ང༽ གསུང་འབུམ་གཞན་དག་ལས་བྱུང་བའི་བསྟན་བཅོས་མ་རྙེད་པ།

ང༽ གསུང་འབུམ་གཞན་དག་ལས་བྱུང་བའི་བསྟན་བཅོས་མ་རྙེད་པ།

 

དེ་ཡང་། ༡༽ འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[1]། ཇོ་བོ་རྗེས་མཛད་པའི་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་ཆེན་བཟང་པོའི་འགྱུར། ཞེས་གསལ་བ་དང་། དེ་བཞིན། ༢༽ འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[2]།

མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་མཁའ་སྤྱོད་མ་དཀར་མོའི་བསྟོད་པ་རིན་ཆེན་བཟང་པོའི་འགྱུར། ཡང་དེས་མཛད་པའི་རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་ཁུ་ནེ་ཙོའི་འགྱུར། ཞེས་གསལ་བ་འདིའི་མ་ཡིག་ཀྱང་མ་རྙེད་དོ།།

༣༽ འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[3]། ཇོ་བོ་རྗེས་མཛད་པའི་རྗེ་བཙུན་པ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས། ཡང་ཇོ་བོས་མཛད་པའི་ཕག་མོའི་སྒྲུབ་ཐབས་བར་མ། ཞེས་གསལ། བསྟན་འགྱུར་དུ་བཞུགས་པའི་རིན་པོ་ཆེའི་རྒྱན་གྱི་སྒྲུབ་པ་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས་ཕག་མོ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས་ཞེས་པ་དང་གཅིག་ཡིན་ན་ལས། ཐ་དད་ཡིན་ན་བསྟན་བཅོས་འདི་ཡང་མ་རྙེད་དོ།།

༤༽ གཞན་ཡང་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[4]། ཇོ་བོས་མང་ཡུལ་ལྕོག་ཀ་རི་ལ་ལྗོངས་རྒྱུ་བའི་དུས་གསུངས་པའི་རི་ཆོས་སུ་གྲགས་པ་དང་། ཞེས་ཇོ་བོས་མཛད་པའི་རི་ཆོས་ཀྱི་བསྟན་བཅོས་ཤིག་ཡོད་པར་གསལ་བ་འདི་ཡང་མ་རྙེད་དོ།།

དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་སིངྒ་ལའི་ལོ་རྒྱུས་ལས[5]། གསེར་གླིང་ནི་བྷར་མའི་ལྷོ་མཐའ་དང་དགེ་བའི་གླིང་ཕྲན་སུམ་ཏུར་དུ་ཟུར་ཆག་སྟེ་འབོད་པའི་གླིང་འདི་ཡིན་པར་ཐེ་ཚོམ་མེད་མོད། འོན་ཀྱང་ཇོ་བོ་བྱོན་པའི་གསེར་གླིང་དེ་འདི་ཡིན་པ་ཡང་སྲིད་སྙམ་སྟེ། ༥༽ སིངྒ་ལ་ན་ད་ལྟ་བཞུགས་པའི་མ་ག་དྷའི་སྐད་ཀྱི་བརྡ་སྤྲོད་པ་ཞིག་དང་། ༦༽ རཱུཔསིངྒྷ་གཟུགས་གྲུབ་བྱ་བའི་བསྟན་བཅོས་གཉིས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་བྱ་བ་དུས་ཚོད་ཀྱང་ཇོ་བོ་རང་ལ་བསྒྲིགས་བཏུབ་པ་ཞིག་མཆིས་པར་རྒྱ་གར་དུ་འགྲོ་ཕན་མཛད་པ་དང་། ནཱ་ལེནྡྲའི་སྟོབས་ཀྱི་ཉི་མའི་གཙུག་ལག་ཁང་གི་བདག་པོ་ཡིན་ཚུལ་སོགས་བཤད། ཅེས་གསུངས་པ་ལྟར་ཇོ་བོས་མཛད་པར་གྲགས་པའི་མ་ག་དྷའི་སྐད་ཀྱི་བརྡ་སྤྲོད་པ་དང་། རཱུ་པ་སིངྒྷ་གཟུགས་གྲུབ་བྱ་བའི་བསྟན་བཅོས་གཉིས་ཀྱང་མ་རྙེད་དོ།།

༧༽ ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོའི་ལོ་ཚིགས་དྭངས་ཤེལ་མེ་ལོང་ལས[6]། ལྕགས་ཡོས་ཕྱི་ལོ་ ༡༠༥༡ ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིས་བསྟན་རྩིས་མཛད་པར་གསུངས། ཞེས་གསལ་བའི་ཇོ་བོ་རྗེའི་བསྟན་རྩིས་འདི་ཉིད་ཀྱང་མ་རྙེད།

ཡང་། ༨༽ བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག་ལས[7]། ཀུ་ཤྲི་བློ་བཟང་ཚེ་འཕེལ་གྱི་གསུང་འབུམ་ནང་། དཔལ་ལྡན་ཨ་ཏི་ཤའི་གསུང་རབ་ལས་བྱུང་བའི་བློ་སྦྱོང་ལེགས་གདམས། ཞེས་བྱུང་བའི་བསྟན་བཅོས་འདི་ཉིད་ཀྱི་མ་ཡིག་ཀྱང་ལག་ཏུ་མ་སོན་པ་བཅས། དེ་ལྟར་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པའི་གསུང་ནང་གསལ་བའི་བསྟན་བཅོས་ ༣ དང་། ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ་དུ་གསལ་བའི་ཆོས་ཚན་ ༡། མཁས་དབང་དགེ་ཆོས་ཀྱི་གསུང་འབུམ་དུ་གསལ་བའི་ཆོས་ཚན་ ༢། མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་ནང་གསལ་བའི་བསྟན་བཅོས་ ༡། བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག་ནང་གསལ་བ་ ༡ བཅས་གོང་གསལ་བསྟན་བཅོས་ ༨ པོ་རྣམས་ཀྱི་མ་ཡིག་ཀྱང་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།

མདོར་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཛད་བྱང་གསལ་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༠༧ དང་། མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་ ༢༩ དང་། མར་མེ་མཛད་ཀྱི་མཛད་བྱང་གསལ་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢༣ བཅས་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ཁྱོན་བསྡོམས་ ༡༥༩ ཡོད།

དེ་ལྟར་བསྟན་འགྱུར་གྱི་དཔར་མ་བཞི་པོ་གང་རུང་དུ་མ་བཞུགས་ཀྱང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་ལས་བྱུང་བ་བསྟོད་ཚོགས་དང་། མདོ་ཕྱོགས་ལྟ་བ་གཙོ་བོར་སྟོན་པ། མདོ་ཕྱོགས་སྤྱོད་པ་གཙོ་བོར་སྟོན་པ། མདོ་ཕྱོགས་ལྟ་སྤྱོད་ཟུང་འབྲེལ་གྱི་སྐོར། གསང་སྔགས་ལམ་རིམ་གྱི་སྐོར་དང་། སྒྲུབ་ཐབས། ཆོ་ག་བཅས་སུ་བསྟན་བཅོས་གྲངས་ ༨༦ དང་། གཞན་ཡང་བསྟན་འགྱུར་དུ་མ་འཁོད་ཅིང་བློ་སྦྱོང་བརྒྱ་རྩར་གསལ་བའི་ཇོ་བོའི་གསུང་ཚན་ ༨ དང་། ཇོ་བོའི་གསུང་ཐོར་བུ་སྣ་ཚོགས་པའི་བསྟན་བཅོས་གྲངས་ ༡༢ དང་། གཞན་ཡང་བཀའ་གདམས་ཕ་ཆོས་ཀྱི་ཁོངས་སུ་ཇོ་བོ་རྗེས་མཛད་པའི་བསྟན་བཅོས་གྲངས་ ༣ དང་། བུ་ཆོས་ལ་ལེའུ་ ༤༩ ཡོད་པ་རྣམས་ཆོས་ཚན་གཅིག་ཏུ་བརྩིས་ཀྱང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྗགས་རྩོམ་མཛད་པའི་བསྟན་བཅོས་གྲངས་ ༢༦༩ ཡོད། འདི་དག་ནི་མ་ཡིག་རྙེད་སོན་བྱུང་བའི་བསྟན་བཅོས་རྣམས་ཡིན་ནོ།།

དེ་མིན་ཇོ་བོ་རྗེའི་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པའི་རིགས་ལ། ཀ༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་སོགས་སུ་ཇོ་བོ་རྗེའི་མཛད་བྱང་གསལ་བའི་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༡༠ དང་། ཁ༽ ཇོ་བོ་རྗེའི་རྣམ་ཐར་ལས་བྱུང་བའི་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༢༤ ཡོད་ལ། ག༽ བཀའ་གདམས་ཆོས་འབྱུང་དུ་གསལ་བའི་བསྟན་བཅོས་མ་རྙེད་པ་གྲངས་ ༣༩ དང་། ང༽ གསུང་འབུམ་གཞན་དག་ལས་བྱུང་བའི་བསྟན་བཅོས་མ་རྙེད་པ་གྲངས་ ༨ བཅས་གོང་གསལ་ཁག་བཞི་ནང་བསྟན་བཅོས་མ་རྙེད་པ་གྲངས་ ༨༡ ཡོད།

མདོར་ན་ཇོ་བོས་བསྟན་བཅོས་གྲངས་ ༣༥༠ ལྗགས་རྩོམ་མཛད་པ་ལས། བསྟན་འགྱུར་དུ་གསལ་མིན་གཉིས་ཀྱི་བོད་འགྱུར་མ་ཡིག་རྙེད་སོན་བྱུང་བའི་བསྟན་བཅོས་གྲངས་ ༢༦༩ བཞུགས་པ་རྣམས་ད་ལན་ཞལ་སྐོང་ཕྱོགས་བསྒྲིགས་ཞུས་ཡོད་ལ། འདིའི་ཁོངས་སུ་མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་གསུང་རྣམས་ཇོ་བོའི་གསུང་ལ་ངོས་འཛིན་གྱིས་ཕྱོགས་བསྒྲིགས་ཞུས་ཡོད། འོན་ཀྱང་མར་མེ་མཛད་དང་། མར་མེ་མཛད་བཟང་པོ། མར་མེ་མཛད་ཡེ་ཤེས་བཅས་ཀྱི་བར་ལ་ངོས་འཛིན་རྣམ་དབྱེ་འབྱེད་རྒྱུ་ཤིན་ཏུ་དཀའ་ཞིང་། དཔྱད་པ་ཞིབ་ཕྲ་ཇོ་བོའི་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པར་གཟིགས་པར་འཚལ་ལ། ད་དུང་མ་འོངས་པར་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢༩ན༣

[2] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༠ན༤

[3] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༠བ༤

[4] བཀའ་གདམས་ཆོས་འབྱུང་། མཚོ་སྔོན་མི་རགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༡༨༡

[5] གཏམ་རྒྱུད་གསེར་ཐང་། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༥

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༩

[7] བླ་བྲང་དགོན་པའི་དཔེ་ཆ་སྤྱིའི་དཀར་ཆག །ཏེའུ་བུ་གྲོང་ཁྱེར་གྱི་བླ་བྲང་དགོན་པའི་ལས་བྱེད་ཚན་ཆུང་། ༡༩༥༩ ལོ། ཤོག་ ༥༥༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༩ ནས་ ༢༦༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *