༣༽ ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ།

༣༽ ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ།

 

དེ་ཡང་སྤྲུལ་པའི་གཏེར་ཆེན་མཆོག་འགྱུར་བདེ་ཆེན་གླིང་པའི་ (1829-1870) ཞབས་ཀྱིས་མཛད་པའི་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས[1]།

སྐ་བ་དཔལ་བརྩེགས་ཐུགས་རྗེའི་རང་འོད་ཞིག༔

མངའ་རིས་སྟོད་ན་བཟང་པོའི་ལོ་ཙཱར་སྐྱེས༔

དེ་དང་དེ་ཡི་བརྒྱུད་པ་འཛིན་པ་ཡིས༔

མཐའ་ནས་དབུས་སུ་མདོ་སྔགས་བསྟན་པ་ནི༔

ཐོ་རེངས་སྐར་ཆེན་ཤར་བ་བཞིན་དུ་སྣང་༔

ཞེས་གསུངས་པ་ལྟར། གངས་ཅན་སྐད་གཉིས་སྨྲ་བ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་མཆོག་ནི། བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཤིན་ཏུ་ཆེ་བའི་ལོ་ཙཱ་བ་ཞིག་སྟེ། རབ་བྱུང་མ་ཚུགས་གོང་གི་ས་རྟ་ཕྱི་ལོ་ ༩༥༨ ལོར་མངའ་རིས་གུ་གེའི་ཆ་སྙུང་ཝཾ་རཏྣ་ཞེས་པའི་ཡུལ་དུ་ཡབ་གཞོན་ནུ་དབང་ཕྱུག་དང་། ཡུམ་ཅོག་རོ་ཀུན་བཟང་ཤེས་རབ་བརྟན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པར་མཁན་པོ་ཡེ་ཤེས་བཟང་པོ་ལས་རབ་ཏུ་བྱུང་། དགུང་ལོ་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བས། དགུང་ལོ་བཅུ་བདུན་ཐོག་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་མངགས་ལྟར་ཁོང་སོགས་མི་ ༢༧ ཁ་ཆེའི་ཡུལ་ (ཀསྨིར) དུ་མངགས་པ་ལྟར་བྱོན་ཏེ་པཎྜི་ཏ་ནཱ་རོ་པ་སོགས་པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན་ནས་མདོ་དང༌། སྔགས། སྒྲ་རིག་པ། ཚད་མ། གསོ་བ་རིག་པ། རིག་གནས་སོགས་མཐར་ཕྱིན་པར་སྦྱངས་ཏེ་བོད་དུ་བྱོན། འཆད་རྩོད་རྩོམ་བསྒྱུར་གང་ཅིར་ཐོགས་པ་མེད་པར་གྱུར་ཏེ་བསྟན་པ་ཕྱི་དར་གྱི་སྐབས་སུ་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མར་གྱུར།

ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐུན་རྐྱེན་སྦྱར་ནས་གསང་སྔགས་ཀྱི་གཞུང་དང་སྨན་གཞུང་མང་པོ་བསྒྱུར། སངས་རྒྱས་སྐར་རྒྱལ་བཏུལ། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌། དེའི་འགྲེལ་པ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པས་བོད་ཡུལ་དུ་དར་རྒྱས་གྱུར་པས་མ་ཚད། དཔལ་ཕག་མོ་གྲུ་པའི་དུས་རྒྱ་ནག་ཏུའང་དར་བས་རྒྱལ་པོ་ཧྭང་ཐེའི་ཧུའི་ཨི་ཅིའི་དུས་ཡར་ཀླུངས་མཆིག་སྨན་གྱིས་བསྐུལ་ནས་ཕོ་བྲང་ཏའི་ཏུང་དུ་ཡེ་ཤེས་དཔལ་གྱིས་ཞུས་དག་མཛད་དེ་བརྐོས་པའི་རྒྱ་པར་ཡང་ཡོད། ལོ་ཆེན་འདི་ཉིད་ལ་གསོ་རིག་གི་བརྒྱུད་པ་འཛིན་པའི་སློབ་མའི་ཐུ་བོ་རུ་གྱུར་པ་སྤུ་རེངས་ཀྱི་སྨན་པ་མི་བཞིའི་གཙོས་བོད་ཡུལ་ཀུན་ཏུ་ཁྱབ་པར་གྱུར་ཏེ་མཛད་རྗེས་ཤིན་ཏུ་ཆེའོ།།

གཞན་ཡང་གཏེར་ཆེན་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས[2]། དུས་ཕྱིས་སྔགས་མཚན་ཉིད་ཀྱི་འགྱུར་འགོ་ཐམས་ཅད་ལོ་ཙཱ་བ་རིན་ཆེན་བཟང་པོས་བཙུགས་པ་ཡིན། ཞེས་དང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[3]། བསྟན་པ་སྔ་དར་ལས་ཕྱི་དར་སྔགས་ཀྱི་བསྟན་པ་བོད་དུ་དར་བ་ཡང་ཕལ་ཆེར་ལོ་ཙཱ་བ་ (རིན་ཆེན་བཟང་པོ།) འདི་ཁོ་ནའི་བཀའ་དྲིན་ཆེན་ཡིན། ཞེས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་[4]ཀྱང་། བསྟན་པ་ཕྱི་དར་གྱི་མདོ་སྔགས་ཀྱི་བཀའ་དྲིན་ཕལ་ཆེར་ (རིན་ཆེན་བཟང་པོ།) ཁོང་གི་ངོ་ལ་བྱུང་། ཞེས་ཐམས་ཅད་མགྲིན་དབྱངས་གཅིག་ཏུ་བསྔགས་པ་ལྟར། རྒྱ་གར་དང་ཁ་ཆེའི་པཎྜི་ཏ་མང་པོ་བོད་དུ་གདན་དྲངས་ནས་བཀའ་འགྱུར་དང་བསྟན་འགྱུར་མང་པོ་བོད་ཡིག་ཏུ་བསྒྱུར། ལོ་རྒྱུས་ཐོག་ཏུ་ལོ་ཙཱ་བ་འདི་པའི་སྔོན་དུ་བསྒྱུར་བའི་གསང་སྔགས་ལ་གསང་སྔགས་རྙིང་མ་དང་། རྗེས་སུ་བསྒྱུར་བ་དག་ལ་གསང་སྔགས་གསར་མ་ཞེས་འབོད།

༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་དཔལ་ལྡན་གསོ་བ་རིག་པའི་ཁོག་འབུབས་ལེགས་བཤད་བཻཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་ལས[5]། ལོ་ཆེན་གྱིས་དེ་ཉིད་བསྡུས་པ་དང་། གསང་བ་འདུས་པ་སོགས་རྣལ་འབྱོར་ཕའི་རྒྱུད་ཤས་ཆེར་བསྒྱུར་ལ། སློབ་མ་ལོ་ཙཱ་བ་མཆོག་ཏུ་མཁས་པ་མང་དུ་བྱུང་བ་རྣམས་ཀྱིས་འདུལ་བའི་སྡེ་སྣོད་མང་པོ་དང་། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་རྒྱུད་མང་དུ་བསྒྱུར་བ་མཛད། ལོ་ཆེན་འདི་ལ་གསོ་རིག་གི་བརྒྱུད་འཛིན་པུ་ཧྲང་གི་སྨན་པ་མི་བཞིས་གཙོས་སློབ་མ་ཡང་སློབ་མང་དུ་བྱུང་ཡོད། ཅེས་གསུངས་པ་ལྟར། རྗེ་འདིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བའི་གཞུང་རྣམས་བོད་ཀྱི་མཁས་པ་ཆེན་པོ་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཡིན།

རྒྱལ་པོ་ལྷ་ལྡེ་ཁྲིར་འཁོད་རྗེས་རྗེ་འདིར་རྡོ་རྗེ་སློབ་དཔོན་ཞེས་པའི་མཚན་གསོལ་ཞིང་། མཆོད་གཞིས་ཕུལ་བས་ལོ་རྒྱུས་ཐོག་ཏུ་བླ་མ་དང་དགོན་པར་གཞིས་ཀ་ཕུལ་བའི་སྲོལ་ཚུགས། རྗེ་འདིའི་བཀའ་དྲིན་ལས་དབུས་གཙང་དུ་བསྟན་པ་ཕྱི་དར་མ་ཚུགས་གོང་ནས་མངའ་རིས་སུ་བསྟན་པ་དར། སློབ་མ་གྲགས་ཆེ་བ་ནི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན་སོགས་དང་། ཞུས་ཆེན་འཕེར་བའི་ལོ་ཙཱ་བའང་བཅུ་ལྷག་ཙམ་ཡོད། སྤྱིར་ཆོས་ཚན་གྲངས་ཀྱི་སྒོ་ནས་བརྩིས་ན་ཞང་ཡེ་ཤེས་སྡེས་ཆོས་བསྒྱུར་བ་མང་ཤོས་དང་། དེ་ནས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ཡིན་འདུག་ཀྱང་། ལྡེབ་མའི་ངོ་གྲངས་ལ་གཞིགས་ན་ལོ་ཆེན་རིན་ཆེན་བཟང་པོ་བསྒྱུར་མང་ཤོས་སུ་མིན་ནམ་སྙམ་མོ། །མཐར་དགུང་གྲངས་ ༩༨ ལ་ཕེབས་པ་རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་ ༡༠༥༥ ལོར་སྐུ་གཤེགས་པའོ།།

མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1502-1566/67) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[6]། དེ་ཡང་སུམ་སྟོང་བརྒྱ་པའི་སྐབས་སུ་ཐོག་མར་བྱོན་པའི་མཁས་པ་ཆེན་པོ་བཀའ་དྲིན་ཆེ་བ་ནི། ལོ་ཆེན་རིན་ཆེན་བཟང་པོ་སྟེ། སུམ་སྟོང་བརྒྱ་དང་གསུམ་དུ་སླེབས་པའི་ལྕགས་ཕོ་རྟ་ལོ་སྟེ་ཕྱི་ལོ་ ༩༧༠ ལོར་རིན་ཆེན་བཟང་པོ་བལྟམས། ལོ་འདི་ཕྱི་དར་ས་མོ་བྱ་ནས་ཉེར་གཅིག་འདས་པའི་ཉེར་གཉིས་པ་ཡིན། འདི་ནས་དེང་སང་བར་ལ་ལྔ་བརྒྱ་དང་གོ་ལྔ་ལོན་ནོ། །ལོ་ཆེན་འདི་ལ་སློབ་མ་མང་དུ་ཡོད་ཀྱང་། ལོ་ཆུང་ལེགས་པའི་ཤེས་རབ། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གྲབ་པ་གཞོན་ནུ་ཤེས་རབ། གྱི་ནོར་ཛྙཱ་ན་དང་བཞི་ལ་ཐུགས་ཀྱི་སྲས་བཞི་ཟེར། པུ་རངས་པ་ཨན་སྟོབས་གྲགས་རིན། རྒྱ་ཡེ་ཚུལ། དགུང་པ་དགེ་བཤེས། མར་ཡུལ་བ་དཀོན་མཆོག་བརྩེགས་བཞི་ནི། ལོ་ཆེན་དང་ལོ་ཆུང་གཉིས་ཀའི་སློབ་མ་ཡིན། ཞེས་དང་། ཕྱི་ལོ་ ༡༠༦༧ ལོར་གཤེགས་པར་གསལ་ལོ།།

རྣམ་ཐར་ཞིབ་ཕྲ་མཁྱེན་པར་འདོད་ན་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོ་བཞུགས་སོའི་མཐའ་ཅན་དང་། གུ་གེ་ཁྱི་ཐང་པ་ཛྙཱ་ན་ཤྲཱིས་མཛད་པའི་བྱང་ཆུབ་སེམས་དཔའ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འཁྲུངས་རབས་དཀའ་སྤྱད་སྒྲོན་མ་རྣམ་ཐར་ཤེལ་ཕྲེང་ལུ་གུ་རྒྱུད་དང་། ངོར་ཆེན་ཀུན་དགའ་བཟང་པོས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་གསོལ་འདེབས། ཞང་ཞུང་བ་ཕྱོགས་རྣམ་པར་རྒྱལ་བ་ཆོས་ཀྱི་དབང་ཕྱུག་གྲགས་པའི་དཔལ་གྱིས་མཛད་པའི་གངས་ཅན་གྱི་སྐད་གཉིས་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་རྒྱན་ལོ་ཆེན་ཐམས་ཅད་མཁྱེན་པ་རིན་ཆེན་བཟང་པོའི་རྣམ་ཐར་སྙན་དངགས་པུཎྜ་རཱི་ཀའི་ཕྲེང་བ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་འཇིག་རྟེན་མིག་གཅིག་རིན་ཆེན་བཟང་པོའི་བསྟོད་པ་རྙོག་བྲལ་ཡིད་ཀྱི་དང་བ་འདྲེན་བྱེད། ལོ་ཆེན་བློ་བཟང་དཔལ་ལྡན་རིན་ཆེན་གྱི་རྒྱ་མཚོས་མཛད་པའི་འཇིག་རྟེན་མིག་གྱུར་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་གསོལ་འདེབས་སོགས་ལ་སྤྱན་རས་གཡོ་བར་འཚལ་ལོ།།

ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་བསྟོད་པ་རྨད་བྱུང་རྒྱ་མཚོའི་བཀོད་པ་ལས[7]། དཔག་ཡས་དགེ་ཚོགས་རྒྱ་མཚོ་ལས་འཁྲུངས་ཤིང་། །སྐུ་ཡི་རི་དབང་གཟི་བརྗིད་ཕུང་པོ་ཅན། །གངས་རིའི་ཁྲོད་ཀྱི་ཚད་མའི་སྐྱེས་བུ་སྟེ། །མི་འཕྲོག་མཁྱེན་རབ་ལྡན་པ་སྨྲ་བའི་དབང་། །དཀའ་སྤྱད་མཐར་ཕྱིན་འཕགས་པའི་ཡུལ་དུ་བསྒྲོད། །གསུང་རབ་ཀུན་ལ་མི་འཇིགས་སྤོབས་པ་ཅན། །གྲུབ་པའི་རིག་འཛིན་ཀུན་གྱི་གཙོ་བོ་པ། །མཁས་གྲུབ་དུ་མའི་ཞལ་གྱི་བདུད་རྩི་ཐོབ། །རིག་གནསཀུན་ལ་བློ་གྲོས་རྒྱས་པའི་མཐུས། །གངས་རིའི་ཁྲོད་འདིར་སྒྲ་སྐད་བཟློས་གར་བསྒྱུར། །སྔོན་མེད་ཤིང་རྟའི་ལམ་བཟང་རྣམ་ཕྱེ་བས། །ཀུན་གྱི་དབུས་ན་མི་འཇིགས་སེང་གེ་བཞིན། །བསྐྱེད་པའི་རིམ་པ་བརྟན་པ་ལེགས་ཐོབ་ཅིང་། །རྫོགས་རིམ་ཟབ་མོའི་ཏིང་འཛིན་ཕུལ་བྱུང་བས། །སྤྱན་དང་མངོན་ཤེས་ཡོན་ཏན་ཀུན་ཐོབ་སྟེ། །ཁ་བ་རི་པའི་གྲུབ་ཐོབ་ཀུན་གྱིས་བསྐུར། །བཀའ་དང་བསྟན་བཅོས་མཐའ་ཡས་ལེགས་བསྒྱུར་ཅིང་། །རྒྱ་ཆེན་གསུང་རབ་འཁོད་པའི་གཙུག་ལག་ཁང་། །བརྒྱ་ཕྲག་དུ་མ་བཞེངས་པའི་སྟོབས་ལྡན་ཞིང་། །གཞན་ཡང་མཛད་པ་རྨད་བྱུང་དུ་མ་བསྟན། །ལེགས་པར་བཞད་པའི་ངག་གིས་འོད་ཟེར་གྱིས། །གདུལ་བྱ་རྣམས་ཀྱི་བློ་ཡི་མུན་པ་བསལ། །རྟོགས་པ་ཕུལ་དུ་བྱུང་བའི་སྟོབས་མངའ་བས། །བདུད་ཀྱི་སྤྲུལ་པ་ལེགས་པར་བཏུལ་བ་ན། །ཀུན་གྱིས་མཐུན་པར་བསྟོད་དབྱངས་རྒྱ་ཆེར་བསྒྲགས། །དཱི་པཾ་ཀ་རས་མཁས་པ་ཕུལ་ཕྱིན་ཞེས། །བསྟོད་པར་མཛད་པས་མཁྱེན་པའི་གྲགས་པ་ནི། །འཕགས་པའི་ཡུལ་དང་གངས་རིའི་ཡུལ་རྣམས་སུ། །རབ་སྙན་གྲགས་པའི་བ་དན་རིང་དུ་གཡོས། །ཁྱོད་ནི་གང་དང་གང་དུ་གནས་པའི་སར། །ཀུན་ནས་དང་བའི་བློ་ཡིས་འདུད་བྱེད་ཅིང་། །འགྲན་ཟླ་ཀུན་བྲལ་སྐད་གཉིས་སྨྲ་བའི་རྗེ། །རིན་ཆེན་བཟང་པོ་ཞེས་བྱ་གུས་པས་འདུད། །ཅེས་རྣམ་ཐར་གྱི་སྒོ་ནས་བསྟོད་པ་མཛད་པ་ལྟར་རོ།།

གཞན་ཡང་སྐྱེས་མཆོག་རིན་ཆེན་བཟང་པོའི་རྣམ་ཐར་ངོ་མཚར་བ་ལས[8]། སྒོའི་ཕྱི་རིམ་ལ་དུང་གི་ཡི་གེ་གཅིག་བྲིས་ནས། བདག་ལ་སང་ཕོད་དིང་སང་གི་བར་དུ། ཉོན་མོངས་པའི་ཡིད་སྐད་ཅིག་མ་གཅིག་སྐྱེས་ན། མཁའ་འགྲོ་མས་ཆད་པ་ཆོད་ཅིག་ཅེས་བྲིས་སོ། །དེའི་ནང་རིམ་པ་ལ། དངུལ་གྱི་ཡི་གེ་གཅིག་ལ། བདག་ལ་སང་ཕོད་དིང་སང་གི་བར་དུ། བྱང་ཆུབ་ཀྱི་སེམས་སྐད་ཅིག་མ་དང་བྲལ་ན། མཁའ་འགྲོ་མས་ཆད་པ་ཆོད་ཅིག་ཅེས་སོ། །ལྷ་ཁང་གི་ནང་ངོས་སུ་གསེར་གྱི་ཡི་གེ་ལ། བདག་ལ་སང་ཕོད་དིང་སང་གི་བར་ལ། ལུང་མ་བསྟན་གྱི་སེམས་སྐད་ཅིག་མ་གཅིག་རྒྱུད་ལ་སྐྱེས་ན། མཁའ་འགྲོ་མས་ཆད་པ་ཆོད་ཅིག་ཅེས་རྒྱ་རིམ་པ་གསུམ་ལ་དམ་བཅའ་བྲིས་ནས་ཐུགས་དམ་མཛད་པས། དམ་བཅའ་ཚད་དུ་ཕྱིན་ནས། ཆོས་སྐུ་སྤྲོས་བྲལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་སོ། །ཞེས་བྱུང་ངོ་།།

སྒྱུར་རྩོམ་ནི་བཀའ་འགྱུར་གྱི་སྐོར་གཞུང་གྲངས་བཅུ་བདུན་དང༌། བསྟན་འགྱུར་གྱི་སྐོར་གཞུང་སོ་གསུམ། གསང་སྔགས་ཀྱི་སྐོར་པོ་ཏི་བརྒྱ་རྩ་བརྒྱད། གསོ་བ་རིག་པ་དང་བཟོ་རིག་པ་སོགས་ཀྱི་སྐོར་པོ་ཏི་དུ་མ་དང་། མདོར་ན་འགྱུར་གཞུང་ཆོས་ཚན་སུམ་བརྒྱ་ལྷག་བཞུགས་ཤིང་། ལྷག་པར་ཞི་བ་ལྷའི་གསུང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལའང་བསྒྱུར་བཅོས་མཛད། འོན་ཀྱང་དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག་དང་། སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་བཅས་སུ་སྤྱོད་འཇུག་མི་གསལ་བས་དཔྱད་དགོས་ལ། དེ་མིན་ད་དུང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བསྒྱུར་བའི་བསྟན་བཅོས་ཚང་མར་ཞུ་དག་མཛད་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། ལོ་རྒྱུས་ཤེལ་གྱི་ཕྲེང་བ། ལྡི་ལིར་གསར་པ། ༡༩༧༧ ལོ། ཤོག་ ༦༢༩

[2] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ལྷོ་འབྲུག་སྤ་གྲོ། ༡༩༧༩ ལོ། ཤོག་གྲངས་ ༥༤༩

[3] དེབ་ཐེར་སྔོན་པོ། ཡངས་པ་ཅན་ཞྭ་དམར་དགོན་པའི་དཔར་མ། ཤོག་གྲངས་ ཁ ༣བ༢

[4] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༧༥

[5] གསོ་རིག་ཁོག་འབུབས་ལེགས་བཤད་བཻཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན། ཞོལ་དཔར། ཤོག་ ༩༡བ༣

[6] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༧༥

[7] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་སྐོར། པོད། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༦ན༦

[8] ས་སྐྱ་པ་དང་ས་སྐྱ་པ་མ་ཡིན་པའི་བླ་མ་ཁ་ཤས་ཀྱི་རྣམ་ཐར། ༼༢༽ དཔེ་རིང་། ཤོག་གྲངས་ ༨བ༢

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༡ ནས་ ༩༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *