ང༽ གྲུབ་ཐོབ་བྱོན་པའི་དུས་ལ་དཔྱད་པ།

ང༽ གྲུབ་ཐོབ་བྱོན་པའི་དུས་ལ་དཔྱད་པ།

 

དེ་ཡང་རྗེ་ལྕང་སྐྱ་རོལ་པའི་རྡོ་རྗེའི་ (1717-1786) ཞལ་ནས[1]།

ཐོས་བསམ་ཕྱོགས་སུ་མ་སོང་ཞིང་། །གཞུང་ལུགས་གདམས་པར་ཤར་བ་ཡིས། །

མཉན་འོས་རིགས་པའི་ལམ་སྨྲ་བ། །དེ་ཉིད་ལ་ནི་མཁས་པ་ཟེར། །

ཉོན་མོངས་དབལ་ནི་ཆོག་པ་དང་། །རང་དང་གཞན་རྒྱུད་འདུལ་བར་ནུས། །

ལྟ་སྒོམ་འཁྲུལ་བྲལ་གདེངས་ལྡན་པ། །དེ་ཉིད་ལ་ནི་གྲུབ་པ་ཟེར། །

མཁས་པས་གྲུབ་པ་མ་བཅོམ་ཞིང་། །གྲུབ་པས་བཙུན་པ་མ་བཅོམ་པར ། །

བསྟན་ལ་ཕན་པ་སྒྲུབ་པ་ལ། །སྐྱེས་བུ་དམ་པ་ཞེས་ཀྱང་ཟེར། །

ཞེས་གསུངས་པ་ལྟར་མཁས་གྲུབ་གཉིས་ལྡན་གྱི་གྲུབ་ཆེན་འདི་རྣམས་དུས་སྐབས་གང་དུ་བྱུང་བ་ནི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། འཕགས་པ་ཐོགས་མེད་བྱོན་པའི་དུས་ཙམ་ནས་དུས་འདི་ཙམ་གྱི་བར་དུ་སྔགས་ཀྱི་གྲུབ་ཐོབ་ཆེས་ཆེ་བ་རྣམས་བྱུང་ཞིང༌། བླ་མེད་ཀྱི་ཆོས་རྣམས་སྐལ་བ་དང་ལྡན་པ་ཉག་ཅིག་ལ་དར་བ་ལས་ཐུན་མོང་དུ་འཆོལ་བ་ཡེ་མེད། དུས་འདིའི་འོག་རོལ་ཙམ་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཇེ་དར་ཇེ་དར་ལ་ཤིན་ཏུ་དར་བར་གྱུར་ཞིང༌། བར་སྐབས་ཤིག་ཏུ་རྣལ་འབྱོར་རྒྱུད་ཀྱང་ཤིན་ཏུ་དར་ལ། བྱ་སྤྱོད་ཀྱི་རྒྱུད་རྣམས་འཆད་པ་དང་སྒོམ་པ་རིམ་གྱིས་ནུབ་བོ། །དེའི་དབང་གིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་དང་དངོས་གྲུབ་ཅི་རིགས་པ་གྲུབ་པ་རྒྱལ་པོ་པཱ་ལ་བདུན་བརྒྱུད་ཀྱི་རིང་ལ་ཤིན་ཏུ་མང་བར་བྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དུས་འདི་ཙམ་ན། ཙནྡྲའི་རིགས་ཀྱི་རྒྱལ་ཕྲན་ཞིག་གྲུབ་པ་ཐོབ་པ་པྲ་ཀཱ་ས་ཙནྡྲ་སྟེ་རབ་གསལ་ཟླ་བ་ཡང་བྱུང༌། རྣལ་འབྱོར་རྒྱུད་རྒྱ་ཆེར་བཤད་དོ།།

གཞན་ཡང་ནང་པའི་སློབ་དཔོན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ཕྱེད་ལྷག་པ་ཡང་ཆོས་གྲགས་ཀྱི་དུས་མན་ཆད་འོག་ཏུ་འཆད་པ་ལྟར་གྱི་རྒྱལ་པོ་ཙ་ན་ཀ་ཡན་ཆད་དུ་བྱོན་པ་ཡིན་ནོ། །ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[3]ཀྱང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ཕྱེད་ལྷག་ཙམ་སློབ་དཔོན་ཆོས་གྲགས་ཀྱི་དུས་མན་ཆད་ནས་རྒྱལ་པོ་ཙ་ན་ཀས་སྲིད་དབང་བཟུང་བ་ཡན་ཆད་དུ་བྱོན་པ་དང་། རྒྱལ་པོ་གཽ་པཱ་ལ་ནས་རཱ་མ་པཱ་ལའི་བར་པཱ་ལ་བདུན་བརྒྱུད་ཀྱི་རིང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཤིན་ཏུ་མང་བར་བྱོན་ཞེས་བཤད་པ་ལྟར་ན། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ནང་གི་མང་ཆེ་བ་བོད་ཀྱི་རབ་བྱུང་གོང་གི་ཤཱཀྱའི་འདས་ལོ་[4] ༡༡༦༥ ལོ་ནས་བོད་ཀྱི་རབ་བྱུང་གསུམ་པའི་མཇུག་བར་དང་། ཕྱི་ལོའི་དུས་རབས་བདུན་པ་ནས་དུས་རབས་བཅུ་གཉིས་པའི་མཇུག་བར་གྱི་ལོ་དྲུག་བརྒྱ་ཐམ་པའི་རིང་དེར་བྱུང་བར་མངོན། ཞེས་འབྱུང་བ་ལྟར་རོ།།

གསང་སྔགས་རྫོགས་ལྡན་དུས་སྐབས་ཀྱི་སྔགས་ཀྱི་བསྟན་པའི་བདག་པོ་རྒྱ་གར་གྲུབ་ཆེན་གྱ་བཞི་རྣམས་ནི། པཱ་ལའི་རྒྱལ་རབས་ཀྱི་ལོ་ངོ་ ༤༠༠ ཡི་རིང་ལ་ནང་པའི་གསང་སྔགས་ལ་བརྟེན་ནས་གྲུབ་པ་ཐོབ་པ་བགྲང་གིས་མི་ལང་བ་བྱོན་པ་ལ། བསྟན་འགྱུར་གཙོ་བྱས་པའི་སྔོན་གྱི་ཡིག་ཚང་ལ་མཇལ་ཚེ། ཡུལ་དུས་དང་ཆོས་རྒྱུན་བཅས་མི་འདྲ་བའི་ཁྱད་པར་གྱིས་དེ་དག་ལ་ཕྱོགས་སྡོམ་བྱེད་ལུགས་ཀྱང་ ༩ ཙམ་བྱུང་འདུག །གྲུབ་ཆེན་ ༨ དང་། ༡༥. ༤༣. ༥༡. ༧༩. ༨༤. ༨༧. ༡༢༦. ༣༨༡. བཅས་སོ།།

ཕྱིས་སུ་དེ་དག་ལས་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ཞེས་པ་གྲགས་ཆེ་བར་གྱུར་འདུག་སྟེ། རྒྱུ་མཚན་ནི། ༡ ཕྱག་རྒྱ་ཆེན་པོའི་ཆོས་རྒྱུན་གྱི་ཁུངས་བཙུན་པ་སྟོན་ཕྱིར་སྔོན་གྱི་གྲུབ་ཆེན་འགའ་ཞིག་བགྲང་བ་མ་གཏོགས། ཕལ་མོ་ཆེ་ནི་པཱ་ལའི་རྒྱལ་རབས་སུ་བྱོན་པ་ཐམས་ཅད་ལས་རྩོད་མེད་ཡོངས་གྲགས་སུ་གྱུར་པ། ༢ རང་གིས་རྒྱུད་སྡེ་བཞི་ལ་ཐོས་བསམ་སྒོམ་གསུམ་ཚད་ལྡན་དང་། གཞན་ལ་ཟབ་མོ་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་རྣམ་དག་སྟོན་པའི་བསྟན་བཅོས་མང་པོ་མཛད་པས་གསང་སྔགས་ཀྱི་བསྟན་པ་དར་བར་ཕྱག་རྗེས་ཁྱད་པར་དུ་ཆེ་བ། ༣ བདེ་གསང་དགྱེས་གསུམ་སོགས་ཡི་དམ་སྒྲུབ་སྐོར་དང་བཀའ་བབས་བདུན་ལྡན་སོགས་སྔགས་ཀྱི་ཆོས་རྒྱུན་གལ་ཆེན་དག་སྤེལ་མཁན་དུ་གྱུར་པ་སོགས་ལ་དམིགས་ནས། པཱ་ལའི་རྒྱལ་རབས་ནི་ནང་པའི་གསང་སྔགས་ཀྱི་རྫོགས་ལྡན་དུས་སྐབས་སུ་གྱུར་ཡོད་ན། གྲུབ་ཆེན་གྱ་བཞི་ནི་རྫོགས་ལྡན་དུས་སྐབས་ཀྱི་གསང་བ་སྔགས་ཀྱི་བསྟན་པའི་བདག་པོ་རུ་བགྲང་ཆོག་སྟེ། སྔགས་ཀྱི་ཆོས་སྐོར་དང་གདམས་ངག་ཕལ་ཆེར་གྱི་ཁུངས་གཏུགས་སར་གྱུར་ཡོད། གྲུབ་ཆེན་གྱི་གྲངས་ལ་བརྒྱད་ཅུ་རྩ་བཞི་གྲངས་ངེས་པར་བྱེད་དོན་ནི། གསང་བདེ་དགྱེས་གསུམ་སོགས་ཡི་དམ་རེ་རེའི་ལྷ་ཚོགས་གཙོ་བོ་བགྲང་ཚུལ་གྱི་གྲངས་ལ་སྒོ་བསྟུན་པ་ཡིན་ངེས་ཏེ། དེ་ལ་རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་མང་པོ་ཡོད་པ་ལ་དགོངས་པ་ཡིན་སྙམ།[5]

དེ་བཞིན་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མའི་སྡེས་ (1768-1822) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་བྱ་ཚུལ་གསལ་བར་བཀོད་པ་མཆོག་གི་བྱིན་རླབས་ཡེ་ཤེས་བཅུད་སྦྱིན་ལས[6]། དེ་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདིའི་ཐུགས་བསྐྱེད་ཀྱི་སྟོབས་དང་སྨོན་ལམ་གྱི་ཁྱད་པར་ལས་སངས་རྒྱས་གཞན་གྱི་བསྟན་པ་ལ་འབྱུང་བར་དཀོན་པའི་རྡོ་རྗེ་ཐེག་པའི་ལམ་ལས་དངོས་གྲུབ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་བསམ་འདས་བརྗོད་ཀྱིས་མི་ལངས་པ་བྱོན་མོད་ཀྱང༌། འདིར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་ནས་ཉན་ཐོས་སྡེ་པ་རྣམས་ལ་གྲགས་པའི་བཀའ་བསྡུ་གསུམ་པ་ཟིན་པའི་མཇུག །ཐེག་ཆེན་གྱི་སྡེ་སྣོད་ཐོག་མར་དར་བ་དང་དུས་མཚུངས་པར་སློབ་དཔོན་བྲམ་ཟེ་ཆེན་པོ་སཱ་ར་ཧ་བྱོན་པ་ནས་བཟུང་སྟེ། དུས་ཕྱིས་མཁས་པ་སྒོ་དྲུག་ཡན་ཆད་ཀྱི་དུས་ཙམ་དུ་བྱོན་པའི་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོའི་ལམ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་ཚོགས་ཀྱི་འཁོར་ལོའི་འདུ་བ་གཅིག་ལ་བྱོན་པ་རྣམས་ཏེ། དེའང་བོད་ཡུལ་འདིར་ལོ་རྒྱུས་སོགས་ཁུངས་མ་དག་ཅིང་། ཡིད་བརྟན་མེད་པའི་ལུགས་སྲོལ་མང་ཡང༌། པཎྜི་ཏ་དཔའ་བོ་འོད་གསལ་གྱི་ལུགས་འདི་ཉིད་འཕགས་ཡུལ་དུའང་སྔ་ཕྱིར་ཡོངས་སུ་གྲགས་པས་ཚད་ཐུབ་ཏུ་གྱུར་པ། གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་དང༌། དེའི་ཡང་སྲིད་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཟུང་གིས་སྔོན་གནས་རྗེས་དྲན་དང༌། རྒྱ་གར་བའི་མཁས་གྲུབ་ཚད་མ་རྣམས་ཀྱི་གསུང་གིས་དཔང་པོར་མཛད་དེ་ཁུངས་ལྡན་དུ་བཞེད་པ་ཡིན་ཅིང༌། དེ་དང་འབྲེལ་བའི་སྔོན་བྱུང་གི་ལོ་རྒྱུས་མདོ་ཙམ་འཆད་ན།

རྒྱ་གར་ནུབ་ཕྱོགས་སཽ་རཥྚའི་བྱེ་བྲག་ཀནྟ་མ་ར་ཞེས་བྱ་བར་ཆོས་ལྡན་གྱི་རྒྱལ་པོ་ཀུཉྫི་ཞེས་པ་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་ཞིག་ཡོད་པ་ལས། ནམ་ཞིག་ན་དེའི་མ་ན་སྟེ་འཆི་བར་ཉེ་བ་ན། རྒྱལ་པོ་དེ་མ་ལ་བརྩེ་བས། མ་ཁྱེད་ཡུན་རིང་དུ་མི་བཞུགས་པ་འདྲ་ན་སྐུ་ཚེ་ཕྱི་མར་ཕན་པའི་ཐབས་སུ་དགེ་སློང་གི་དགེ་འདུན་དང༌། བྲམ་ཟེ་དང༌། ལྷ་ཁང་མཆོད་པ་དང༌། སྦྱིན་པ་གཏོང་བ་ལ་སོགས་པ་ཅི་འདོད་པ་བདག་གིས་བྱ་ཡིས་བཀའ་སྩོལ་ཅིག་ཅེས་སྨྲས་པས། མ་ན་རེ། ཁོ་མོའི་དགེ་རྩ་གཞན་བྱ་མི་དགོས་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་བརྒྱད་ཅུ་རྩ་བཞི་སྤྱན་དྲངས་ལ་ཚོགས་ཀྱི་འཁོར་ལོས་མཆོད་དེ་ངའི་དོན་དུ་གསོལ་བ་ཐོབ་ཅིག་ཟེར་ནས་འདས་སོ།།

དེར་རྒྱལ་པོའི་བསམ་པ་ལ། སྔོན་གྱི་གྲུབ་ཐོབ་དེ་དག་ནི་ད་ལྟ་མིའི་འགྲོ་བ་ཐ་མལ་པས་མི་མཐོང་ན་ཇི་ལྟར་སྤྱན་དྲངས། འོན་ཀྱང་མའི་ངག་གཅོག་ན་མི་རུང་ཞིང༌། གྲུབ་ཆེན་རྣམས་ཐུགས་རྗེའི་བདག་ཉིད་ཡིན་པས་གསོལ་བ་གདབ་པར་བྱའོ་སྙམ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀོ་ཀ་ལི་དང༌། དྷརྨ་བི་ཤྭས་མངོན་སུམ་དུ་ཞལ་བསྟན་ཏེ། དེ་དག་གཉིས་ཀྱིས་ཁྱོད་ཀྱི་གྲོགས་བྱ་སྟེ་གྲུབ་ཐོབ་རྣམས་སྤྱན་དྲངས། ཚོགས་ཁང་རྩིགས་ཤིག་གསུངས་པས། དེར་རྒྱལ་པོས་ཚོགས་ཁང་རྒྱ་ཆེན་པོ་བརྩིགས། མཁའ་འགྲོ་མ་གཉིས་ཀྱི་རྫུ་འཕྲུལ་གྱིས་སྐད་ཅིག་ལ་གནས་སོ་སོར་བྱོན་ཏེ་གྲུབ་ཐོབ་རྣམས་སྤྱན་དྲངས་པས། དང་པོར་ལཱུ་ཡི་པ་བྱོན། དེ་ནས་རིམ་བཞིན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སྐད་ཅིག་ལ་བྱོན་ཏེ་གདན་ལ་བཞུགས་པ་ལ། རྒྱལ་པོས་ཚོགས་ཀྱི་ཡོ་བྱད་གྱ་ནོམ་པ་བཤམས་ཏེ། ཚོགས་ཀྱི་འཁོར་ལོའི་འདུ་བ་ཡུན་རིང་དུ་མཛད། མཐར་གྲུབ་ཐོབ་རྣམས་རྒྱལ་པོའི་མཆོད་གནས་སུ་ཡུན་དུ་བཞུགས་པར་ཞུས་ཀྱང་མ་གནང༌། གྲུབ་ཐོབ་རེ་རེས་དོ་ཧ་རྡོ་རྗེའི་གླུ་རེ་བླངས་ཏེ་གར་གཤེགས་ཆ་མེད་པར་བཞུད། དེར་རྒྱལ་པོས་སྐུ་ཚབ་ཏུ་གྲུབ་ཐོབ་སོ་སོའི་སྐུ་རེ་བཞེངས་པ་དེའི་མདུན་དུ་སོ་སོའི་དོ་ཧ་རྣམས་ཡི་གེར་བྲིས་ཏེ་མཆོད་པར་བྱས་སོ།།

དེའི་ཚེ་ཤར་ཕྱོགས་ཀྱི་ཐག་རིང་པོ་ན་བརྒྱུད་ནས་པཎྜི་ཏ་དཔའ་བོ་འོད་གསལ་ཞེས་བྱ་བ་ཞིག་གིས་རྒྱལ་པོ་ཀུཉྫིའི་མཆོད་གནས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་བྱོན་ཏོ། །ཞེས་ཐོས་ནས་བསྙེགས་ཏེ་བྱོན་པས་གྲུབ་ཐོབ་རྣམས་ཐེགས་ཟིན་ནས་ཞག་བདུན་ལོན་པ་དང་འགྲིགས། གདུང་ཤུགས་དྲག་པོས་ས་ཐེ་བཙུགས་ནས་གསོལ་བ་བཏབ་པས་ཞག་བདུན་སོང་བ་ན། མཁའ་འགྲོ་མ་གཉིས་ཀྱིས་ཞལ་མངོན་སུམ་དུ་བསྟན་ཏེ་དོ་ཧ་དང་རིན་ཆེན་འཕྲེང་བ་སོགས་ཀྱི་གདམས་པ་ལོ་རྒྱུས་དང་བཅས་པར་སྩལ། དེའི་དོན་ཉམས་སུ་བཞེས་པས་རྟོགས་པ་ཁྱད་པར་ཅན་བརྙེས་ཏེ་གྲུབ་པའི་དབང་ཕྱུག་ཏུ་གྱུར། དོ་ཧ་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་ཡང་མཛད། དེས་བྲམ་ཟེའི་པཎྜི་ཏ་ཀ་མ་ལ་ཞེས་པར་བཤད། དེས་གྲུབ་ཐོབ་རི་ཁྲོད་པ་ཛ་མ་རི་པ་ལ། དེས་མ་ག་དྷའི་པཎྜི་ཏ་མི་འཇིགས་སྦྱིན་པའི་དཔལ་ལ་བཤད། དེས་དོ་ཧའི་འགྲེལ་པ་རྣམ་ཐར་དང་བཅས་པ་མཛད། དེ་ཐམས་ཅད་ཕྱོགས་གཅིག་ཏུ་པཎྜི་དེ་ཉིད་དང༌། མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཡབ་སྲས་ཀྱིས་བོད་འདིར་བསྒྱུར་ཅིང་། འཆད་ཉན་གྱིས་གཏན་ལ་ཕབ་སྟེ་དར་རྒྱས་སུ་མཛད་པ་ཡིན་ཅིང༌། དོ་ཧ་རྣམ་ཐར་གཉིས་སྔོན་གྱི་བསྟན་འགྱུར་སྡུད་པ་པོ་མཁྱེན་ལྡན་ཀུན་གྱིས་ཁུངས་ཐུབ་ཏུ་བཞག་ནས། དབུས་གཙང་གི་བསྟན་འགྱུར་ཡོངས་ལ་བཞུགས་པའི་རྩོད་མེད་ཡིད་ཆེས་ཅན་ཡིན། ཞེས་གསལ་བར་བྱུང་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་འགྱུར་དཔེ་བསྡུར་མ། པོད། ༼༡༠༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤༨

[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༢༤༤

[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༥༦༢

[4] འདིའི་ནང་གི་ཤཱཀྱའི་འདས་ལོ་རྣམས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ཀྱི་འདས་ལོ་གཞིར་བཟུང་བ་ཡིན།

[5] མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། འགྱུར་མེད་རྡོ་རྗེ། ༢༠༢༠ ལོའི་སྤྱི་ཟླ་ ༥ པའི་ཚེས་ ༨ ཉིན།

[6] སྒྲུབ་ཐབས་ཀུན་བཏུས། པོད། ༼ཤྲཱི༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༢༡༩བ༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༥ ནས་ ༡༧༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *