

དེ་ལྟར་རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཁྱམས་ར་དང་ཁྱམས་རའི་རྒྱབ་མདུན་གྱི་རྩིག་ལྡེབས་ངོས་སུ་རྒྱན་རིས་སྣ་ཚོགས་ཀྱིས་སྤྲས་ཏེ་བལྟས་པ་ཙམ་གྱིས་བྲིས་ཐང་ཆེན་མོ་ཞིག་དང་མཚུངས་ཚུལ་གསལ་བ་ལྟར། སྔོན་དུས་འཕགས་ཡུལ་གྱི་ནང་བསྟན་གཙུག་ལག་ཁང་ཆེན་པོ་བདག་གི་རི་མོའི་ཁྱད་པར་ཇི་ལྟ་བུ་ཡོད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། གཙུག་ལག་ཁང་གི་རི་མོའི་ཁྱད་པར་བཅུ་དགུ་ནི། གཙུག་ལག་ཁང་གི་ཁྱམས་སུ་སྟོན་པའི་སྐྱེས་རབས། དཔོན་པོའི་ཁང་པར་ཤཱ་རིའི་བུ་སོགས་བྲི་བ། དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ཕྲེང་ཐོགས། མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་མྱུ་གུ་ཐོགས་པ། ཟས་ཀྱི་ཁང་པར་གནོད་སྦྱིན་ལག་ན་བཅའ་བ་ཐོགས་པ། བསྲོ་ཁང་དུ་གནོད་སྦྱིན་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ། མེའི་ཁང་པར་ཁྲུས་བུམ་མེ་སྦར་བྱེད་པ་སོགས་དང་། ཆུའི་ཁང་པར་ཀླུའི་བུ་མོ་ལག་ན་བུམ་པ་ཐོགས་པ། ནད་པའི་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པ། བཤང་གཅིའི་སྐྱབས་སུ་དུར་ཁྲོད་དང་མགོ་ཐོད་སོགས། སྒོ་ཁང་གི་ཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་བདུད་བཅོམ་པ་སོགས་བྲི་བ། སྒོར་སྲིན་པོའི་གཟུགས་ཀྱི་ལྟོ་བར་འཁོར་བའི་ཆ་ལྔ་པ་བྲི་བ། སྟེང་དུ་བཞིན་གཤེགས་པའི་སྐུ་གཟུགས། འོག་ཏུ་བརྩམས་པར་བྱ་ཞིང་དབྱུང་བྱ་[7]ཞེས་སོགས་བྲི་བ། གཞན་ཡང་གཙུག་ལག་ཁང་གི་ཕྱོགས་ཕྱོགས་སུ་རྒྱལ་མཚན་རྣམ་བཞི་དང་། བ་དན། རོལ་མོའི་ཆ་བྱད་སྣ་ཚོགས། མཆོད་པའི་ཡོ་བྱད་དུ་མས་བརྒྱན་པར་བྱ་བའོ། །ཞེས་གསལ་བ་ལྟར་རོ།།

དེ་བཞིན་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ (1870/1871-1921/1922) མཛད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མདའ་བསྣུན་ཞབས་ཀྱི་རྣམ་པར་ཐར་པ་ལ་བསྔགས་པ་བརྗོད་པའི་ཚིགས་སུ་བཅད་པ་ཨེ་ཝཾ་ཕྱག་རྒྱའི་ཟློས་གར་བདེ་ཆེན་བཞད་པའི་གླུ་དབྱངས་ལས[8]།

ངོ་མཚར་ལས་ཀྱང་ངོ་མཚར་བའི། །བཀོད་པ་ཤིན་ཏུ་མཛེས་པ་ཅན། །

ནཱ་ལེནྡྲ་ཡི་གཙུག་ལག་ཁང་། །འཇིག་རྟེན་མཛེས་པའི་དཔལ་གྱུར་པ། །

ཞེས་གསུངས་པ་ལྟར། གཞུང་བརྒྱ་བགྲོ་བའི་བསྟི་གནས་ཆེན་པོ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་དབྱིབས་བཀོད་པ་དང་། ལྷག་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཇི་ལྟ་བུ་ཞིག་ཡོད་པ་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[9]། དགོན་པའི་ཕྱི་སོ་ཕག་གི་ར་བ་སྒོ་ཆེན་གཅིག་ཡོད་པ་ཞིག་གིས་བསྐོར། གཙུག་ལག་ཁང་བརྒྱད་པོ་གཅིག་ནས་གཅིག་བརྒྱུད་དེ་བགྲོད་ནུས། དབུས་ན་གཙང་ཁང་རྣམས་ཀྱི་རྩེ་མོ་ནམ་མཁའ་ལ་སྙེགས་པའི་གློ་ཀར་ནས་བལྟས་ན་སྤྲིན་ཡང་འོག་ན་བགྲོད་པ་སྙམ་བྱེད་སོགས་བྲིས།

ནལནྡཱའི་གཙུག་ལག་ཁང་འགའ་ཞིག་རྩེ་ཤིན་ཏུ་མཐོ་བ་ལོ་རྒྱུས་གཞན་མང་པོར་ཡང་འབྱུང་ཞིང་། ད་ལྟ་ཡང་ནུབ་ངོས་ཀྱི་གནྡྷོ་ལ་ཞིག་པོ་དེའི་རྩེ་ལ་འཛེགས་ཀྱང་ཧ་ལས་པ་ཡོང་། ཁང་ཆེན་གྱི་མཐའ་ནས་དགེ་འདུན་གྱི་བྲང་ཁང་རྣམས་ཐོག་སོ་བཞི་བཞི་བཅས་པས་བསྐོར་ཞིང་། ཀ་བ་དམར་པོ་མུ་ཏིག་ལྟར་འབར་བ་ལ་བསྐོས་རིས་སྣ་ཚོགས་པས་བརྒྱན་སོགས་གསུངས། ཞེས་དང་། ཡང་གཏམ་རྒྱུད་གསེར་ཐང་མ་ལས་[10]ཀྱང་། ལྷ་སའི་གཙུག་ལག་ཁང་བཞེངས་ཚེ། སྔགས་པ་རྣམས་དགའ་བའི་ཆེད་དུ་ཀ་བ་ཕུར་བུའི་དབྱིབས་སུ་བྱས། བོན་པོ་རྣམས་དགའ་བའི་ཆེད་དུ་ཟུར་བཞི་གཡུང་དྲུང་གི་རིས་སུ་བྱས་སོགས་བྲིས་མོད། ཆོས་བསྒྱུར་མ་ཐག་པ་ཞིག་ལ་སྔགས་པ་ཕུར་བུ་ལ་དགའ་མཁན་མང་པོ་ཞིག་ཡོད་མེད་ཀྱང་མི་ཤེས་ལ། ནཱ་ལེནྡྲ་ལ་སོགས་པའི་རྒྱ་གར་གྱི་གཙུག་ལག་ཁང་རྙིང་མ་ཀུན་གྱི་རྨང་གཞི་ཡང་གཡུང་དྲུང་གི་རིས་ཁོ་ན་ཞིག་ཏུ་སྣང་ཞིང་། ཀ་བ་ཡང་རྡོ་ལས་བྱས་པ་རྣམས་ཕུར་བུའི་དབྱིབས་སམ། རང་རེའི་ཇོ་ཁང་གི་ཀ་བ་དང་ཁྱད་ཡེ་མེད་ལ། དབྱིབས་དང་རྒྱན་གཅིག་པར་མ་ཟད། ཚད་ཀྱང་གཅིག་ཤུལ་དུ་གཅིག་འཛུགས་ནུས་པ་ཙམ་དུ་འདྲ་བས། བི་ཀྲ་མ་ཤི་ལའི་ལྷ་ཁང་ལ་དཔེ་བྱས་ནས་རྒྱལ་པོས་བཞེངས་ཞེས་ཐང་ཡིག་ལས་འབྱུང་བ་དེ་བདེན་པར་སེམས་སོ། །ཞེས་གསལ་བ་ལྟར་རོ།།

དེ་ལྟར་ལྷ་ལྡན་ར་ས་སྤྲུལ་པའི་གཙུག་ལག་ཁང་གི་བཟོ་བཀོད་ཇི་ལྟ་བུ་ཡོད་པ་ནི། དགོན་པའི་འཛུགས་སྐྲུན་ལས[11]། ད་ལྟའི་ལྷ་ལྡན་གཙུག་ལག་ཁང་ནི་ཐེངས་བཞིར་ཞིག་གསོ་དང་རྒྱས་སྐྲུན་བྱས་ཡོད་ལ། ལྷ་ཁང་གཙོ་བོའི་ཐོག་བརྩེགས་དང་པོ་དང་གཉིས་པའི་བཟོ་བཀོད་ཀྱི་ཐོག་ཏུ་གནའ་བོའི་བཟོ་བཀོད་ཀྱི་རྗེས་ཤུལ་ཡོད། བཟོ་བཀོད་དེ་ལ་རྒྱ་གར་གྱི་གྲྭ་ཤག་བཟོ་ལུགས་ཀྱི་ཤན་ཞུགས་ཡོད་པ་དང་། རྒྱ་གར་དུ་སྐད་གྲགས་ཆེ་བའི་དཔལ་ནཱ་ལེན་དྲའི་གྲྭ་ཤག་གི་བཟོ་བཀོད་དང་ཧ་ཅང་འདྲ་པོ་ཡོད། ཐོག་བརྩེགས་འདི་གཉིས་ཀྱི་བཟོ་བཀོད་སྒྲིག་གཞི་གྲུ་བཞི་ཡིན་ལ། སྒོ་ནུབ་ཏུ་གཏད་དེ་ཕྱི་ཕྱོགས་སོ་ཕག་དང་མཁར་གྱང་རྡོ་ལས་བྱས། ནང་གཞོགས་ཤིང་བཟོས་གཞི་སྒྲོམ་སོགས་ཀྱི་བཟོ་ལྟ་སྦྲེལ་བས་རང་ངོས་ཀྱི་བཟོ་བཀོད་ཅིག་གྲུབ་ཡོད། དེའི་ནང་གི་བརྩེགས་རིམ་དང་པོའི་མདུན་མཁར་གྱི་དཀྱིལ་དུ་འབུར་དོད་པའི་སྒོ་ར་ཡོད་ལ། སྒོ་རའི་དཀྱིལ་དུ་སྒོ་མཆོར་ཕྱེས་ཡོད། སྒོ་མཆོར་ནང་ལོགས་གཉིས་ཀྱི་ལྡེབས་ངོས་སུ་ལྷ་ཁང་ཆུང་བ་བཞི་བཞེངས་ཡོད། གཡས་གཡོན་དང་མདུན་རྒྱབ་ཀྱི་ལྡེབས་ངོས་ཀྱི་གཞོགས་རེ་རེར་ལྷ་ཁང་ཆུང་བ་ལྔ་རེར་བྱས་ཡོད། ལྷ་ཁང་གཙོ་བོ་ཅུང་ཆེ་ཞིང་། ལྷག་པར་དུ་རྒྱབ་ངོས་དང་ཤར་ངོས་ལྷ་ཁང་གཙོར་བྱས་པའི་རྒྱ་ཁྱོན་དེ་ནུབ་ངོས་ཀྱི་སྒོ་རའི་རྒྱ་ཁྱོན་དང་ཕལ་ཆེར་འདྲ་པོ་ཡིན། མཐའ་སྐོར་གྱི་ལྷ་ཁང་ཆུང་ངུ་དང་སྐར་ཁུངས་བར་འཁྱོག་ཁྱམས་བཞག་ནས་དད་གུས་བྱེད་པའི་སྐོར་ལམ་བཟོས་ཡོད་པ་དེས་ཤར་ནུབ་དང་ལྷོ་བྱང་གཉིས་ཕན་ཚུན་ཆ་འགྲིག་ཏུ་གྲུབ་ཡོད། དེའི་འཁྱོག་ཁྱམས་དང་སྐར་ཁུངས་ལ་བཟོ་སྟངས་གྲུ་བཞིའི་རྣམ་པ་འདུས་ཡོད། ལྷ་ཁང་གི་སྒོ་དང་འཁོག་ཁྱམས་ཀྱི་ཀ་བ། སྒོ་འགྲམ། སྒོ་ཀླད་སོགས་ལ་མཛེས་རྒྱན་ཉམས་དགའ་བ་བཏོད་ཡོད། བརྐོས་རིས་ཚང་མར་སྟོན་པའི་མཛད་པ་དང་རྟེན་འབྲེལ་ལྡན་པའི་གཏམ་རྒྱུད་ཡོད་ལ། མཁའ་འགྲོ་མ་དང་། གྱད་མི། སྤྲིན་རིས་སོགས་འབུར་བརྐོས་བྱས་ཡོད། འཁྱོག་ཁྱམས་ཀྱི་རྡོ་རྗེ་སེམས་དཔའི་བཟོ་སྟངས་ཧ་ཅང་ཐུན་མོང་མིན་པ་ཡིན། ཀ་བ་ལྡེབས་ངོས་གསུམ་དུ་བགོས་ནས་རྣམ་པ་མི་འདྲ་བའི་བཟོ་ལྟ་བྱས་ཡོད་ལ། ཀ་འགོ་འབུར་བརྐོས་དང་ཀ་རྟིང་གྲུ་བཞི། ཀ་སྐེད་ཟུར་བརྒྱད་དུ་བྱས་ནས་དེའི་ངོས་རེ་རེ་ཡང་གོང་འོག་གཉིས་སུ་བགོས་ནས་རྐོས་དཀྲོལ་དང་མཛེས་སྤྲོས། འཁྱུག་རིས་སོགས་ཀྱིས་བརྒྱན་ཡོད། གྲུ་བཞིའི་ངོས་སུ་རྐོས་དཀྲོལ་དང་མཛེས་སྤྲོས། མུ་ཏིག་དང་མེ་ཏོག་གི་ལོ་མས་བརྒྱན་ཡོད། ཟུར་བརྒྱད་ཀྱི་ངོས་ལ་རྐོས་དཀྲོལ་མཛེས་སྤྲོས་ཀྱི་རི་མོས་བརྒྱན་ཡོད། སྒོར་དབྱིབས་ངོས་སུ་རྐོས་དཀྲོལ་མཛེས་སྤྲོས་ཀྱི་པད་འདབ་བརྩེགས་མས་བརྒྱན་ཡོད། པད་འདབ་བརྩེགས་མའི་གོང་གི་གནམ་ཤིང་དེ་གཞུ་དབྱིབས་དང་འབྲེལ་ཞིང་། ཀ་བའི་བཀྱག་ཤིང་གི་སྣེ་གཉིས་ལ་མཁའ་འགྲོ་མ་དང་། སྲོག་ཆགས། མེ་ཏོག་དང་རྩི་ཤིང་སྣ་ཚོགས་བརྐོས་ནས་དཀྱིལ་ལ་མི་བརྐོས་ཡོད། བཀྱག་ཤིང་གི་རྩེ་མོ་གྲུ་བཞི་བྱས་ནས་ལྕམ་ཤིང་བྱས་ཡོད་ལ། ཡ་ཕིབས་ངོས་སུ་ཤིང་གི་སེངྒེ་ཚང་ཉལ་བརྐོས་ཡོད། དེའི་ནང་གི་སེངྒེ་ཁ་ཤས་ཀྱི་བཟོ་སྟངས་མིའི་གདོང་གི་རྣམ་པ་དང་འདྲ་ལ་བྲང་ཁར་དྲིལ་བུ་རེ་བཏགས་ཤིང་དེའི་འོག་ཏུ་མེ་ལོང་རེ་བཀལ་ཡོད། སྒོ་སྒྲོམ་དང་བར་ཁྱམས་ཀྱི་བཟོ་ཉམས་འདོན་སྟངས་སོགས་ནི་དུས་རབས་དྲུག་པའི་རྒྱ་གར་གྱི་ཨ་ཅན་ཏའི་བྲག་ཕུག་ཏུ་ཁྱབ་རྒྱ་ཆེ་བའི་བཟོ་སྟངས་དང་འདྲའོ། །ཞེས་བྱུང་བ་ལྟར་རོ།།

(གནས་མཆོག་རྡོར་གདན་གྱི་དྲི་གཙང་ཁང་།                   སྔར་ནཱ་ལེནྡྲའི་དྲི་གཙང་ཁང་གི་བཀོད་པ།[12])

དེ་བཞིན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་རྒྱ་ཁྱོན་དང་བཟོ་བཀོད་ཇི་ལྟར་ཡོད་པ་ནི། དགེ་བསྙེན་ཆོས་དཔལ་དར་དཔྱང་ (དུས་རབས་13པ།) གིས་མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ (1197-1264) གྱི་རྣམ་ཐར་ལས[13]། ཛ་ཡ་དེ་བ་རྒྱལ་བའི་ལྷ་ཞེས་བྱ་བའི་ཕྱུག་པོ་གཅིག་གིས་རིན་པོ་ཆེའི་ཁྲི་བཤམས་པ་ཡོད། མ་ས་ཧ་རཱི་ཟེར་བ་སྦྲང་སྐྱོབས་ཞེས་པ་སྟེ། གནམ་ཡོལ་ལ་ཕྱོགས་བཞིར་ཡང་ཡོལ་བ་བཏགས། དེའི་ནང་རླུང་ཡབ་དང་། མར་མེའི་སྦྲང་བུ་བདས་ཏེ་མེད་པར་བྱས་ནས་ཕྱོགས་བཞིའི་ཡོལ་བ་ཕབ་སྟེ་བླ་མ་གཙུག་ལག་ཁང་དྷ་ན་བ་དང་། གྷུ་ན་བ་ཞེས་པ་གཉིས་སུ་ཆོས་གཞི་ཕྱིར་བྱེད་གསུངས། སྤྱིར་གཙུག་ལག་ཁང་བརྒྱད་ཅུ་རྩ་བཞི་ཡོད་པ་ལ། ད་ལྟ་མི་ཁྱིམ་བརྒྱད་ཅུ་རྩ་བཞི་ཡོད། ཅེས་ཀྱང་གསལ་བ་ལྟར། གནའ་བོའི་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་ཀྱི་གཞི་ཁྱོན་ལ་ཨེ་ཀར་ (Hectares) (公顷) ༡༤ ཡོད་པར་གྲགས་ལ། མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[14]། སྒྱུ་རྩལ་ཁང་བཟོའི་ཐད་ཧརྵས་གུཔྟའི་ལུགས་སྲོལ་གྱི་རྗེས་སུ་འབྲངས་ཤིང་། དཔལ་ནཱ་ལེནྡྲ་ལ་རྡོ་སྐུ་མང་པོ་བཞེངས་ཡོད་པ་དང་། སངས་རྒྱས་ཀྱི་སྐུ་འདྲ་ཤིན་ཏུ་མཛེས་པོ་ཁག་དང་། གཞན་ཡང་ལྷ་སྐུ་མང་པོ་བཞེངས་ཡོད་འདུག །ཅེས་ཀྱང་གསལ་ལོ།།

གཞན་ཡང་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[15]། འཛམ་བུ་གླིང་ན་འདི་ལས་ཆེ་བ་དང་། བཟོ་ལེགས་པའི་ལྷ་ཁང་མེད་པར་གྲགས། སྒོ་ཁང་རིམ་པ་བཞིར་བརྩེགས་ལ་དཔངས་སུ་འདོམ་བཅུ་བཞི། ར་བའི་འཐུག་ཚད་ལ་ཁྲུ་དྲུག་དང་དཔངས་སུ་འདོམ་བཅུ། མཐའ་སྐོར་དུ་ཆུས་བསྐོར་ཞིང་། མེ་ཏོག་གི་ཚལ་གྱིས་མཛེས་པ། ནང་གསེས་ཀྱི་གྲྭ་ཚང་ལྔ་ལ་དགེ་འདུན་བཞི་སྟོང་ལྷག་ཙམ། སྟོན་པས་ཆོས་བཤད་པའི་སྟན་ཤུལ་དུ་ལྷ་ཁང་ཡང་ཐོག་བཅས་དྲུག་བརྩིགས་ཡོད་པ། ཕྱི་ནང་གི་བཀོད་པ་དང་གནམ་རྒྱན་ས་རྒྱན་ཕུན་སུམ་ཚོགས་པ། རྟེན་གཙོ་སྲིད་དུ་འདོམ་ཉི་ཤུར་ཉེ་བའི་སྟོན་པའི་གསེར་སྐུ་རྒྱལ་པོ་ཚུལ་ཁྲིམས་ཉི་མའི་ཕུ་བོ་རྒྱལ་པོ་རྫོགས་བྱེད་གོ་ཆས་བཞེངས་པ། རྟེན་བྱིན་ཅན་གཞན་ཡང་མང་དུ་ཡོད་ཟེར། པཎྜི་ཏ་ལྷ་འབངས་ལྗོངས་གསུམ་ནས་བཅུའི་བར་རེ་རེ་འཕར་བའི་གོ་སའི་རིམ་པ་ཡོད་ལ། དེ་དུས་པཎྜི་ཏ་གོ་ས་ཅན་སུམ་བརྒྱ་ལྷག་པ་ཡོད་སྐད། ཅེས་དང་། སྒོ་མང་མཁན་ཟུར་ངག་དབང་ཉི་མའི་ (1907-1990) གསུང་ལོ་རྒྱུས་ཐོར་བུ་ལས[16]། འཛམ་བུའི་གླིང་ན་འདི་ལས་ཆེ་བ་དང་། བཟོ་ལེགས་པའི་ལྷ་ཁང་མེད་པར་གྲགས། སྒོ་ཁང་རིམ་པ་བཞིར་བརྩེགས་ལ་དཔངས་སུ་འདོམ་བཅུ་བཞི། ར་བའི་འཐུག་ཚད་ཁྲུ་དྲུག །དཔངས་སུ་འདོམ་བཅུ། མཐའ་སྐོར་དུ་ཆུས་བསྐོར་ཞིང་མེ་ཏོག་གི་ཚལ་གྱིས་མཛེས་པ། ནང་གསེས་གྲྭ་ཚང་ལྔ་ལ་དགེ་འདུན་བཞི་སྟོང་ལྷག་ཙམ། པཎྜི་ཏ་ལྷ་འབངས་ལྗོངས་གསུམ་ནས་བཅུའི་བར་རེ་རེ་འཕར་བའི་གོ་སའི་རིམ་པ་ཡོད་ལ། དེ་དུས་པཎྜི་ཏ་གོ་ས་ཅན་སུམ་བརྒྱ་ལྷག་པར་ཡོད་སྐད། འདུལ་བ་ལྷས་ནཱ་ལེནྡྲའི་མཁན་པོ་གནང་བའི་དུས་སུ་རེད། དེ་ཉིད་དགུང་ལོ་བརྒྱ་དང་དྲུག་བཞུགས་འདུག །དེ་དག་ཐང་ཟིང་བླ་མའི་ལམ་ཡིག་ཏུ་གསལ། ཞེས་བྱུང་བ་ལས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་སྤྱིའི་རྒྱ་ཁྱོན་དང་། རྭ་བར་ཤོང་ཚད་སོགས་མི་གསལ་ཡང་། ཕྱིས་ཀྱི་གནའ་ཤུལ་འཚོལ་ཞིབ་པས་རིག་གསར་གྱི་ལམ་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟར་ན། མཐའ་སྐོར་གྱི་བསམ་གཏན་ཁང་བུ་རྣམས་མ་ཐེ་བར་གཙུག་ལག་ཁང་དང་། དྲི་གཙང་ཁང་གི་རྗེས་ཤུལ་རྙེད་སོན་བྱུང་བ་ཁོ་ནར་མི་ཊར་གྲུ་བཞི་མ་ཁྲི་བརྒྱ་ལྷག་ཙམ་དང་། མཐའ་སྐོར་ན་བསམ་གཏན་ཁང་བུ་སུམ་བརྒྱ་ཙམ་གྱི་རྗེས་ཤུལ་རྙེད་སོན་བྱུང་ཡོད་པར་བཤད་དོ།།

ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[17]། དེ་ལ་ནལན་དྲ་ནི་ད་ལྟ་ས་ཕག་དམར་པོའི་མཁར་དང་། དགོན་ཤུལ་ཆེན་པོ་ཡིད་ཕྱད་མ་ཕྱོད་དུ་བྱེད་པ་འདི་ཙམ་ལས་བལྟར་མེད་མོད། སྔོན་གྱི་བྱུང་རབས་འཆད་རི་བ་ཞིག་ལ་དེ་ཡང་རྒྱས་པར་ནི་མི་ཤེས། རང་རེའི་ལོ་རྒྱུས་ཅུང་ཟད་གསལ་བ་རྣམས་ནི་མ་ཟློས། འོན་ཀྱང་གཙུག་ལག་ཁང་ཆེན་པོ་བཅུ་བཞི། ཆུང་བ་དྲུག་ཅུ། གཉྫིལ་བདུན་བྱ་བ་འདི་ཙམ་ཞིག་དེར་བྱོན་ཚད་ཐམས་ཅད་ཀྱིས་ཡང་ཡང་ཟློས་པ་ཙམ་མཛད་པ་ལས་རྒྱུས་བཤད་རྒྱས་པ་ནི་གར་ཡང་མི་སྣང་། ཞེས་ཀྱང་གསུངས་སོ།།

དབང་ཕྱུག་རིན་ཆེན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒྲུང་འགྲེལ་ལས་འབྲས་གསལ་བའི་མེ་ལོང་ལས[18]། ཚེར་མ་ལ་སོགས་གནོད་པ་བྱེད། །མ་ག་དྷའི་ན་ལེནྡྲ་ན། ལྷ་ཁང་ཆེན་པོ་བཅུ་བཞི། ཕྲན་སུམ་བརྒྱ་ཡོད་པ་ལ། ཁ་ཆེ་བདེན་པའི་བྱང་ཆུབ་ཅེས་པ་མགྲོན་པོ་ཞིག་གིས་ཁྱིམ་ཞིག་ཏུ་ཉལ་བས། གཞི་བ་ཞིག་གིས་ཉལ་དུ་མ་བཅུག་པ་ལ། ཞེ་སྡང་སྐྱེས་ནས་འདི་ཐམས་ཅད་ཡུལ་ནས་ཕྱུང་ལ། ང་གཅིག་པུས་ཡུལ་འདི་བཟུང་སྙམ་ནས་རང་གི་ལྷ་ལ་རེ་བ་ཆེར་བྱས་སོ། །དེ་ལྷ་རྨི་བའི་ཕྱིར་ཚེར་ཕུང་ཆེན་པོ་ཞིག་གི་སྟེང་དུ་ཉལ་ཏེ་སྡུག་བསྔལ་བར་བྱས་སོ། །དེར་ཤིན་ཏུ་རིད་པར་གྱུར་ཏེ། ནམ་ཞིག་ལྷ་རྨི་ལམ་དུ་བྱུང་ནས་ཁྱོད་ཅི་འདོད་ཟེར། ང་ཡུལ་མ་ག་དྷ་རི་འདོད་བྱས། དེ་ནས་སེམས་བསྐྱེད་པ་སོགས་ཡུལ་ཁྱད་པར་ཅན་མང་པོ་ཡོད་པས་ཕྱུང་ན་སྡིག་འོང་ཟེར། སྡིག་འོང་ཡང་འདོད་བྱས་པས། འོ་ན་ཡུལ་ཁྱེར་ལ་སྡིག་མ་བྱེད་ཟེར་རོ། །དེར་གཉིད་སད་ནས་ཚེར་གསེབ་ནས་ལངས་ཏེ། མ་ག་དྷར། རྒྱལ་པོའི་དྲུང་དུ་ཕྱིན་ནས། དགེ་འདུན་འདི་རྣམས་ཡོ་བྱད་ཐམས་ཅད་རང་གི་གཡོག་ལ་བགོས་ནས་དགེ་བ་མི་བྱེད་པས། འདི་ཐམས་ཅད་ཕྱུང་ལ་ངས་བཟུང་ངོ༌། །ཞེས་སྨྲས་པས། རྒྱལ་པོས་ཀྱང་དེ་བཞིན་གནང་སྟེ། ལྷའི་ནུས་པས་རང་ཉིད་བློན་པོ་ཆེན་པོའི་ཁྲིམས་བཅས་ཏེ་མངའ་ཐང་ནི་ཤིན་ཏུ་ཆེའོ། །ནམ་ཞིག་དེ་འཆི་ནད་ཀྱིས་ཟིན་པ་ན། གཡོག་རྒྱ་གར་བས་སྣབས་སྣོད་གཞན་སྩལ་གཡོག་པེན་དྷ་བས་སྣབས་ལག་པས་བླངས་པས། ངའི་བློན་སྲིད། ད་ནི་པེན་དྷ་ངོས་ལ་སྦྱིན་བསམ། གཡོག་གཉིས་པོས་ངེད་གཉིས་སུ་ལ་སྟེར་དྲིས་པས། ཁྱེད་གཉིས་རྒྱལ་པོའི་དྲུང་དུ་སོང་ལ་དྲིས་ཤིག་ཟེར་རོ། །དེར་པེན་དྷས་གོས་གསར་པ་སྦས་ཏེ་ཧྲུལ་པོ་གྱོན། རྒྱ་གར་བས་གསར་པ་གོན་ཕྱིན་ནས་སྡུག་བསྔལ་བྱུང༌། པེན་དྷས་གོས་གསར་པ་བརྗེས་ཏེ་གོ་གནས། རྒྱལ་པོ་ལ་ངེད་ཀྱི་བློན་པོ་ཤི་བས། བློན་སྲིད་ངེད་གཉིས་སུ་ལ་སྟེར་བྱས་པས། རྒྱལ་པོ་ན་རེ། རྒྱ་གར་བ་ཁྱོད་རང་གི་གོས་ཀྱང་ག་དར་མི་ནུས་ན་བློན་པོ་ག་ལ་འོང་ཟེར་ཏེ། པེན་དྷ་བ་ལ་བྱིན་ནས་ད་ལྟ་དེས་བཟུང་སྐད་དོ། །ཞེས་ནཱ་ལེནྡྲར་ལྷ་ཁང་ཆེན་པོ་བཅུ་བཞི་དང་། ཕྲན་སུམ་བརྒྱ་ཡོད་པར་གསལ་ལོ།།

གཞན་ཡང་ནཱ་ལེནྡྲའི་ཕྱོགས་བཞིའི་གནས་ཀྱི་བཀོད་པ་ནི། སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[19]། དགོན་པའི་ནང་ལོགས་ཀྱི་གྲྭ་ཚང་གཅིག་གི་བཀོད་པ་མཐོང་ཚེ་གཞན་ཀུན་མཐོང་བར་འགྱུར་ཏེ། གཞན་བདུན་གྱི་བཀོད་པ་ཡང་གོང་དང་གཅིག་མཚུངས་སུ་སྣང་། གཙུག་ལག་ཁང་གི་རྒྱབ་ལོགས་དྲང་ཐད་དུ་བསྲིངས་པའི་གཞུང་ལམ་ཞིག་ཡོད་པ་དེར་ཕར་འགྲོ་ཚུར་འོང་བྱེད་མི་ཤིན་ཏུ་མང་། གཙུག་ལག་ཁང་དུ་གཟིགས་མོ་གནང་མཁན་ཚོས་ལྷོ་ཕྱོགས་ནས་བལྟས་ཚེ་དགོན་པའི་བཀོད་པ་ཡོངས་སུ་རྫོགས་པར་མཇལ་ཐུབ་པ་དང་། ནུབ་ཕྱོགས་ནས་བལྟས་ཚེ་གཙུག་ལག་ཁང་གི་བཞེངས་བཀོད་དངོས་དེ་གསལ་བར་མཐོང་ནུས། གཙུག་ལག་ཁང་གི་སྒོ་ཆེན་གྱི་ལྷོ་ངོས་ནས་གོམ་གྲངས་ (གོམ་གྲངས་རེར་ཧྥེ་ཁྲི་ལྔ་ནས་དྲུག་ཙམ།) ཉི་ཤུའི་མཚམས་སུ་མཐོ་ཚད་ལ་ཧྥེ་ཁྲི་བརྒྱ་ལྷག་ཡོད་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དེ་སྔ་སྟོན་པ་ཐུབ་པའི་དབང་པོ་ཟླ་ངོ་གསུམ་རིང་དབྱར་གནས་[20]སུ་བཞུགས་པའི་གནས་ཡིན་པར་གྲགས། ལེགས་སྦྱར་སྐད་དུ་མཱུལ་གངྷ་ཀུ་ཊི་ (Mula-Gandha-Kuti) ཞེས་འབོད་པ་དང་། རྒྱ་ནག་སྐད་དུ་རྩ་བའི་དྲི་གཙང་ཁང་ཞེས་ཀྱང་བྱ།

(ཐང་སན་བླ་མ་རྒྱ་གར་དུ་ཕེབས་པའི་གློག་བརྙན་ཧུན་ཙང་ནང་གི་ནཱ་ལེནྡྲའི་འདྲ་བཟོས་བཟོ་བཀོད།[21])

 

གཙུག་ལག་ཁང་གི་སྒོ་ཆེན་གྱི་བྱང་ངོས་ནས་གོམ་གྲངས་ལྔ་བཅུའི་མཚམས་སུ་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་མོ་འོ་ལོ་འོ་ཇཱན་ཐོ་ཅི་ཏོ་ལས་མཐོ་ཞིང་བརྗིད། དེ་ནི་རྒྱ་གར་གྱི་རྒྱལ་པོ་ཉི་མ་གཞོན་ནུས་བཞེངས་པར་གྲགས། རྒྱུ་ཆ་སོ་ཕག་ལས་གྲུབ་ཀྱང་སྟེང་དུ་བརྐོས་རིས་སྣ་ཚོགས་ཀྱིས་བརྒྱན་པ། ཐོད་དུ་གསེར་གྱི་རྒྱ་ཕིབས་དང་བ་གམ་སོགས་ཀྱིས་མཛེས་པ། རིན་པོ་ཆེའི་རིགས་དཀོན་པོ་དག་གིས་མཆོད་པ་ཕུལ་ཡོད་པ་དང་། སྟེང་དུ་འདས་པའི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྣང་བརྙན་གྱིས་བརྒྱན་ཡོད་པ་ནི་ཡིད་དབང་ཅིག་ཅར་དུ་འདྲེན་པའི་གནས་སོ།།

དེ་ནས་ལྷོ་ནུབ་ཀྱི་ངོས་སུ་བསྐྱོད་པས་མཆོད་རྟེན་ཆུང་ངུ་ཞིག་ཡོད་པ་མཐོ་ཚད་ལ་ཀྲང་གཅིག་ (ཧྥེ་ཁྲི་༡༠)  ལྷག་ཙམ་ལས་མི་འདུག །དེ་ནི་བྲམ་ཟེ་ཕྱག་ཏུ་མཆིལ་བ་ཅན་གྱིས་བདག་ཅག་གི་སྟོན་པར་དྲི་བ་ཞུ་བའི་གནས་ཡིན་པར་གྲགས། རྒྱ་ནག་པ་རྣམས་ཀྱི་བྱིའུ་མཆིལ་བའི་མཆོད་རྟེན་ཞེས་འབོད་པ་དེ་རེད།

རྩ་བའི་དྲི་གཙང་ཁང་གི་ནུབ་ངོས་སུ་དེ་བཞིན་གཤེགས་པའི་སོ་ཤིང་ཡོད་པ་དང་། དེ་ནི་ཤིང་ལྕང་མ་དང་འདྲ་ཙམ་ལས་ལྕང་ཤིང་ནི་མིན། དེ་ནས་ཀྱང་རྒྱབ་ཕྱོགས་སུ་ཅུང་ཙམ་ཕྱིན་ཚེ་དགེ་འདུན་པ་རྣམས་ཀྱི་སྡོམ་པ་འབོག་སའི་མཎྜལ་ཡོད་པ་དང་། མཎྜལའི་རྒྱ་ཁྱོན་ལ་ཧྥེ་ཁྲི་གྲུ་བཞི་མ་བཅུ་ལྷག་ཙམ་དང་། ཕྱི་ངོས་ཀྱི་རྩིག་གྱང་སོ་ཕག་གིས་གྲུབ་པ། མཐོ་ཚད་ལ་ཧྥེ་ཁྲི་ཉི་ཤུ་ལྷག་ཙམ། རྩིག་གྱང་ནང་ངོས་སུ་མཐོ་ཚད་ལ་ཚུན་ལྔ་ཙམ་གྱི་སྒྲོམ་སྟེགས་ཤིག་ཡོད་པ་དང་། སྒྲོམ་སྟེགས་ཀྱི་དཀྱིལ་དུ་མཆོད་རྟེན་ཆུང་ངུ་ཞིག་འདུག །མཎྜལའི་ཤར་ངོས་ཀྱི་གྲུ་ཟུར་དུ་བཀའ་བསྟན་གྱི་དགོངས་དོན་ཕབ་ཡོད་པའི་སྟེགས་བུ་ཞིག་ཡོད་པ་མཐོ་ཚད་ལ་གྲུ་མོ་གཉིས་དང་། རིང་ཚད་ལ་གྲུ་མོ་བཅུ་བཞི་ནས་བཅོ་ལྔ་ཙམ། ཞེང་ལ་གྲུ་མོ་གཉིས་ལྷག་ཙམ་འདུག །སྟེང་དུ་ཨར་འདམ་ལས་གྲུབ་པའི་མེ་ཏོག་པདྨའི་བཞད་རིས་ཀྱིས་མཛེས་པར་བརྒྱན། པདྨའི་རྒྱན་རིས་ཀྱི་མཐོ་ཚད་ལ་ཚུན་གཉིས་ཙམ་དང་ཞེང་ཚད་ལ་ཁྲེ་གང་། སྟེང་དུ་དེ་བཞིན་གཤེགས་པའི་ཞབས་རྗེས་བཅུ་བཞི་ནས་བཅོ་ལྔ་ཙམ་འདུག །ཅེས་གསལ་བ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་ཉིད་ཀྱི་ཁོར་ཡུག་ལ་སློབ་གཉེར་བའི་སྡོད་ཁང་ ༡༡ དང་། ཁང་མིག་ ༢༠༠༠ ལྷག་དང་། ཚོམས་ཆེན། རྒྱུག་ཆུའི་ཡུར་བ། ཐབ་ཚང་། ཉལ་ཁང་། ད་དུང་ཉལ་ཁང་གི་ནང་དུ་རྡོ་ལེབ་ཀྱི་ཉལ་ཁྲི་དང་། དེ་མིན་ཆ་རྐྱེན་གཞན་ཡང་མང་དུ་ཡོད་པར་གསུང་སྲོལ་ཡོད་པ་བཅས་སོ།།

དེ་བཞིན་རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ལས[22]།

གངྒཱའི་ལྷོ་ཕྱོགས་དཔག་ཚད་བཞིར་ཕྱིན་ཚེ། །ཨོ་ཏན་བྷི་ཧར་ཏུ་རུ་ཥ་ཡི་གནས། །

ཕྱི་རོལ་ཚ་ཏ་ཕུ་རིའི་གྲོང་ཁྱེར་ན། །ཨ་ནན་ཁྲ་ཁུར་དགེ་བསྙེན་དད་པ་ཅན། །

ལྷ་ཁང་མཆོད་རྟེན་ཞིག་གསོ་དུ་མ་བྱས། །དེ་ནས་རྒྱང་གྲགས་གསུམ་ན་ནཱ་ལནྡཱའི། །

གྲོང་གི་ལྷོ་ཕྱོགས་རྒྱང་གྲགས་གཅིག་ཙམ་གྱིས། །བི་ཧར་ཞིག་པའི་རི་རུལ་རྙིང་པས་ཀྱང་། །

འཛམ་གླིང་ལྷ་ཁང་གཞན་ཀུན་ཟིལ་གྱིས་གནོན། །ཁྱད་པར་ཀའུ་མཧཱ་ཀ་ལས་སོ། །

ཙན་ཏྲ་ལོ་ཀི་ཤྭ་ར་མཆོད་པར་བཅས། །སི་ཐར་མ་ཏི་སྡེ་པ་རྣམ་གཉིས་སོགས། །

སྔོན་གྱི་མཁས་པ་དུ་མའི་བཞུགས་གནས་གདའ། །ཕྱོགས་མཚམས་རྫིང་དང་སྐྱེས་མོས་ཚལ་གྱིས་བརྒྱན། །

ཞེས་གསུངས་པ་ལྟར། དཔལ་ནཱལཱནྡཱའི་གླིང་ཡོངས་རྫོགས་ལྕགས་རི་ཆེན་པོ་ཞིག་གིས་བསྐོར་ནས་ཡོད་ཅིང་། ལྕགས་རི་དེར་སྒོ་གཅིག་ལས་མེད་པ་དེའི་སྒོ་ཁང་རིམ་པ་བཞིན་བརྩེགས་ཤིང་དཔངས་སུ་འདོམས་བཅུ་བཞི། ར་བའི་མཐུག་ཚད་ལ་ཁྲུ་དྲུག་དང་དཔངས་སུ་འདོམ་བཅུ། མཐའ་སྐོར་ཆུས་བསྐོར་ཞིང་མེ་ཏོག་གི་ཚལ་གྱིས་བརྒྱན་པ་སོགས་སྐབས་དེར་འཛམ་གླིང་ནང་བཟོ་བཀོད་དང་། རྒྱ་ཁྱོན་སོགས་ཀྱི་ཆ་ནས་ཡང་རྩེར་སླེབས་པ་ཞིག་ཡིན། སྔོན་སངས་རྒྱས་ཤཱཀྱ་མུ་ནེས་ཆོས་གསུངས་ཤུལ་དུ་ངོས་འཛིན་བྱེད་པའི་གནས་གཞིར་ལྷ་ཁང་ཐོག་བརྩེགས་དྲུག་ཅན་ཞིག་བཞེངས་ཡོད་ཅིང་དེའི་ཕྱི་ནང་གི་བཀོད་པ་དང་། གནམ་རྒྱན། ས་རྒྱན་སོགས་ཕུན་སུམ་ཚོགས་ཤིང་། དེར་ཧར་ཤའི་ཕུ་བོ་རྫོགས་བྱེད་གོ་ཆས་བཞེངས་པའི་རྟེན་གཙོ་སྲིད་དུ་འདོམ་ཉི་ཤུར་ཉེ་བ་གསེར་ཟངས་ལས་གྲུབ་པའི་སངས་རྒྱས་ཤཱཀྱ་མུ་ནེའི་སྐུ་བརྙན་སོགས་མང་དུ་ཡོད་པར་གྲགས་[23]པ་སོགས། མདོར་ན་ཆོས་དང་ཟང་ཟིང་གང་ཅིའི་ཐད་ནས་སྐབས་དེར་ནཱལཱནྡཱའི་གཟི་བརྗིད་ནི་བློ་ཡུལ་ལས་འགོངས་པ་ལྟ་བུ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད།[24]

གཞན་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[25]། མངའ་བདག་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔ དམ་པའི་ཆོས་རྣམས་དར་ཞིང་རྒྱས་པར་མཛད༔ ནཱ་ལེནྡྲ་ཡི་གཙུག་ལག་དཔེར་བླངས་ནས༔ རྒྱལ་པོའི་ཐུགས་དམ་དཔལ་གྱི་བསམ་ཡས་བཞེངས༔ རྒྱ་གར་མཁས་པ་མང་པོ་སྤྱན་དྲངས་ནས༔ མཚན་ཉིད་བཀའ་དང་གསང་སྔགས་ཕྱི་ནང་བསྒྱུར༔ སད་མི་མི་བདུན་རབ་ཏུ་བྱུང་ནས་ནི༔ ཞབས་འོག་རྡེའུ་བཏོན་དབུ་ཡི་མཆོད་གནས་མཛད༔ ཅེས་ནཱ་ལེནྡྲའི་གཙུག་ལག་ཁང་ལ་དཔེར་བླངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པར་གསུངས་ལ། ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ (དུས་རབས་13པ།) ཀྱིས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས་[26]ཀྱང་། དེ་ཡང་ཟ་ཧོར་གྱི་མཁན་པོ་བོདྷི་ས་ཏྭ་ཤནྟཱ་རཀྵི་ཏ་དང་། ཨུ་རྒྱན་གྱི་མཁན་པོ་པདྨ་སཾ་བྷ་བ་སྤྱན་དྲངས་ནས། ལྷ་མོ་སྒྲོལ་མའི་ཞབས་ཀྱིས་བཅགས་པའི་ས། ཆུ་བོ་ལོ་ཧི་ཏའི་འགྲམ། རི་ཧས་པོ་རིའི་དྲུང་། བྲག་དམར་ལྷ་སྲིན་འདུ་ཡུལ་ཚངས་པའི་འབྱུང་གནས་སུ། རྒྱ་གར་ཤྲི་ཎཱ་ལེནྡྲ་ལས་དཔེ་བླངས་ནས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། རི་རབ་དང་གླིང་བཞིའི་དབྱིབས་སུ་གནས་པ། དབུ་རྩེ་རིགས་གསུམ། གླིང་ཕྲན་བཅུ་གཉིས། ཡག་ཤ་ཟླ་གོང་འོག་གཉིས། ཕྱོགས་བཞིར་མགོན་ཁང་བཞི། ཁམས་གསུམ་མེ་ཏོག་སྒྲོན་གཙུག་ལག་ཁང་དང་བཅས་པ། རྒྱུ་བཟང་ལ་བཀོད་པ་ལེགས་པ། རྒྱ་ཆེ་ལ་གྲངས་མང་བ། ཉི་འོག་གི་རྒྱལ་ཁམས་ན་འགྲན་ཟླ་མ་མཆིས་པ། དགའ་ལྡན་ལྷ་ཡུལ་དང་སྦྱར་ཏེ་ཐུགས་དམ་གྱི་ཡང་སྙིང་དུ་བཞེངས། ཞེས་ནཱ་ལེནྡྲའི་གཙུག་ལག་ཁང་ལ་དཔེ་བླངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པར་གསུངས་སོ།།

དེ་བཞིན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་ (1143-1217) མཛད་པའི་སློབ་དཔོན་པདྨའི་གཏམ་རྒྱུད་ལས[27]། སྔོན་བསམ་ཡས་བཞེངས་པའི་དུས་སུ། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་རྩིག་དབང་མ་བྱུང་བ་ལ། སློབ་དཔོན་པདྨ་སམྦྷ་བ་རྒྱ་གར་ནས་བྱོན་ནས་སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་བཏུལ་ནས་དཔལ་ནཱ་ལེན་དྲ་ལ་དཔེ་བྱས་ནས་བསམ་ཡས་བཞེངས་པར་གདའ། དེ་ལ་བོད་ཁམས་ཀྱི་རྟེན་འབྲེལ་ཡང་ཞུགས་ཤིང༌། ཀ་བ་སྟོང་རྩ་གཉིས་ཡོད་པ་དེ་ཡང་བསྟན་པ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་འབྱོན་པའི་རྟེན་འབྲེལ་ཡིན་གསུང༌། ཞེས་བྱུང་བ་ལྟར། བོད་ཀྱི་དགོན་པའི་ཐོག་མ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་གསར་བཞེངས་མཛད་སྐབས་རྒྱ་གར་འཕགས་ཡུལ་གྱི་ཆོས་སྡེ་ཆེན་པོ་དཔལ་ནཱ་ལེནྡྲར་དཔེ་བླངས་ནས་བཞེངས་པར་གསུངས་ཀྱང་། ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་བོད་ཀྱི་སྲིད་དོལ་རྒྱལ་རབས་ལས[28]། སྔར་རྒྱ་གར་ནང་ཕྱི་ལོ་བརྒྱ་ཕྲག་དང་པོ་དང་། གཉིས་པའི་སྐབས་ཀྱི་བྲག་བརྐོས་དང་། བལ་ཡུལ་ནང་ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་གི་བྲག་བརྐོས་ལ་ཁང་པའི་སྒོ་དང་། ཀ་བ། གདུང་མ། འཕྱམ། ཀ་གཞུ། སྦེ་ལོག །པདྨ་ཆོས་བརྩེགས། བད་ཕུར་སོགས་ཚང་མ་བར་སྐབས་བོད་ཀྱི་གཙུག་ལག་ཁང་ཁག་དང་། ཕོ་བྲང་ཁག་ལ་ཤིང་བརྐོས་ཡོད་པ་དེ་ཚོ་དང་། ཕར་བཀབ་ཚུར་བཀབ་བྱེད་ཐུབ་པ་ཡོད་པ་དང་། དཔེར་ན། ལྷ་སའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བི་ཀྲ་མ་ཤི་ལའི་ལྷ་ཁང་དང་། དཔལ་གྱི་བསམ་ཡས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལས་དཔེ་བླངས་པ་ཡོངས་གྲགས་དང་། གཙང་ཁང་ལ་ལྕགས་འཕྲུལ་གྱི་སྒོ་སོགས་རྒྱ་བལ་གྱི་ལྷ་ཁང་རྙིང་པ་ཇི་ལྟ་བ་ཡོད་པ་དེ་དག་ནི་རྒྱ་གར་དང་། བལ་ཡུལ་ནས་དཔེ་བླངས་པ་རེད་ཅེས་གསལ་པོར་བརྗོད་ཆོག་ཅིང་། རྒྱ་ཕིབས་འགའ་ཤས་ཀྱི་བཟོ་དབྱིབས་དང་། སྒེ་ཁུང་གི་ཁྲ་མ་སོགས་རྒྱ་ནག་ནས་དཔེ་བླངས་པའང་ཇི་སྙེད་ཅིག་ཡོད། ཅེས་གསལ་བ་ལྟར། ནམ་རྒྱུན་ཡོངས་གྲགས་ཆོས་འབྱུང་དེབ་ཐེར་གཞན་དང་གཞན་དུ་བསམ་ཡས་གཙུག་ལག་ཁང་གསར་བཞེངས་མཛད་སྐབས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེར་བླངས་པ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ལ་དཔེར་བླངས་ནས་བཞེངས་པར་གསལ་བས་དཔྱད་དགོས་པར་སྣང་ངོ་།།

དེ་བཞིན་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས་[29]ཀྱང་།

དཔལ་གྱི་བསམ་ཡས་ལྷུན་གྱིས་གྲུབ་པ་བཞེངས། །མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང༌། །

གཞི་ཆེ་དཔངས་མཐོ་རྒྱུ་བཟང་བཀོད་ལེགས་པ། །བཀྲ་ཤིས་བྱིན་ཆེ་ཀུན་ནས་འགྲན་ཟླ་མེད། །

དགའ་ལྡན་སུམ་ཅུ་རྩ་གསུམ་གྱི་ལྷ་ཁང་ལ་དཔེ་བླངས་པས། དཔལ་ནཱ་ལེན་དྲ་དང་མཚུངས་པའི་གཙུག་ལག་ཁང་བཞུགས། བཙུགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་མདོ་སྡེ་ལྟར་སྟོང་གསུམ་གཅིག་གི་ལུགས་སོ། །འདུལ་བ་ལྟར་ཐེག་པའི་སྐབས་དང་རིམ་པ་བཞིན། མངོན་པ་མཛོད་ཀྱི་འཇིག་རྟེན་བསྟན་པ་དང་ཡང་བསྟུན་ནོ། །དེ་ཡང་སྡེ་སྣོད་གསུམ་དང་སྦྱར་ནས་བཞུགས་སུ་གསོལ་བ་ནི། སྟེང་ཁང་རྒྱ་གར་ལུགས་ཀྱི་ལྷ་ནི། དཔལ་རྣམ་པར་སྣང་མཛད་ཞལ་བཞི། འཁོར་ཉེ་བའི་སྲས་བརྒྱད། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཉི་ཤུ་རྩ་བཞི། སྒོ་སྲུང་བརྒྱད་དེ་བཞི་བཅུ་རྩ་བཞི་བཞུགས་སོ། །རི་མོའི་ལོགས་ལ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞུགས། ལྕོག་བཞི་ལ་རི་མོ་འཇིག་རྟེན་གྱི་ཁམས་མདངས་དགའ་བར་སངས་རྒྱས་དགའ་བའི་དཔལ་འཁོར་དང་བཅས་པ་བཞུགས་སོ། །ཆོས་སྐྱོང་ལག་ན་རྡོ་རྗེ་ཞལ་དང༌། རྒྱལ་པོ་རྣམ་སྲས་ལ་གཏད་དེ་བཅོལ་ལོ། །ནཱ་ལེནྡྲ་ལ་དཔེ་བླངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པར་གསུངས་ལ། དེ་ཡང་གཞི་ཁྱོན་ཆེ་ཞིང་། དཔང་མཐོ་བ། རྒྱུ་བཟང་བ། བཀོད་པ་ལེགས་པ། བཀྲ་ཤིས་བྱིན་ཆེ་བ་སོགས་ཀུན་ནས་འགྲན་ཟླ་མེད་པ་ཞིག་ཡོད་པར་གསུངས་པས། ཁྱད་ཆོས་འདི་དག་དཔེ་བླང་ཡུལ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ལ་ཚང་ཡོད་པར་གོར་མ་ཆག་གོ།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༡བ༡ ནས་ ༢ན༦ བར།

[2] འདུལ་བ་ལས་ཀུན་དགའ་ར་བ་གཙུག་ལག་ཁང་ལ་གོ་བ་དང་། སྐྱེས་མོས་ཚལ་ལ་འཇུག་པ། དགེ་འདུན་གྱི་ཆོས་ར། དཀའ་ཐུབ་ཀྱི་གནས། ཆོས་ཁྲི་དྲ་མིག་ཅན་སོགས་ལ་འཇུག་པར་གསུངས་ལ། དུང་དཀར་ཚིག་མཛོད་ཆེན་མོ་ཤོག་གྲངས་ ༧༦ ཐོག་ཀུན་དགའ་ར་བ། འདི་ལ་བོད་ཀྱི་ལོ་རྒྱུས་ཐོག་ཐ་སྙད་འདོགས་ཚུལ་མི་འདྲ་བ་གསུམ་ཡོད། ༡. སྤྱིར་བཏང་གོམས་གཤིས་ཐོག་ཀུན་དགའ་ར་བ་ཞེས་གསུང་རབ་ཀྱི་རྟེན་འཇོག་སའི་དཔེ་ཁྲི་ལ་གོ་བ་ལེན་གྱི་ཡོད་པ། ༢. དགེ་འདུན་རྣམས་ཆོས་ཀྱི་བྱ་བར་འདུ་ཚོགས་གནང་ཡུལ་གྱི་འདུ་ཁང་དང་ཆོས་གྲྭ་ལ་གོ་བ་ལེན་དགོས་པ། ༣. དགེ་འདུན་གྱི་གནས་ཁང་ལ་གོ་དགོས་པ་བཅས་ཡོད།

[3] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༠༥

[4] གནའ་དུས་སུ་རྒྱ་ནག་གི་རིང་ཚད་དང་མཐོ་ཚད་ཀྱི་ཚད་གཞི་ཞིག་སྟེ་ཀྲང་རེ་རེར་ཧྥེ་ཁྲི་བཅུ་ཡོད།

[5] འདིར་གོམ་གྲངས་ཞེས་པ་ནི། རྒྱ་ནག་གི་རྒྱ་ཁྱོན་འཇལ་བྱེད་ཀྱི་ཚད་གཞི་ཞིག་སྟེ། ཀྲིག་རྒྱལ་རབས་ཀྱི་དུས་སུ་གོམ་གྲངས་གཅིག་ལ་ཁྲེ་ཙེ་བརྒྱད་དང་། ཧྲང་རྒྱལ་རབས་ཀྱི་དུས་སུ་གོམ་གྲངས་རེར་ཁྲེ་ཙེ་དྲུག་རེ། ཐང་རྒྱལ་རབས་ཀྱི་དུས་སུ་གོམ་གྲངས་རེར་ཁྲི་ཙེ་ལྔ་རེ་ཡོད་ཅེས། ཐང་གི་བསྟན་བཅོས་དྲུག །ཅེས་པར་གསལ། དེང་གི་སྤྱི་ཚོགས་ལྟར་ན་གོམ་གྲངས་རེར་ 722cm ཡོད།

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༥༦༦

[7] བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་དང་ལྡན་པར་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །བག་ཡོད་པའི་ཚོམས་ཏེ་བཞི་པའོ། །ཞེས་བྱུང་ངོ་།།

[8] མཁའ་ཁྱབ་རྡོ་རྗེའི་གསུང་འབུམ། ༼ཀ༽ དཔལ་སྤུངས་པར་མ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༦ན༦

[9] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༣

[10] གཏམ་རྒྱུད་གསེར་ཐང་། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༨༦

[11] བོད་ལྗོངས་ཀྱི་སྒྱུ་རྩལ། གླིང་ཁ་ཁྱབ་སྤེལ་དཔེ་སྐྲུན་ཁང་། ༢༠༠༥ ལོའི་དུས་དེབ། ༼༡༽ ཤོག་གྲངས་ ༤༨

[12] ཐང་སན་ལམ་ཡིག་ནང་། ནཱ་ལེནྡྲའི་རྒྱལ་པོ་ཚངས་པའི་ཉི་མས་བཞེངས་པའི་དྲི་གཙང་ཁང་ཆེན་པོ་དཔངས་སུ་ཁྲུ་ ༣༠༠ ཡོད་པ་ཚད་དང་། རྒྱན་བཀོད། ནང་གི་རྟེན་སོགས་བྱང་ཆུབ་ཤིང་གི་དྲི་གཙང་ཁང་ཆེན་པོ་དང་ཤིན་ཏུ་མཐུན་པ་ཞིག་ཡོད་ཅེས་པའི་བཞེངས་བཀོད་གོང་གི་འདྲ་རིས་འདྲ་བ་ཞིག་མིན་ནམ་ཟེར། འདྲ་རིས་འདི་ (B.N.Misra) ཞེས་པས་བརྩམས་པའི་ནཱ་ལེནྡྲ་ (Nalanda/Vol.3/Pa.242) ཞེས་པའི་དེབ་གསུམ་པའི་ནང་གསལ་ཞིང་། འདྲ་རིས་འདི་ཉིད་འབྲི་མཁན་ (A.M.Broadiey) ཡིན་འདུག

[13] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༡

[14] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༤

[15] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༣༩

[16] རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། པོད། ༼༣༽ སྒོ་མང་དཔེ་མཛོད་ཁང་། ༢༠༠༣ ཤོག་གྲངས་ ༤༩༥

[17] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༢༩

[18] སྤྱོད་འཇུག་སྒྲུང་འགྲེལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༧༢

[19] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༡

[20] ཆེད་དུ་བརྗོད་པའི་ཚོམས་ཀྱི་རྣམ་པར་འགྲེལ་པ་ལས། དབྱར་གནས་དང་པོ་ཆོས་ཀྱི་འཁོར་ལོའི་གནས་སུ་མཛད་པ་དང་། གཉིས་པ་བེ་ལུ་བ་ནེ་རུའོ། །ཡང་བེ་ལུ་བ་ནར་གསུམ་པའོ། །ཡང་བཞི་པ་བེ་ལུ་བ་ནར་རོ། །ལྔ་པ་མེ་ཤཱ་ལྱཾ་ངོ་། །དྲུག་པ་གོ་ལེར་རོ། །བདུན་པ་སུམ་ཅུ་རྩ་གསུམ་ལྷ་རུ་རྡོ་ཨར་མོ་ནི་ག་ཏུའོ། །བརྒྱད་པ་སུ་ཤུ་མཱ་ར་གི་རིར་རོ། །དགུ་པ་ཀཽ་ཤཱམྦཱི་རུའོ། །བཅུ་པ་སྤྲེལ་བཏུལ་བ་ཞེས་པ་གླང་པོ་ཆེ་པཱ་རི་ལེ་ཡའི་ནགས་སུའོ། །བཅུ་གཅིག་པ་རྒྱལ་པོའི་ཁབ་ཏུའོ། །བཅུ་གཉིས་པ་བཻ་རཉྫའི་གྲོང་དུའོ། །བཅུ་གསུམ་པ་མཆོད་རྟེན་གྱི་རི་ལའོ། །བཅུ་བཞི་པ་རྒྱལ་པོ་ཛེ་ཏཱ་བ་ནའི་ལྷ་ཁང་དུའོ། །བཅོ་ལྔ་པ་ཀ་པི་ལ་བ་ཏུ་རུ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བར་རོ། །བཅུ་དྲུག་པ་ཨ་ཌ་བ་ཀར་རོ། །བཅུ་བདུན་པ་རྒྱལ་པོའི་ཁབ་ཏུའོ། །བཅོ་བརྒྱད་པ་ཛྭ་ལི་ནིའི་བྲག་ཕུག་ཏུའོ། །ཡང་བཅུ་དགུ་པ་ཛྭ་ལི་ནིའི་བྲག་ཕུག་ཏུའོ། །ཉི་ཤུ་པ་རྒྱལ་པོའི་ཁབ་ཏུའོ། །དབྱར་གནས་བཞི་ནི་མཉན་ཡོད་དུ་ཤར་ཕྱོགས་མ་མོ་མྲི་གཱ་རིའི་ཀུན་དགའ་ར་བ་རུའོ། །གྲོང་ཁྱེར་མཉན་ཡོད་དུ་ལོ་ཉི་ཤུ་ཉེར་གཅིག་དབྱར་གནས་མཛད་དོ་ཞེས་པ་འཕགས་པ་གནས་བརྟན་པ་འདོད་དོ། །དེས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་ཅུར་གྱུར་ཏོ་ཞེས་སོ། །ཞེས་ (བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཧ༽ དེབ་ཨང་ ༦༣ པ། ཤོག་ ༨༡༧) གསལ་བ་ལས་ནཱ་ལེནྡྲར་དབྱར་གནས་མཛད་ཚུལ་མི་གསལ་བས་དཔྱད་དགོས་པར་སྣང་ངོ་།།

[21] https://www.youtube.com/watch?v=ulDzLjz0wdw

[22] རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག །འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༣

[23] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་ ༣༣༣ པར་རྒྱལ་པོ་གང་བའི་གོ་ཆས་བཞེངས་པའི་སྟོན་པའི་ཟངས་སྐུ་ཐོག་ཚད་དྲུག་པ་དང་། ཞེས་པ་འདི་རྫོགས་བྱེད་དང་གང་བ་ཞེས་བསྒྱུར་ཚུལ་མ་འདྲ་བ་ཙམ་ལས་དོན་ལ་རྫོགས་བྱེད་གོ་ཆ་དང་། གང་བའི་གོ་ཆ་གཅིག་པ་ཡིན་འདུག་སྙམ།

[24] ནཱལནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༧༣

[25] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༠

[26] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༤

[27] སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་འབུམ། ༼༣༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ཤོག་ ༧༢༩

[28] བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ་དང་པོ། ཀ་བློན་སྦུག་ཞྭ་སྒབ་ཤག །༡༩༧༦ ལོ། ཤོག་གྲངས་ ༧༤

[29] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༢༩༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༧༣ ནས་ ༣༠༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *