༣༽ སངས་རྒྱས་བསྐྱངས་གྲུབ་ཆེན་ཡིན་མིན།

༣༽ སངས་རྒྱས་བསྐྱངས་གྲུབ་ཆེན་ཡིན་མིན།

 

གྲུབ་ཆེན་སངས་རྒྱས་བསྐྱངས་ཞེས་པ་ཡོངས་གྲགས་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་སངས་རྒྱས་བསྐྱངས་མིན་སྙམ་ན། གུང་རུ་རྒྱལ་མཚན་བཟང་པོས་ (1383-1450) མཛད་པའི་དབུ་མ་བཞི་བརྒྱ་པའི་འགྲེལ་པ་ལས[1]།

ཀླུ་སྒྲུབ་སྙིང་པོ་འཕགས་པ་ལྷ་དང་གྲུབ་ཆེན་སངས་རྒྱས་བསྐྱངས། །

ཟླ་བ་གྲགས་པའི་ཞབས་སོགས་འདྲེན་པ་རྣམས་ལ་རབ་བཏུད་ནས། །

ཞེས་གསུངས་པ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་གྲུབ་ཆེན་ཡིན་པར་གསལ་ལ། རྣམ་ཐར་གྱི་ཆ་ནས་སློབ་དཔོན་འདི་ཉིད་གྲུབ་པའི་རིག་འཛིན་གྱི་གནས་སུ་གཤེགས་པས་མཚན་དོན་དང་མཚུངས་ལ། དེ་བཞིན་རོང་སྟོན་ཐམས་ཅད་མཁྱེན་པས་ (1367-1449) མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས་[2]ཀྱང་།

འཕགས་མཆོག་གཉིས་ཀྱི་གསུང་རབ་སྙིང་པོའི་དོན། །

ལེགས་བཤད་རྟོགས་ནས་ཟབ་དོན་དབུ་མའི་ལམ། །

སྐལ་ལྡན་གྲངས་མེད་འགྲོ་ལ་སྟོན་མཛད་པ། །

གྲུབ་ཆེན་སངས་རྒྱས་བསྐྱངས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་གྲུབ་ཆེན་ཡིན་པ་ཚད་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཞལ་གྱིས་བཞེས་པའི་ཕྱིར་རོ།།

གཞན་ཡང་དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད་ལས[3]། གཙུག་ཏོར་རྣམ་པར་རྒྱལ་མའི་དགོན་པ་ནི། གནས་འདིའི་ལྟེ་བ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ཞེ་ལྔ་དང་། རི་བོ་རྩེ་ལྔའི་རྫོང་ཐོག་ནས་ཤར་ཕྱོགས་སུ་སྤྱི་ལེ་ཉི་ཤུའི་ས་ན་ཆགས་ཡོད། ཐང་རྒྱལ་རབས་ཀྱི་སྐབས་བོད་མེ་བྱི་ཕྱི་ལོ་ ༤༧༤ ལོར་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཆེན་སངས་རྒྱས་བསྐྱངས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་ཞལ་གཟིགས་ཀྱི་གནས་ཡིན། ཞེས་དང་། ཡང་དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད་དེ་ཉིད་ལས[4]། སུང་རྒྱལ་རབས་བྱང་མ་བོད་མེ་སྟག་ཕྱི་ལོ་ ༡༠༢༤ ལོར་སློབ་དཔོན་ཡཱན་ཀྱོ་ཞེས་པས་དགོན་པ་བཞེངས་པ་དང་། གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་རིང་བྲིས་ནས་བཤམས། མིང་[5]གུར་གྱི་དུས་སུ་དགོན་པ་སླར་གསོ་བྱས་པའོ། །འདུ་ཁང་ནང་རྟེན་དུ། སྟོན་པ་གཙོ་འཁོར་གསུམ་དང་འཕགས་པའི་གནས་བརྟན་བཅུ་དྲུག་སོགས་བཞུགས། གཙུག་ཏོར་རྣམ་པར་རྒྱལ་མའི་མཆོད་རྟེན། འཇམ་དབྱངས་རིགས་ལྔའི་ལྷ་ཁང་། དཔེ་མཛོད་ཁང་སོགས་རྒྱ་ཆེར་བཞེངས་ཡོད་དོ།།

ཐུབ་དབང་གསེར་གྱི་སྒོ་ང་ལས། །མེས་པོ་གདོང་བཞི་རྣམ་རྒྱལ་མའི། །

གཟུངས་མཆོག་བུདྡྷ་ཕོ་ཉ་མོས། །མཐའ་ཀླས་ཚེ་ཡི་དཔྱིད་དུ་སྤེལ། །

ཞེས་གསལ་བ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་པ་དང་། རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་གཟིགས་བྱུང་བ། རྒྱའི་སྐྱེ་འགྲོའི་བདེ་ཐབས་སུ་རྣམ་རྒྱལ་མའི་གཟུངས་གདན་དྲངས་པ། རྡོ་རྗེ་ཕུག་ཏུ་སྒྲུབ་ལ་གཞོལ་ཞིང་། གྲུབ་ཆེན་ཡིན་པ་སོགས་ཞིབ་ཕྲའི་བྱུང་རིམ་གསལ་ལོ།།

(བུདྡྷ་པཱ་ལི་ཏས་འཇམ་དབྱངས་ཞལ་མཇལ་གནས།)

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། པོད། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༡

[2]  རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱི་གསུང་འབུམ་ཐོར་བུ། དཔེ་རིང་། ཤོག་གྲངས་ ༡༤བ༦

[3]  དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་གྲངས་ ༡༣༡

[4]  དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་གྲངས་ ༡༣༢

[5]  མིང་རྒྱལ་རབས་ནི་ཕྱི་ལོ་ ༡༣༦༨ ལ་བཙུགས་པ་ཞིག་ཡིན་འདུག

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༦ ནས་ ༢༡༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *