༄༅། །དགེ་སློང་མ་ཆོས་བྱིན་མས་རྒྱལ་པོ་གསལ་རྒྱལ་ལ་དབྱར་ཁང་གི་ས་བསླང་ཞིང་ཉེ་འཁོར་གྱི་བུད་མེད་དང་སྐྱེས་པ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ཚུལ།
༼འདུལ་བ་རྣམ་པར་འབྱེད་པ་ལས་བཏུས།[1]༽
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་དང་། ཆོས་བྱིན་གཉིས་ལས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ནི་སྤོང་བ་མ་འཁོར་ཡང་སྤོང་བ་མ་དང་ལྡན་པ་ཡིན་ལ།
ཆོས་བྱིན་ནི་མདོ་སྡེའི་མཐའ་པ་འཁོར་ཡང་མདོ་སྡེའི་མཐའ་པ་དང་ལྡན་པ་ཡིན་ཏེ། དེ་གཉིས་དབྱར་ཁང་ཅིག་ཏུ་གནས་པར་ཁས་བླངས་ནས་གང་གི་ཚེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་རྣམ་པར་ལངས་པར་གྱུར་པ་དེའི་ཚེ་ན་ཆོས་བྱིན་གྱིས་རང་གི་འཁོར་ལ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རབ་ཏུ་འབྱུང་བ་དང་རྫོགས་པར་བསྙེན་པ་དགེ་སློང་མའི་དངོས་པོ་རྗེས་སུ་གནང་བ་གང་ཡིན་པ་དེ་ཐམས་ཅད་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལས་བརྟེན་པ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་གཞན་གྱི་སེམས་སྲུང་བའི་གང་ཟག་ནི་བསོད་ནམས་མང་དུ་སྐྱེད་པར་བྱེད་དོ། །ཞེས་གསུངས་ཀྱིས། ཁྱེད་ཅག་ཀྱང་རེ་ཞིག་མི་རྟག་པ་ཉིད་ཡིད་ལ་བྱ་བ་སྒོམས་ཤིག་ཅེས་འདོམས་པར་བྱེད་ཅིང་། དེ་དག་ཀྱང་མི་རྟག་པ་ཉིད་ཡིད་ལ་བྱ་བ་སྒོམ་པར་རྩོམ་མོ། །
གང་གི་ཚེ་ཆོས་བྱིན་གྱི་འཁོར་རྣམ་པར་ལངས་པར་གྱུར་པ་དེའི་ཚེ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཡང་རང་གི་འཁོར་ལ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་དཀའ་བ་སྤྱོད་པ་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མཛད་དེ་བླ་ན་མེད་པའི་མཁྱེན་པ་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ཐམས་ཅད་སེམས་ཅན་ལ་ཕན་པའི་རྒྱུ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་གཞན་གྱི་སེམས་སྲུང་བའི་གང་ཟག་ནི་བསོད་ནམས་མང་པོ་སྐྱེད་པར་བྱེད་དོ་ཞེས་གསུངས་ཀྱིས། ཁྱེད་ཅག་ཀྱང་རེ་ཞིག་མི་རྟག་པ་ཉིད་དང་ལྡན་པའི་མདོ་སྡེའི་མཐའ་དག་ཁ་ཏོན་གྱིས་ཤིག་ཅེས་འདོམས་པར་བྱེད་ཅིང་། དེ་དག་ཀྱང་མི་རྟག་པ་ཉིད་དང་ལྡན་པའི་མདོ་སྡེའི་མཐའ་དག་ཁ་ཏོན་དུ་བྱེད་པར་རྩོམ་མོ། །དགེ་སློང་མ་དག་དེ་ལྟར་ཕན་ཚུན་སེམས་རྗེས་སུ་སྲུང་བས་དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་ཏེ། ཆུ་མེད་པ་ནས་ཨུཏྤ་ལ་བཞིན་ནོ། །ཆོས་བྱིན་ལ་དགེ་བསྙེན་ས་ག་ཞེས་བྱ་བ་མངོན་པར་དད་པས་དེས་ཡོ་བྱད་ཐམས་ཅད་ཀྱིས་དེ་མགྲོན་དུ་བོས་སོ། །
དུས་གཞན་ཞིག་ན་དགེ་བསྙེན་ས་ག་ཆོས་བྱིན་གྱི་རྐང་པ་ལ་ཕྱག་འཚལ་དུ་འོངས་པ་དང་། ཆོས་བྱིན་གྱིས་དེ་ལ་སྨྲས་པ། བཞིན་བཟངས་དགེ་སློང་མ་རབ་ཏུ་མང་པོ་དག་དབྱར་ཁང་གཅིག་ཏུ་གནས་པར་ཁས་བླངས་པས་དེ་དག་ཕན་ཚུན་སེམས་རྗེས་སུ་སྲུང་བས་དགེ་བའི་ཆོས་རྣམས་ཀྱིས་མི་འཕེལ་ཏེ་ཆུ་མེད་པ་ནས་ཨུཏྤ་ལ་བཞིན་དུ་གྱུར་ན་ཁྱོད་ཀྱིས་དགེ་སློང་མའི་དགེ་འདུན་གྱི་ཕྱིར་དབྱར་ཁང་བྱེད་དུ་འཇུད་ནུས་སམ། དེས་སྨྲས་པ། འཕགས་མ་བདག་ལ་ཀཱར་ཥཱ་པ་ཎ་དག་ནི་མཆིས་ན་ས་གཞི་རྒྱལ་པོ་དབང་བས་ས་གཞིའི་སླད་དུ་རྒྱལ་པོ་ལ་གསོལ་བ་མཛོད་ཅིག་དང་དེར་བདག་གིས་དབྱར་ཁང་བགྱིད་དུ་སྩལ་ཏོ། །དགེ་སློང་མ་ཆོས་བྱིན་བཙུན་མོ་ཕྲེང་ལྡན་མའི་གན་དུ་སོང་བ་དང་། བཙུན་མོ་ཕྲེང་ལྡན་མས་སྨྲས་པ། འཕགས་མ་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །
འཕགས་མ་སྐུ་དོན་ཅི་ཞིག་གི་སླད་དུ་བྱོན། བདག་དགེ་སློང་མའི་དབྱར་ཁང་ཞིག་བགྱིད་དུ་སྩོལ་བར་འཚལ་ན། ས་གཞི་རྒྱལ་པོར་དབང་བས་ས་གཞིའི་སླད་དུ་རྒྱལ་པོ་ལ་གསོལ་བ་བགྱི་བར་འཚལ་ལོ། །འཕགས་མ་ཁྱོད་བཞུད་ཅིག་དང་། བདག་གིས་འཕགས་མའི་སླད་དུ་ལྷ་ལ་གསོལ་བར་བགྱིའོ། །ཆོས་བྱིན་སོང་བ་དང་བཙུན་མོ་ཕྲེང་ལྡན་མ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་སོང་སྟེ་དེས་སྨྲས་པ། ལྷ་ཁྱོད་ཀྱི་ཕོ་བྲང་དུ་འཕགས་མ་ཆོས་བྱིན་བྱོན་པར་གྱུར་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། །དེ་ཅིའི་སླད་དུ་བྱོན། དེ་དགེ་སློང་མའི་དབྱར་ཁང་ཞིག་བགྱིད་དུ་སྩོལ་བར་བཞེད་ནས། དོག་ས་རྒྱལ་པོ་མངའ་བས་དོག་སའི་སླད་དུ་རྒྱལ་པོ་ལ་གསོལ་བ་བགྱིད་ཅེས་མཆིའོ། །རྒྱལ་པོས་སྨྲས་པ། གལ་ཏེ་འཕགས་མ་ཆོས་བྱིན་རེ་ཞིག་གནས་འདི་ཉིད་དུ་བཞེད་ན་ཡང་དེ་འདི་ཉིད་དུ་བཞུགས་ལ་རག་སྟེ། ངའི་ཕོ་བྲང་གཞན་དུ་བྱེད་དུ་གཞུག་གོ །གལ་ཏེ་མི་བཞེད་ན་གང་དུ་དགྱེས་པ་དེ་དབྱར་ཁང་བགྱིད་དུ་སྩོལ་ལ་རག་གོ །བཙུན་མོ་ཕྲེང་ལྡན་མས་ཆོས་བྱིན་ལ་ལྷས་འཕགས་མ་ལ་དམ་པ་གསོལ་ཏེ། གལ་ཏེ་འཕགས་མ་ཆོས་བྱིན་གནས་འདི་ཉིད་དུ་བཞེད་ན་ཡང་དེ་འདི་ཉིད་དུ་བཞུགས་ལ་རག་སྟེ་ངའི་ཕོ་བྲང་གཞན་དུ་བྱེད་དུ་གཞུག་གོ །གལ་ཏེ་མི་བཞེད་ན་གང་དུ་དགྱེས་པ་དེར་དབྱར་ཁང་བགྱིད་དུ་སྩོལ་ལ་རག་ཅེས་བྱུང་ངོ་ཞེས་སྤྲིང་ངོ་། །
ཆོས་སྦྱིན་གྱིས་དགེ་བསྙེན་ས་ག་ལ་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱིས་བདག་ལ་དམ་པ་བྱིན་ཏེ། གལ་ཏེ་འཕགས་མ་ཆོས་བྱིན་རེ་ཞིག་གནས་འདི་ཉིད་དུ་བཞུགས་ལ་རག་སྟེ་ངའི་ཕོ་བྲང་གཞན་དུ་བྱེད་དུ་གཞུག་གོ །གལ་ཏེ་མི་བཞེད་ན་གང་དུ་དགྱེས་པ་དེར་དབྱར་ཁང་བགྱིད་དུ་སྩོལ་ལ་རག་ཅེས་བྱུང་ངོ་ཞེས་སྤྲིང་ངོ་། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་རལ་གྲིའི་མཐུ་ཅན་དང་། རྒྱལ་རིགས་བཟང་པོ་བ་ཞེས་བྱ་བའི་ཁྲོམ་གཉིས་ཡོད་པ་ལས། རལ་གྲིའི་མཐུ་ཅན་གྱི་ཁྲོམ་དམག་གི་གནས་སུ་སོང་བ་དང་། དེ་དག་གི་ཆུང་མ་རྣམས་སྐྱེས་པ་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་པས་ཕྱོགས་དེ་གོ་སྐབས་དབེན་པར་གྱུར་ནས་ཆོས་བྱིན་གྱིས་སྨྲས་པ། ཕྱོགས་འདིར་དབྱར་ཁང་བྱེད་དུ་ཆུགས་ཤིག དགེ་བསྙེན་ས་གས་ཕྱོགས་དེར་དབྱར་ཁང་བྱེད་དུ་བཅུག་ནས་དགེ་སློང་མ་རྣམས་ཀྱིས་དེར་གནས་པར་བརྩམས་སོ། །
རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་དམག་གི་གནས་ནས་ཕྱིར་འོངས་ཏེ། དེ་དག་གིས་ཆུང་མ་དེ་དག་བཀུག་ཅིང་བཀུག་ཅིང་བརྡེག་པར་བརྩམས་པ་དང་། སྲང་དག་ན་དེ་དག་ངུ་བའི་སྒྲ་རྟའི་སྐད་དང་། གླང་པོ་ཆེའི་སྐད་ལྟ་བུའི་སྐད་མཐོན་པོ་དང་། སྐད་ཆེན་པོ་དག་བྱུང་ངོ་། །དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་བདག་ཅག་དགུང་ཆར་གྱིས་འཇིགས་པས་དང་ལ་ཁའི་འོག་ཏུ་ཞུགས་སོ། །ཆོས་བྱིན་གྱིས་བསམས་པ། འདི་དག་ལས་ཁ་ཅིག་ལ་དགེ་བའི་རྩ་བ་ཡོད་དམ་སྙམ་དུ་བསམས་ན། ཡོད་པར་མཐོང་ངོ་། །སུ་ལ་རག་ལས་སྙམ་དུ་བསམས་ན་བདག་ཉིད་ལ་རག་ལས་པར་མཐོང་ནས་དེས་སྨྲས་པ། ནུ་མོ་དག་གདུལ་བ་ལ་ལྟོས་པས་ཐམས་ཅད་བཟོད་པར་བྱའོ། །ཆོས་བྱིན་གྱིས་ཕྱོགས་གཅིག་ཏུ་གྱོ་མོ་སར་པ་བཞག་སྟེ་དགེ་སློང་མ་རྣམས་ལ་སྨྲས་པ། ནུ་མོ་དག་ཁྱེད་ཅག་གང་ལ་སྡེར་ལྷག་ཡོད་པ་དེ་ཐམས་ཅད་གྱོ་མོ་འདིར་ཆུགས་ཤིག །དག་ལ་སྡེར་ལྷག་ཅི་ཡོད་པ་དེ་ཐམས་ཅད་གྱོ་མོ་དེར་འཇུད་པར་བྱེད་དོ། །
དེ་ན་བྱིས་པ་དག་དེར་འོང་བར་གྱུར་ནས་ཆོས་བྱིན་གྱིས་དེ་ནི་ཁྱེའུ་གང་དག་ཡིན་པ་དེ་དག་ལ་ནི་འབྲུ་མར་བྱིན་ནས་གཅིག་གིས་གཅིག་གི་མགོ་སྐུད་དུ་བཅུག་སྟེ་རང་གི་ལག་གིས་བཅའ་བ་དག་སྦྱིན་པར་བྱེད་དོ། །བུ་མོ་གང་དག་ཡིན་པ་དེ་དག་ལ་ནི་བདག་ཉིད་ཀྱིས་འབྲུ་མར་གྱིས་མགོ་བསྐུས་ནས་རང་གི་ལག་གིས་བཅའ་བ་དག་སྦྱིན་པར་བྱེད་དོ། །བྱིས་པ་དེ་དག་གིས་དེ་དག་ཁྱེར་ཏེ་རང་རང་གི་ཁྱིམ་དག་ཏུ་དོང་བ་དང་དེ་དག་གི་མ་དག་གིས་དྲིས་པ། ཁྱེད་ཅག་ལ་འདི་དག་སུས་བྱིན། དེ་དག་གིས་སྨྲས་པ། འཕགས་མ་ཆོས་བྱིན་གྱིས་སོ། །ཆུང་མ་དེ་དག་གིས་བསམས་པ། དོན་གྱིས་ན་འཕགས་མ་ཆོས་བྱིན་ནི་བདག་ཅག་ལ་མ་མའི་བྱ་བ་མཛད་དོ་སྙམ་དུ་རིག་ནས་དེ་ལ་མངོན་པར་དད་པར་གྱུར་ཏེ། དེ་དག་གིས་བསམས་པ། གང་གི་ཚེ་བདག་ཅག་གི་ཁྱིམ་ཐབ་དག་དམག་གི་གནས་སུ་འདོང་བ་དེའི་ཚེ་ན་བདག་ཅག་གིས་ཁྱིམ་ཐབ་དག་བསྐྱལ་ནས་འཕགས་མ་ཆོས་བྱིན་ལ་བསྙེན་བཀུར་བྱའོ་སྙམ་མོ།།
དུས་གཞན་ཞིག་ན་དེ་དག་གི་ཁྱིམ་ཐབ་དག་དམག་གི་གནས་སུ་འཕགས་པ་དང་། ཆོས་བྱིན་གྱིས་དེ་དག་འདུལ་བའི་དུས་ཤེས་ནས་གཙུག་ལག་ཁང་ཆག་ཆག་བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་པས་བསྐུས་ཏེ་འདག་རྫས་དང་། ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་བཞག་ནས་དགེ་སློང་མ་སྐད་སྙན་པ་དག་བསྐོས་ཏེ་བསྡད་པ་དང་། ཆུང་མ་དེ་དག་ཀྱང་ཁྱིམ་ཐབ་དག་བསྐྱལ་ཏེ་ཆོས་བྱིན་གྱི་དྲུང་དུ་ལྷགས་ནས་ཆོས་བྱིན་གྱིས་དེ་དག་ལ་འདག་རྫས་དང་། ལག་པ་བསྙལ་བའི་ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་དག་བྱིན་ནས་ཚིགས་སུ་བཅད་པའི་སྐད་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ཏེ་དགེ་སློང་མའི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་གོ །དེ་དག་ཀྱང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །
ཆོས་བྱིན་གྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཁོང་དུ་ཆུད་ནས་ཇི་ནས་ཀྱང་དེ་དག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པར་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། འཕགས་མ་བདག་ཅག་གིས་དགེ་བའི་བཤེས་གཉེན་འཕགས་མ་ལ་བརྟེན་ནས་འཕགས་མས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་སོ། །འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། འཕགས་མ་བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་ཅག་དགེ་བསྙེན་མར་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་སྐྱབས་སུ་མཆིའོ། །
དེ་དག་མངོན་པར་དད་པར་གྱུར་ནས་ཁྱིམ་ཁྱིམ་དུ་དོང་སྟེ་ཁྱིམ་ཆག་ཆག་བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་པས་བསྐུས་ཏེ་སྤྱོད་ལམ་ཞི་བས་འཁོད་དོ་དེ་དག་གི་ཁྱིམ་ཐབ་དག་དམག་གི་གནས་ནས་ཕྱིར་འོང་བ་ན་བསམས་པ། བདག་ཅག་གི་ཆུང་མ་གླང་པོ་ཆེ་འཚོ་བའམ། བ་ལང་རྫིའམ། སུ་ཞིག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་ཅིང་འདུག་སྙམ་མོ། །དེ་དག་གིས་བདག་ཅག་གི་ཁྱིམ་ཐབ་དག་འོངས་ཞེས་ཐོས་སོ། །ཐོས་ནས་ཀྱང་བཤེས་པ་དང་བཅས་པའི་ཚིག་གིས་རྗེའི་སྲས་དག་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ་ཞེས་བསུ་ནས་དེ་དག་རང་རང་གི་ཁྱིམ་དུ་དོང་བ་དང་། དེ་དག་རང་རང་གི་ཆུང་མ་དག་གིས་བསྐུ་མཉེ་དང་དྲིལ་ཕྱི་བྱས་ཏེ་ཁྲུས་བྱས་ནས་ལེགས་པར་བསྐུས་ཏེ་ཟས་བྱིན་ནོ། །
དེ་དག་གིས་བསམས་པ། འདི་དག་གི་སྤྱོད་ལམ་འདི་ལྟ་བུ་ནི་སྔོན་མ་བྱུང་ངོ་སྙམ་ནས་དེ་དག་ལ་དྲིས་པ། བཟང་མོ་དག་ཁྱེད་ཀྱི་སྤྱོད་ལམ་འདི་ལྟ་བུ་འདི་སྔོན་མ་བྱུང་བ་ཡིན་ན་ཇི་ལས་གྱུར། དེ་དག་གིས་སྨྲས་པ། རྗེའི་སྲས་དག་འཕགས་མ་ཆོས་བྱིན་གྱིས་བདག་ཅག་ལ་ཇི་ནས་ཀྱང་བདག་ཅག་འཁོར་བ་ན་འཁོར་བ་རྣམས་ལ་སླན་ཆད་ཉོན་མོངས་པ་དེ་ལྟ་བུ་ཀུན་ཏུ་འབྱུང་བར་མི་འགྱུར་བ་དེ་ལྟར་ཆོས་བསྟན་པ་མཛད་དོ། །དེ་དག་གིས་བརྡེག་པ་དང་། བསམས་པ། འཕགས་མ་ཆོས་བྱིན་ནི་མ་དུལ་བ་འདུལ་བར་མཛད་པ་ཡིན་ཏེ། དེས་འདི་དག་བཏུལ་བ་ལྟ་སྟེ། གང་གི་ཕྱིར་བདག་ཅག་གིས་འདི་དག་བསད་པ་དང་། བཅིང་བ་དང་། སྤྱོ་བས་གདུལ་བར་མ་ནུས་པ་དག་འཕགས་མ་ཆོས་བྱིན་གྱིས་ཆོས་བསྟན་པས་བཏུལ་བས་འཕགས་མ་ཆོས་བྱིན་གྱིས་བདག་ཅག་ལ་ཕན་བཏགས་ཀྱིས། བདག་ཅག་གིས་ཀྱང་རྒྱལ་པོ་བལྟས་ཏེ་འཕགས་མ་ཆོས་བྱིན་ལ་བསྙེན་བཀུར་བྱའོ་སྙམ་མོ། །
ཆོས་བྱིན་གྱིས་ཀྱང་དེ་དག་གདུལ་བའི་དུས་ཤེས་ནས་གཙུག་ལག་ཁང་ཆག་ཆག་ བཏབ། ལེགས་པར་བྱུགས། ལྕི་བ་སར་པའི་བྱུག་པས་བསྐུས་ཏེ་འདག་རྫས་དང་། ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་བཞག་ནས་དགེ་སློང་མ་སྐད་སྙན་པ་དག་བསྐོས་ཏེ་བསྡད་པ་དང་། དེ་དག་ཀྱང་རྒྱལ་པོ་བལྟས་ནས་ཆོས་བྱིན་གྱི་དྲུང་དུ་ལྷགས་པ་དང་། ཆོས་བྱིན་གྱིས་དེ་དག་ལ་འདག་རྫས་དང་། ལག་པ་བསྙལ་བའི་ཆུ་དང་། དྲི་དང་། བདུག་པ་དང་། མེ་ཏོག་དང་། པོག་པོར་དག་བྱིན་ནས་ཚིགས་སུ་བཅད་པའི་སྐད་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་ཏེ་དགེ་སློང་མའི་དགེ་འདུན་གྱི་གོང་དུ་སྟན་བཤམས་པ་ཉིད་ལ་འདུག་དེ་དག་ཀྱང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །
ཆོས་བྱིན་གྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་རང་བཞིན་ཁོང་དུ་ཆུད་ནས་ཅི་ནས་ཀྱང་དེ་དག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟར་ཆོས་བསྟན་པ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་སྨྲས་པ། འཕགས་མ་བདག་ཅག་གིས་དགེ་བའི་བཤེས་གཉེན་འཕགས་མ་ལ་བརྟེན་ནས་འཕགས་མས་བདག་ཅག་ལ་གང་མཛད་པ་འདི་ལྟ་བུ་ནི་བདག་ཅག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷ་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་དག་གིས་ཀྱང་མ་བགྱིས། དགེ་སྦྱོང་དང་། བྲམ་ཟེ་དག་གིས་ཀྱང་མ་བགྱིས། བྱམས་པ་དང་། མཛའ་བཤེས་དང་། རྩ་ལག་གི་ཚོགས་ཀྱིས་ཀྱང་མ་བགྱིས་ཏེ། ཁྲག་དང་། མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་དག་ལས་ནི་བསྒྲལ། ངན་སོང་གི་སྒོ་དག་ནི་བཀུམ། མཐོ་རིས་དང་ཐར་པའི་སྒོ་དག་ནི་ཕྱེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དག་ནས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་ཀྱི་ནང་དུ་ནི་བཞག །འཁོར་བ་ནི་མཐར་བགྱིས། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཐོབ་སྟེ། འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་སོ། །འཕགས་མ་བདག་ཅག་ནི་མངོན་པར་ཞུགས་པ་ལགས་ཏེ། འཕགས་མ་བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིས། བདག་ཅག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་གློ་བ་ཐག་པ་ནས་སྐྱབས་སུ་མཆིའོ། །
དེ་དག་མངོན་པར་དད་པར་གྱུར་ནས་ཡང་སྨྲས་པ། འཕགས་མ་བདག་ཅག་གིས་ད་ནི་སྲོག་ཆགས་གྲོག་སྦུར་ལ་ཡང་བསམས་བཞིན་དུ་སྲོག་འགུམས་པའི་རྔོ་མི་ཐོག་ལ། བདག་ཅག་ནི་མཚོན་ཆས་འཚོ་བ་ལགས་ན་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཆོས་བྱིན་གྱིས་སྨྲས་པ། གཞུ་གཞུ་རྒྱུད་མེད་པ་དག་དང་། མདའ་མདེའུ་མེད་པ་དག་དང་། ཤིང་གི་རལ་གྲི་དག་ཐོགས་ཤིག །དེ་དག་གཞུ་གཞུ་རྒྱུད་མེད་པ་དག་དང་། མདའ་མདེའུ་མེད་པ་དག་དང་། ཤིང་གི་རལ་གྲི་དག་ཐོགས་སོ། །གང་གི་ཚེ་དེ་དག་གིས་བདེན་པ་དག་མཐོང་བ་དེའི་ཚེ་ན་ཕྱིན་ཆད་བརྒྱན་པོས་རྩེ་བར་མི་བྱེད། ཆང་འཐུང་བར་མི་བྱེད། བུད་མེད་གཞན་དག་དང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་བྱེད་པས་དེ་དག་ལོངས་སྤྱོད་དག་གིས་ཕྱུག་པ་དང་ཉེ་བར་བསགས་པར་གྱུར་ཏོ། །དེ་དག་གི་གླང་པོ་ཆེ་དག་དང་། རྟ་དག་ཀྱང་ཡོངས་སུ་མ་སྤྱད་པས་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཏོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་རི་བྲགས་པ་ཞིག་ལོག་ནས་དེར་དམག་རུ་གཅིག་བཏང་ན་བཅོམ་པ་དང་། རབ་ཏུ་བཅོམ་པ་དང་། སོ་སོར་བཅོམ་པར་གྱུར། དེ་བཞིན་དུ་རུ་གཉིས་པ་བཏང་ན་དེ་ཡང་བཅོམ་པ་དང་། རབ་ཏུ་ཏེ་ཕྱིར་འོངས་སོ། བཅོམ་པ་དང་། སོ་སོར་བཅོམ་པར་གྱུར་ཏེ་ཕྱིར་འོངས་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ། ལྷ་རི་བྲགས་པའི་དཔུང་ནི་སྐྱེས་ཤིང་ལྷའི་དཔུང་ནི་ཉམས་ཏེ་གལ་ཏེ་ལྷ་ཉིད་དེར་མ་གཤེགས་ན་རི་བྲགས་པ་བསྒྲུབ་དཀའ་བར་འགྱུར་རོ། །
རྒྱལ་པོས་དྲིལ་བསྒྲགས་པ་བྱས་ཏེ་ངའི་ཡུལ་ན་མཚོན་ཆས་འཚོ་བ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་དེར་འགྲོ་བར་བྱའོ་ཞེས་བསྒོ་ནས། རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ་ཆས་སོ། །ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་ལ་རལ་གྲིའི་མཐུ་ཅན་དང་། རྒྱལ་རིགས་བཟང་པོ་པ་བྱ་བའི་ཁྲོམ་གཉིས་ཡོད་པ་ལས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་ནི་མདུན་དུ་འགྲོ་བའི་མི་ཡིན་ལ། རྒྱལ་རིགས་བཟང་པོའི་ཁྲོམ་ནི་ཕྱི་ནས་འོང་བའི་མི་ཡིན་པས་རྒྱལ་པོས་རལ་གྲིའི་མཐུ་ཅན་གྱི་ཁྲོམ་མདུན་དུ་སོང་བའི་མི་དག་ཚོ་ཞིང་པགས་པ་དང་། ཤ་དང་། ཁྲག་རྒྱས་པ་དང་། དེ་དག་གི་གླང་པོ་ཆེ་དག་དང་། རྟ་དག་ཀྱང་ཚོ་ཞིང་པགས་པ་དང་། ཤ་དང་། ཁྲག་རྒྱས་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁྲོམ་འདི་གང་གི་ཡིན། དེ་དག་གིས་སྨྲས་པ། ལྷའི་ཁྲོམ་རལ་གྲིའི་མཐུ་ཅན་ཞེས་བགྱི་བ་མདུན་དུ་མཆི་བ་ལགས་སོ། །རྒྱལ་པོས་རྒྱབ་ཏུ་བལྟས་པ་དང་ཇི་ཙམ་ན་རྒྱལ་རིགས་བཟང་པོ་པའི་ཁྲོམ་གྱི་མི་དག་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པ་དང་། དེ་དག་གི་གླང་པོ་ཆེ་དག་དང་། རྟ་དག་ཀྱང་རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པ་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འདི་གང་གི་ཁྲོམ་ཡིན། དེ་དག་གིས་སྨྲས་པ། ལྷའི་ཁྲོམ་རྒྱལ་རིགས་བཟང་པོ་པ་ཞེས་བགྱི་བ་སླད་བཞིན་མཆི་བ་ལགས་སོ། །
རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཅི་འདི་དག་དབང་ཐང་མཉམ་པར་མི་སྦྱིན་ནམ། དེ་དག་གིས་སྨྲས་པ། ལྷ་དབང་ཐང་མཉམ་པར་སྩོལ་ཏོ། །དེ་དག་བོས་ཤིག །དེ་དག་བོས་པ་དང་རྒྱལ་པོས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་དབང་ཐང་མཉམ་པར་མི་སྦྱིན་ནམ། ལྷ་མཉམ་པར་སྩོལ་ཏོ། །འོ་ན་ཅིའི་ཕྱིར་རལ་གྲིའི་མཐུ་ཅན་གྱི་ཁྲོམ་འདི་དག་ནི་འབྱོར་པ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ལ། རྒྱལ་རིགས་བཟང་པོའི་ཁྲོམ་ཁྱེད་ནི་རྒུད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པར་གྱུར། ལྷ་གལ་ཏེ་བདག་ཅག་ཀྱང་གཞུ་གཞུ་རྒྱུད་མ་མཆིས་པ་དང་། མདའ་མདེའུ་མ་མཆིས་པ་དང་། ཞུགས་ཤིང་གི་རལ་གྲི་དག་ཐོགས་ཤིང་མཚོན་ཆ་དག་བཙོངས་ཤིང་བཙོངས་ཤིང་འཚལ་བར་འགྱུར་ན། བདག་ཅག་ཀྱང་འབྱོར་པ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་འགྱུར་རོ། །གཞན་ཡང་འདི་དག་གི་གླང་པོ་ཆེ་དག་དང་། རྟ་དག་ནི་ཡོངས་སུ་མ་སྤྱད་ལ། བདག་ཅག་གི་རྟ་དང་། གླང་པོ་ཆེ་དག་ནི་ཡོངས་སུ་སྤྱད་དོ། །
རྒྱལ་པོས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་དེ་ལྟར་གྱུར་པ་བདེན་ནམ། ལྷ་མད་དོ། །ཅི་ཁྱེད་ཅག་ད་དེར་ཁྲིད་ལ་རི་བྲགས་སུ་བསད་པར་འདོད་དམ། དེ་དག་གིས་སྨྲས་པ། ལྷ་ཅི་ལགས་མཚོན་ཆས་གཡུལ་སྤྲོད་དམ། མིས་གཡུལ་སྤྲོད། རྒྱལ་པོས་སྤྱོས་ཏེ་སྨྲས་པ། གལ་ཏེ་མཚོན་ཆས་གཡུལ་མི་སྤྲོད་ན་ཁྱེད་ཅག་ཉིད་དེང་ལ་རི་བྲགས་པ་དེ་ཕོབས་ཤིག་ཅེས་སྨྲས་ཏེ་རྒྱལ་པོ་དེ་ཉིད་ནས་ཕྱིར་ལོག་གོ །རལ་གྲིའི་མཐུ་ཅན་གྱི་ཁྲོམ་དེ་དག་ཆོས་བྱིན་གྱི་གན་དུ་སོང་སྟེ་སྨྲས་པ། འཕགས་མ་བདག་ཅག་རྒྱལ་པོས་དམག་གི་གནས་སུ་བསྐོས་ན་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཆོས་བྱིན་གྱིས་སྨྲས་པ། དེངས་ཤིག་དང་། ཁྱེད་ཅག་དེར་དོང་བ་རྣམས་ལ་ཉེས་དམིགས་འགའ་ཡང་འབྱུང་བར་མི་འགྱུར་རོ། །
འདི་ལྟར་གང་དང་གང་དུ་འབྲང་འདེབས་པ་དེ་དང་དེར་རྒྱུད་ཆགས་གསུམ་པ་ལྟོས་ཤིག །ཉི་མ་གང་ལ་རི་བྲགས་སྐོར་བར་བྱེད་པའི་ཉི་མ་དེ་ལ་མཚན་ཐམས་ཅད་དུ་ཆོས་མཉན་པ་བྱིན་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའི་མིང་གིས་ཡོན་བཤད་པ་གྱིས་ཤིག དེ་དག་གིས་འཕགས་མ་ཆོས་བྱིན་གྱིས་སྨྲས་པ་ལ་མངོན་པར་བསྟོད་པ་དང་། རྗེས་སུ་ཡི་རང་བ་བྱས་ཏེ། འཕགས་ནས་དེ་དག་གང་དང་གང་དུ་འབྲང་འདེབས་པ་དེ་དང་དེར་རྒྱུད་ཆགས་གསུམ་པ་ཀློག་པར་བྱེད་ཅིང་། གང་གི་ཉིན་མོ་རི་བྲགས་སྐོར་བར་བྱེད་པ་དེའི་ཉིན་མོ་མཚན་ཐམས་ཅད་དུ་ཆོས་མཉན་པ་བྱིན་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའི་མིང་གིས་ཡོན་བཤད་པ་བྱས་པ་དང་། དེའི་ཚེ་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་རྣམས་གནོད་སྦྱིན་འདུ་བར་འཕགས་པ་དང་། དེས་ཡོན་བཤད་པ་བྱེད་པ་དེ་ཐོས་ནས་དེས་བསམས་པ། བདག་གི་མིང་གིས་ཡོན་བཤད་པ་བྱེད་པ་འདི་སུ་ཞིག་སྙམ་ནས་ཇི་ཙམ་ན་ཆོས་ཀྱི་སྤུན་དག་གནས་མ་ཡིན་པར་བསྐོས་པ་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་ལ་སྨྲས་པ། ངའི་ཆོས་ཀྱི་སྤུན་འདི་དག་གནས་མ་ཡིན་པར་བསྐོས་ཀྱིས་སོང་ལ་རི་བྲགས་དེ་ཕོབ་སྟེ་འདི་དག་ལ་བྱིན་ལ་སྲོག་ཆགས་འགའ་ལ་ཡང་མི་གནོད་པར་གྱིས་ཤིག །གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ལྔས་རྩེན་གྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལས་མཉན་ནས། རིའི་རྩེ་མོ་ལྟ་བུའི་གླང་པོ་ཆེ་དག་དང་། རྔ་མོ་ལྟ་བུའི་རྟ་དག་དང་། གཞལ་མེད་ཁང་ལྟ་བུའི་ཤིང་རྟ་དག་དང་། གནོད་སྦྱིན་གདུག་པ་ལྟ་བུའི་མི་དག་མངོན་པར་སྤྲུལ་ནས་རི་བྲག་པ་དག་གིས་དེ་དག་ཐག་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ་། །དེ་དག་གིས་དེ་དག་མཐོང་ནས་སྐྲག་སྟེ་བསམས་པ།
ཡུལ་དང་སྲོག་ལ་གནོད་གྱུར་ན། །སྐྱེས་བུས་ཀུན་ཏུ་སྲོག་བསྲུང་བྱ། །
བློ་ཡིས་གཉིས་ཀ་དཔྱད་བྱས་ན། །ཡུལ་ནི་ཡང་རྙེད་སྲོག་རྣམས་མིན། །
སྙམ་ནས་དེ་དག་གིས་རལ་གྲི་མགུལ་དུ་བཏགས་ཏེ་ས་ནས་བྱུང་བ་དང་། དེ་དག་གིས་དེ་དག་བཟུང་ནས་སྒྱུ་དཔྱ་དང་བཅས་ཏེ་མཉན་ཡོད་དུ་བདས་ནས་ཀོ་ས་ལར་བྱུང་བའི་རྒྱལ་པོ་གསལ་རྒྱལ་གྱི་གན་དུ་དོང་སྟེ་སྨྲས་པ། ལྷ་རི་བྲགས་པ་ནི་འདི་ལགས། སྒྱུ་དཔྱ་ནི་འདི་དག་ལགས་སོ། །རྒྱལ་པོ་དགའ་ནས་དེས་སྨྲས་པ། ཤེས་ལྡན་དག་སྒྱུ་དཔྱ་དག་ཁྱེད་ཅག་ཉིད་ཁྱེར་ཅིག དེ་དག་གིས་བསམས་པ། བདག་ཅག་གསོན་ཞིང་ལྷགས་པ་གང་ཡིན་པ་དེ་ཐམས་ཅད་འཕགས་མ་ཆོས་བྱིན་གྱི་མཐུ་ཡིན་པས་བདག་ཅག་དོང་ལ་སྒྱུ་དཔྱ་འདི་དག་འཕགས་མ་ཆོས་བྱིན་ལ་དབུལ་ལོ་སྙམ་ནས་དེ་དག་གིས་དེ་དག་ཁྱེར་ཏེ་ཆོས་བྱིན་གྱི་གན་དུ་དོང་ནས་སྨྲས་པ། འཕགས་མ་བདག་ཅག་གསོན་ཞིང་ལྷགས་པ་དང་། བདག་ཅག་གི་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པ་གང་ལགས་པ་དེ་ཐམས་ཅད་འཕགས་མ་ཁོ་ནའི་མཐུ་ལགས་ཀྱིས། རྒྱལ་པོས་བདག་ཅག་ལ་སྒྱུ་དཔྱ་སྩལ་བ་འདི་དག་འཕགས་མས་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ།
དེས་སྨྲས་པ། བུ་དག་ལྷ་རྣམས་ཀྱི་ནང་དུ་ཡང་ལྷ་དབུལ་བ་ཡོད་ཀྱིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་གྱིས་ཤིག་དང་། དེས་ཁྱེད་ཅག་གི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །དེ་དག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་སྤྱན་དྲངས་ནས་དེ་དག་སྔ་དྲོ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མཆོད་པ་དག་བྱེད། ཕྱི་དྲོ་ནི་ཆོས་ཉན་པར་བྱེད་དོ། །ཞེས་གསུངས་སོ།། །།
[1] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཆ༽ དེབ་ཨང་ ༦ པ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤༤༤ པ་དང་། འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༥༦ ནས་ ༡༦༧ བར་བཞུགས་པ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།