༥༽ ལོ་ཙཱ་བ་རྨ་བན་ཆོས་འབར།
ལོ་ཙཱ་བ་རྨ་བན་ཆོས་འབར་མཆོག་ནི། (རྨ་ལོ་ཙཱ་བ་རྨ་བན་ཆོས་འབར།) རབ་བྱུང་དང་པོའི་ཤིང་ཕོ་སྤྲེལ་ཕྱི་ལོ་ ༡༠༤༤ ལོར་ལ་སྟོད་ལྷོར་སྐུ་འཁྲུངས། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ནས་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་གནང་མཛད།
དགུང་ལོ་ཞེ་དྲུག་ལ་ཕེབས་པ་རབ་བྱུང་གཉིས་པའི་ས་མོ་སྦྲུལ་ལོ་ཕྱི་ལོ་ ༡༠༨༩ ལོར་ཕེབས་སྐབས་འཁོན་ཕུ་བ་ཉེ་གནས་སུ་ཁྲིད་དེ་ཤབ་ཏུ་བྱོན་པའི་ཚེ་གཞན་གྱིས་དུག་དྲངས་ནས་སྐུ་གཤེགས་པར་གྲགས།
ལོ་ཙཱ་བ་འདི་ཉིད་རྒྱ་གར་ཕྱག་ནའི་ཡང་སློབ་ཡིན། དེ་ཡང་རྒྱ་གར་དུ་ཁ་ཆེ་དགོན་པ་བ་དང་། ཨ་བྷྱ་ཀཱ་ར་གུཔྟ་ལ་སོགས་པར་གསན་པ་མང་དུ་མཛད་ཅིང་བཞུགས་པ་ན། བླ་མ་དེ་རྣམས་ཀྱིས་ཁྱོད་བོད་དུ་སོང་ལ། འཕགས་མ་སྒྲོལ་མའི་སྤྲུལ་པ་འདི་ལྟ་བུ་ཞིག་ཡོད་པ་བསྟེན་ནས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཉམས་ལེན་གྱིས་ཤིག །དེ་ལྟར་བོད་དུ་བྱོན་ནས་མ་གཅིག་ཕྱག་རྒྱར་མཛད་པ་ཡིན་ནོ། །དེ་ནས་རྨ་ལོ་ཙཱ་བས་ཁྱུང་པོའི་ཐད་དུ་རབ་ཏུ་བྱུང་ཞེས་གསུངས། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་ལས། མ་གཅིག་ཞ་མའི་མཛའ་ཕོ་ལ་སྟོད་པ་རྨ་ལོ་ཙཱ་ཆོས་འབར་ཞེས་གསུངས་པས་ཁོང་གིས་རིག་འཛིན་མ་གཅིག་ཞ་མ་ཕྱག་རྒྱར་བཞེས་ཚུལ་གསལ།
ཁོང་གི་སྒྱུར་རྩོམ་ནི་བསྟན་འགྱུར་ལས། དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དང་། དཔལ་ཧེ་རུ་ཀའི་སྒྲུབ་ཐབས། དཔལ་འཁོར་ལོ་སྡོམ་པའི་མན་ངག །དཔལ་འཁོར་ལོ་སྡོམ་པའི་རབ་གནས། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། ཞི་བ་ལྷས་མཛད་པའི་ལྷན་ཅིག་སྐྱེས་པའི་གླུ་སོགས་ཆོས་ཚན་བཞི་བཅུ་ཙམ་བཞུགས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༩ ནས་ ༡༠༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།