༄༅། །སློབ་དཔོན་སེངྒེ་བཟང་པོ་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་ འདེབས་པ་ལམ་བཟང་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།
༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །མཐའ་ཡས་འགྲོ་ལ་བརྩེ་བའི་ཐུགས་བསྐྱེད་ཀྱིས། །ཤེར་ཕྱིན་དོན་ལ་སེངྒེའི་སྒྲ་སྒྲོག་ཅིང་། །མན་ངག་ལམ་བཟང་ཇི་བཞིན་གསལ་མཛད་པའི། །འཕགས་མཆོག་སེང་བཟང་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་རིང་ནས་ཐུགས་བསྐྱེད་སྤྱོད་མཛད་ཀྱང་། །ཞིང་འདིར་རྒྱལ་བསྟན་སྙིང་པོ་ཤེར་ཕྱིན་གྱི། །མན་ངག་སྤེལ་ཕྱིར་བསམ་བཞིན་ཆོས་རྒྱལ་གྱི། །རིགས་སུ་སྐུ་འཁྲུངས་མཛད་ལ་གསོལ་བ་འདེབས། །
དེ་ལྟར་ཡུམ་གྱི་ལྷུམས་སུ་གནས་པའི་ཚེ། །སེངྒེའི་གནོད་པ་བྱུང་ཡང་མ་ཟོས་པར། །བདེ་བར་སྐྱེས་པས་སེངྒེ་བཟང་པོ་ཞེས། །མཚན་གསོལ་ཡོངས་སུ་གྲགས་ལ་གསོལ་བ་འདེབས། །ཁྱིམ་གྱི་འདུ་འཛི་འཇིག་རྟེན་བྱ་བ་ཀུན། །མེ་འོབས་ལྟ་བུར་མཐོང་ནས་མ་ཆགས་པར། །བསྟན་ལ་རབ་བྱུང་ཡོངས་རྫོགས་སྡོམ་པ་བཞེས། །ཚུལ་བཞིན་མཁས་པར་སྦྱངས་ལ་གསོལ་བ་འདེབས། །རང་གཞན་གྲུབ་མཐའི་ཕ་རོལ་མཐར་སོན་ཅིང་། །ཤེར་ཕྱིན་མན་ངག་ངེས་པ་གཏིང་ཚུགས་པ། །འབའ་ཞིག་ལུས་དང་སྲོག་ལའང་མི་ལྟ་བར། །འཚོལ་བ་ལྷུར་བླངས་ཁྱོད་ལ་གསོལ་བ་འདེབས། །དེའི་ཚེ་མཁན་ཆེན་བོ་དྷི་ས་ཏྭ་ཉིད། །ཚུལ་བཞིན་བསྟེན་ཏེ་ཀླུ་སྒྲུབ་ཐོགས་མེད་སོགས། །ཟབ་དང་རྒྱ་ཆེའི་ཟླ་མེད་གཞུང་རྣམས་ལ། །ཚིམ་མེད་ཞིབ་ཏུ་སྦྱངས་ལ་གསོལ་བ་འདེབས། །ཐུབ་པའི་དབང་པོས་བྱམས་པ་མགོན་པོ་དང་། །རྗེ་བཙུན་འཇམ་དབྱངས་རིམ་བརྒྱུད་ལམ་གྱི་གནད། །ཡང་ཡང་དམིགས་རྣམས་གོམས་པ་ལྷུར་བླངས་པས། །རྨད་བྱུང་མྱོང་བ་ཐོན་ལ་གསོལ་བ་འདེབས། །སྐལ་ལྡན་རྣམས་ལ་ཤེར་ཕྱིན་ལེགས་སྟོན་ཅིང་། །ད་དུང་བསྟན་ལ་བྱ་བ་ཆེར་དགོངས་ནས། །མཁན་པོར་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས། །རྨི་ལམ་ལུང་བསྟན་མཛད་ལ་གསོལ་བ་འདེབས། །ལུང་བསྟན་ཇི་བཞིན་ཁ་སརྤཱ་ཎི་ལ། །སྒྲུབ་པ་མཛད་དེ་མནལ་ལམ་བརྟག་པ་རུ། །ཐོ་རངས་བྱམས་མགོན་སྐུ་མཛེས་དངོས་མཇལ་ཏེ། །ཕྱག་དང་མཆོད་པ་ཕུལ་ལ་གསོལ་བ་འདེབས། །ཉིད་ཀྱི་གཞུང་འགྲེལ་གང་ལ་འཇུག་པར་བགྱི། །ཞུས་པས་གཞུང་ཀུན་རྟོགས་ལ་འཐད་པ་རྣམས། །ཁྱོད་ཀྱིས་ཕྱོགས་གཅིག་བསྡུས་ལ་རྩོམས་ཤིག་ཅེས། །གསུང་གི་གནང་བ་ཐོབ་ལ་གསོལ་བ་འདེབས། །དེ་ནས་རྒྱལ་པོ་དྷ་རྨས་སྦྱིན་བདག་མཛད། །ཡུམ་དོན་འཆད་དང་ལྷག་པར་ལུང་བསྟན་ལྟར། །འགྲེལ་པ་དོན་གསལ་བརྒྱད་སྟོང་འགྲེལ་ཆེན་སོགས། །ལེགས་བཤད་བསྟན་བཅོས་མཛད་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེ་བྱམས་མགོན་བྱིན་བརླབས་མཐུས། །གཞུང་ཀུན་གཙོ་བོ་འགྲེལ་པ་དོན་གསལ་ནི། །ཐར་འདོད་ཡོངས་ཀྱི་མིག་ཏུ་གྱུར་པ་ཡིས། །བདེ་བླག་ཐར་བར་མཛད་ལ་གསོལ་བ་འདེབས། །མི་ཕམ་མགོན་པོའི་མན་ངག་ལ་བརྟེན་ནས། །རྒྱལ་ཡུམ་སྦས་དོན་ལམ་གྱི་རིམ་པའི་ལུས། །མ་ནོར་ཆ་ཚང་ཤིང་རྟའི་སྲོལ་ཕྱེ་ནས། །རྒྱལ་བསྟན་ཉིན་མོར་མཛད་ལ་གསོལ་བ་འདེབས། །དེ་ལྟར་ཁྱོད་ཀྱི་མཛད་པ་དཔག་མེད་ལས། །ཅུང་ཟད་བརྗོད་ཅིང་གསོལ་བ་བཏབ་པའི་མཐུས། །ངེས་ལེགས་རྩ་བ་མགོན་པོ་ཁྱོད་ཉིད་ཀྱིས། །དུས་ཀུན་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །དེང་ནས་མགོན་ཁྱོད་གཞུང་ལ་ལེགས་སྦྱངས་ཏེ། །ཉམས་སུ་བླང་བྱའི་ལམ་གྱི་རིམ་པའི་གནད། །བདུད་དང་སྡིག་གྲོགས་གང་གིས་མི་འཕྲོག་པར། །ངེས་པ་བརྟན་པོ་རྙེད་པར་བྱིན་གྱིས་རློབས། །དེ་ལྟར་ཚུལ་བཞིན་རྟོགས་པའི་ལམ་རིམ་ཀུན། །ཡང་ཡང་གོམས་པས་ཡིད་ལ་དཔལ་ཐོབ་ནས། །ཤུགས་དྲག་བརྩེ་བས་ཉམ་ཐག་འགྲོ་བ་ཀུན། །བྱང་ཆུབ་ལམ་བཟང་བདེ་ལ་འགོད་པར་ཤོག །བསྟན་པ་ཁོ་ན་ལྷར་བཅས་འགྲོ་བ་ཡི། །བདེ་ལེགས་ཀུན་གྱི་རྩ་བའང་ཡིད་ཆེས་ནས། །ལུས་སྲོག་ཡལ་བོར་གྱུར་ཀྱང་མི་གཏོང་བའི། །སྙིང་སྟོབས་ཆེན་པོས་དམ་ཆོས་འཛིན་གྱུར་ཅིག །དོན་གཉིས་མཐར་ཕྱིན་བྱང་ཆུབ་ལམ་རིམ་ལ། །བློ་མིག་ཅུང་ཟད་ཕྱེ་བ་བླ་མའི་དྲིན། །རྒྱལ་བའི་དགོངས་པ་ཇི་བཞིན་འཇུག་གྱུར་པའི། །བྱིན་རླབས་བཀྲ་ཤིས་དགེ་མཚན་འབར་གྱུར་ཅིག །ཅེས་སློབ་དཔོན་སེངྒེ་བཟང་པོ་ཉིད་ཀྱི་རྣམ་པར་ཐར་པ་མདོ་ཙམ་ཞིག་བརྗོད་པའི་སྒོ་ནས་གསོལ་བ་ འདེབས་པ་ལམ་བཟང་གསལ་བྱེད་ཅེས་བྱ་བ་འདི་ནི། དད་བརྩོན་དང་ལྡན་པ་དགེ་བཤེས་དགེ་སློང་བསྟན་པ་རབ་རྒྱས་ཀྱིས་ཡང་ཡང་བསྐུལ་བའི་ངོར། ༸ལྷ་བཙུན་ངོ་མཚར་གཞན་ཕན་ཕུལ་བྱུང་སངས་རྒྱས་རྒྱ་མཚོས་ཁུངས་བཙུན་པ་རྣམས་ལས་བསྡུས་ཏེ་སྦྱར་བའི་ཡི་གེ་པ་ནི་ཆོས་མཛད་བྱམས་པ་ཆོས་དུང་ངོ་།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།