༄༅། །དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སྱཱ་ཥྚ་པ་ད་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་བསྟོད༌[1]པ་རྐང་པ་བརྒྱད་པ་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨོཾ་གྲུབ་པར་གྱུར་ཅིག །ཧཱུཾ་ཧཱུཾ་ཕཊ་ཅེས་དྲག་པོའི་སྒྲ་ཡིས༌[2]སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་པའི། །ཧ་ཧ་ཊ་ཊ་ཞེས་བརྗོད་གང་ཞིག་དུས་ཀུན་དུ་ནི་བདུད་སྡེ༌[3]ཤིན་ཏུ་འཇིགས་མཛད་ཅིང་། །ཀཾ་ཀཾ་ཀཾ་ཞེས་ཐོད༌[4]པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་མཆུ་དང་མཚུངས་པའི་སྐུ། །
བྲུཾ་བྲུཾ་བྲུཾ་ཞེས་ཁྲོས་པའི་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པ་ཁ་གདངས་ཤ་ཟ་ཞིང་། །དབུ༌[5]སྐྲ་དང་ནི་སྨ་ར་ཆེས་སེར་ཉེ་བར་སྤྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར༌[6]མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྱུག་ཅིང་བསྒྱུར༌[7]མཛད་ཀྲུཾ་ཀྲུཾ་ཀྲུཾ་ཞེས་རབ་སྒྲོགས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧ་ཧ་ཧཱུཾ་དང་ཀཱི་ལི་ཀཱི་ལི་ཞེས་སྒྲོགས་ཕྱག་གཡོན་ཁ་ཊྭཱཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་གི་རྒྱུན་འབབ་ཕྱག་གིས་བསྣམས་ཤིང་གསོལ་བ་འཐུང་བ་ལ་དགྱེས་ཤིང་། །ཁཾ་ཁཾ་ཁཾ་ཞེས་གཏུམ་མོའི༌[8]ཕྱག་གཡས་གྲི་གུག་རལ་གྲི་བགེགས་རྣམས་ལ་ནི་རོལ་མཛད་པས། །ཌཾ་ཌཾ་ཌཾ་ཞེས་ཌ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས།[9] །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྵཾ་ཀྵཾ་ཀྵཾ་ཞེས་བཟོད་པའི་ཤུགས༌[10]ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ནས་ཀ་ཀ༌[11]ཧ༌[12]ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོ་ལྟ་བུའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་བྲེལ་པའི་རྒྱན་གྱིས༌[13]ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག༌[14]གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང༌[15]ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོའི་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾ་ཀྵུཾ་ཤྲཱི་ཞེས་སྔགས་ཀྱི་གསུངས༌[16]ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས།[17] །རོལ་པས་རོལ་པ་སེལ་ཞིང༌[18]མི་ཡིས་གང་བའི་མཚོ་ལ་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བ་མཛད། །ཕེཾ་ཕེཾ་ཕཊ་ཅེས་སྒྲོགས་པ་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྲུང་བར༌[19]མཛད་ཅིང་སྒྲུབ་པ༌[20]རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག༌[21]འཇོམས་དྲི་མེད་བརྙེས་པ༌[22]ཆུ་ཉི་བཞིན། །ཙཾ་ཙཾ་ཙཾ་ཞེས་གཏུམ་པའི་ཤུགས་ཀྱིས་རབ་དབྱེ་རྨད་བྱུང་འོད་ཀྱི་འཇིག་རྟེན་སྣང་མཛད་པ། །ཀྲཾ་ཀྲཾ་ཀྲཾ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང་། སཾ་སཾ་སཾ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བཾ་བཾ་བཾ་ཞེས་གཤིན་རྗེ་ལྟར་འགྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡཾ་ཡཾ་ཡཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླིཾ་ཀླིཾ་ཀླིཾ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །པཾ་པཾ་པཾ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་ལ། །སྔགས་བདག་སྔགས་ཀྱི་ལུས་ཅན་ཐུགས་ཀྱི་སྔགས་པ་རྣམས་ལ་འབྲས་བུ་བློ་གྲོས་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས༌[23]འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་སྐྱོང༌དུ་གསོལ། །སྒྲུབ་པ་པོའམ་སློབ་དཔོན་འགའ་ཞིག་ཐོས་འཛིན་གང་ཞིག་བློ་ལྡན་ནུས་པ་དང་། །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་འགྱུར་བ་དང་། །ཚེ་དང་དཔལ་དང་གྲགས་དང་འབྱོར་པ་འཛིན་དང་གཟི་རྒྱས་པ་དང་མཚུངས་མེད་དང་། །ས་སྟེངས༌[24]དང་ནི་མཐོ་རིས་སུའང་དེ་ཡི་བགེགས་ཀྱི་ཚོགས་རྣམས་རྟག་ཏུ་ཉམས་པར་འགྱུར། །དཔལ་ནག་པོ་ཆེན་པོ་ལ་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།
བསྡུར་མཆན།
[1] ནག་པོ་ཆེན་པོའི་བསྟོད་ ༼སྣར།༽ ནག་པོའི་བསྟོད་ ༼པེ།༽ ནག་པོའི་སྟོད་
[2] སྒྲ་ཡིས་ ༼སྣར། པེ།༽ སྒྲ་ཡི་
[3] ནི་བདུད་སྡེ་ ༼སྣར། པེ།༽ ནི་
[4] ཐོད་ ༼སྣར། པེ།༽ པོད་
[5] དབུ་ ༼པེ།༽ དབུས་
[6] སྲུང་བར་ ༼སྣར། པེ།༽ བསྲུང་བར་
[7] བསྒྱུར་ ༼སྣར། པེ།༽ སྒྱུར་
[8] གཏུམ་མོའི་ ༼སྣར། པེ།༽ གཏུམ་པོའི་
[9] སྲུངས། ༼སྣར། པེ།༽ བསྲུངས།
[10] ཞེས་བཟོད་པའི་ཤུགས་ ༼སྣར། པེ།༽ ཞེས་གཟུགས་
[11] ཀ་ཀ་ ༼སྣར། པེ།༽ ཀ་
[12] ཧ་ ༼སྣར། པེ།༽ ཧ་ཀ་
[13] རྒྱུ་མས་བྲེལ་པའི་རྒྱན་གྱིས་ ༼སྣར། པེ།༽ རྒྱུ་མས་འབྲེལ་བས་
[14] སྡུག་ ༼སྣར། པེ།༽ གདུག་
[15] བཟུང་ ༼པེ།༽ གཟུང་
[16] གསུངས་ ༼སྣར། པེ།༽ གསུང་
[17] བསྲེགས། ༼སྣར། པེ།༽ བསྲེག།
[18] སེལ་ཞིང་ ༼སྣར། པེ།༽ སེལ་ཅིང་
[19] སྲུང་བར་ ༼སྣར། པེ།༽ སྐྲོད་པར་
[20] སྒྲུབ་པ་ ༼སྣར། པེ།༽ བསྒྲུབ་པ་
[21] སྡིག་ ༼སྣར། པེ།༽ སྡིགས་
[22] བརྙེས་པ་ ༼སྣར། པེ།༽ བསྙེམས་པ་
[23] ཁྱོད་ཀྱིས་ ༼སྣར།༽ ཁྱོད་ཀྱི་
[24] ས་སྟེངས་ ༼སྣར། པེ།༽ ས་སྟེང་
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།