གནས་བརྟན་ཆོས་སྐྱོང་གི་ལོ་རྒྱུས།
གནས་བརྟན་ཆོས་སྐྱོང་གི་ལོ་རྒྱུས་ཤིག་ཡོད་པ་ནི། དྷརྨ་པ་ལ་སྟེ་ཆོས་སྐྱོང་ཁོང་སྐུ་ཚེའི་སྟོད་ལ་རྣམ་རིག་པའི་ལྟ་བ་འཛིན་གནང་མཛད་ཅིང་། ཁོང་ནི་ནཱ་ལེནྡྲར་སློབ་གཉེར་གནང་བའི་མཁས་པ་ཆེན་པོ་ཞིག་ཡིན། རིམ་པས་གསང་སྔགས་ཉམས་བཞེས་མཛད་དེ་གཙུག་ལག་ཁང་དུ་ཁོང་གི་བཞུགས་སའི་སྤྱིལ་ཁང་ནང་དུ་བུད་མེད་རྣལ་འབྱོར་མར་བཀའ་མོལ་གནང་བ་ཞིག་ཕྱི་ནས་ཐོས་པའི་གནས་ཚུལ་བྱུང་།
ནཱ་ལེནྡྲའི་ཆོས་ཁྲིམས་པ་དགེ་བསྐོས་ཀྱིས་མཚན་མོར་བསྐོར་བ་མཛད་སྐབས་ཁོང་གི་སྤྱིལ་བུའི་ནང་ནས་བུད་མེད་ཀྱི་སྒྲ་སྐད་གསན་པས། རྣལ་འབྱོར་མའི་ལྷན་དུ་བཞུགས་པར་གཟིགས། ཁོང་དེ་ནས་སྐྱིད་སྡུག་ལ་བཏང་འདུག །རིམ་པས་བདག་མེད་ལྷ་མོ་བཅོ་ལྔ་དེ་དག་གིས་དངོས་སུ་རྗེས་སུ་བཟུང་། དཔལ་ཀྱཻ་རྡོར་གྱི་རྣལ་འབྱོར་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་བརྙེས་ཡོད། ཁོང་རྫོགས་རིམ་གྱི་སེམས་དབེན་གྱི་རྟོགས་པའི་མཚམས་ལ་སླེབས་དུས་ལྟ་བ་ཡར་འཕོས་པས། ཐོག་མར་རྣམ་རིག་པའི་ལྟ་བ་ནས་རྗེས་སུ་རང་བཞིན་མེད་པར་སྨྲ་བའི་དབུ་མ་པ་རང་བཞིན་མེད་པའི་ལྟ་བར་སེམས་དབེན་ཁ་ཐུག་འཕོས་སོང་བ་འདྲ། ཉམས་མྱོང་གི་ཐོག་ནས་རིགས་པས་གཏན་ལ་ཕབ་སྟེ་ཕྱི་དོན་བཀག་ནས་རྣམ་རིག་པའི་ལྟ་བ་བཟུང་། རིག་པ་སེམས་བདེན་གྲུབ་དེའང་སེམས་ཕྲ་རུ་ཕྱིན་པས། ཉམས་མྱོང་སྐྱེ་སྐབས་སེམས་དེའང་གདོད་ནས་མ་གྲུབ་པར་ཉམས་མྱོང་གི་སྟེང་ནས་ཕལ་ཆེར་ཤེས་ཡོད་ཚོད། དེར་བརྟེན་གསང་བ་འདུས་པའི་ཆོས་སྐད་ལྟར་བྱས་ན། ལུས་དབེན་སྐབས་རྣམ་རིག་པའི་ལྟ་བ་དང་བདེ་བ་ཆེན་པོའི་ཡེ་ཤེས་སྦྱར་ནས་བདེ་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་འོང་བ་ཡོད། དེ་ནས་ངག་དབེན། སེམས་དབེན་མཚམས་སུ་སླེབས་དུས་ལྟ་བ་འཕོ་བ་ཡིན། ཁོང་ཡང་དེ་འདྲ་ཡིན་ཚོད་འདུག །སྐུ་ཚེའི་སྟོད་ཀྱི་གསུང་དེ་ཚོར་རྣམ་རིག་པའི་ལྟ་བ་གསུངས་ཤིང་། མཇུག་ཏུ་གསང་སྔགས་ཀྱི་རྟོགས་པ་མཐོན་པོར་ཕེབས་དུས་རང་བཞིན་མེད་པར་སྨྲ་ཞིང་། ཟླ་བ་གྲགས་པའི་འཇུག་པ་རང་འགྲེལ་གྱི་ནང་དུའང་དེ་ལྟར་གསུངས་འདུག །

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༢ དང་ ༡༣ལ་ྋགོང་ས་མཆོག་ནས་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་དད་ལྡན་ཆོས་ཞུ་བ་ཁྲི་བརྒལ་བར་བཅོམ་ལྡན་འདས་དཔལ་འཇམ་དཔལ་གཤིན་རྗེ་གཤེད་དགྲ་ནག་བཅུ་གསུམ་མའི་དབང་ཆེན་སྨིན་སྩོལ་སྐབས་ཀྱི་དབང་བཤད་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།