༣༽ ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གསར་པ།
དེ་ཡང་ནཱ་ལནྡཱ་ཞིབ་འཇུག་ལས། ༡༽ གནའ་བོའི་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་། ནཱལནྡཱ་ (Nalanda) དང་། མཧཱ་བི་ཧ་ར་ (Mahavihara) ཞེས་པའི་མིང་འདི་གཉིས་ཧ་ལམ་དོན་གཅིག་ཏུ་སྣང་། ནཱལནྡཱ་ཞེས་པའི་མིང་ཐོས་མ་ཐག་ཏུ་དུས་རབས་ལྔ་པ་ནས་བཅུ་གཉིས་བར་གྱི་ལོ་བདུན་བརྒྱ་ཙམ་རིང་ནང་པའི་གཙུག་ལག་ཁང་སློབ་གཉེར་གལ་ཆེན་ཞིག་ཏུ་གྱུར་པའི་གནའ་དུས་ཀྱི་ནང་པའི་གདན་ས་ཆེན་པོ་ནཱལནྡཱ་ཞེས་པ་དེ་སེམས་ནང་འཆར་ངེས་ཡིན།
ནང་ཆོས་ཀྱི་འཕེལ་རྒྱས་ཐད་གཙུག་ལག་ཁང་སློབ་གཉེར་ཁང་ཆེན་པོ་འདིས་ཞབས་འདེགས་ཤུགས་ཆེན་ཞུས་ཡོད་པ་ནི་དེང་དུས་ཚང་མས་ངོས་འཛིན་གནང་བཞིན་ཡོད་པ་ལྟར། འདི་ནས་ནང་པའི་མཁས་པ་ཡང་ཧ་ཅང་མང་པོ་ཐོན་ཡོད། ཕྱི་ལོ་ ༡༩༥༠ ཐམ་པའི་འགོ་སྟོད་ཙམ་ནས་དཔལ་ནཱ་ལནྡཱའི་གཙུག་ལག་ཁང་གི་རྩ་ཆེའི་དགོན་ཤུལ་དང་། དངོས་རིགས་རྣམས་བསྐྱར་གསོའི་སླད་དུ་རྒྱ་གར་གྱི་སྲིད་འཛིན་དང་པོ་སློབ་དཔོན་ (Dr. Rajendra Prasad) མཆོག་ནས་ནཱལནྡཱ་ཞིག་གསོ་དགོས་སྐོར་བཀའ་སློབ་ལམ་སྟོན་གནང་། དེ་ནས་བཟུང་གནའ་དུས་ཀྱི་དགོན་ཤུལ་བསྐྱར་གསོའམ་ས་ཞིབ་སྔོག་བཤེར་དང་། ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གསར་པ་ཞིག་འཛུགས་འགོ་བརྩམས།

(Ven. Bhikshu Jagdish Kashyap 1908-1976)
༢༽ ནཱ་བཱ་ནཱལནྡཱ་མཧཱ་བི་ཧ་ར། ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་འདི་ཐོག་མར་གསར་འཛུགས་སྐབས་ཀྱི་གཙོ་འཛིན་ནི་མཁས་དབང་། (Bhikku Jagdish Kashyap) གཙུག་ལག་སློབ་གཉེར་ཁང་འདི་གནའ་བོའི་རིག་གཞུང་པཱ་ལི་དང་། ནང་ཆོས་ཐོག་མཐོ་རིམ་སློབ་གཉེར་གནང་སྟེ་དཔལ་ནཱལནྡཱའི་སློབ་གཉེར་གྱི་རྒྱུན་སྐྱོང་ཐུབ་ཆེད་བཙུགས་པ་ཞིག་རེད། གཙུག་ལག་ཁང་འདི་ཐོག་མར་བྷི་ཧར་མངའ་སྡེ་གཞུང་གིས་འཛིན་སྐྱོང་གནང་གི་ཡོད་ཀྱང་། ཕྱི་ལོ་ ༡༩༩༤ ཟླ་བ་ ༢ ཚེས་ ༢༥ ནས་བཟུང་རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་ནས་རྩིས་བཞེས་གནང་སྟེ། རྒྱ་གར་གཞུང་གི་ཚོགས་པ་དེབ་སྐྱེལ་ཁྲིམས་ཡིག་དོན་ཚན་ ༢༡ ཐོག་དེབ་སྐྱེལ་བྱས་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ཡིན། ཚོགས་པ་འདིའི་འཛིན་སྐྱོང་ཆེད་རྒྱ་གར་གཞུང་ནས་འཛིན་སྐྱོང་ཚོགས་པ་ཞིག་བསྐོས་ཡོད་ཅིང་། ཚོགས་ཆུང་དེའི་ཚོགས་མི་རྣམས་ནི་ནང་པའི་མཁས་དབང་ཁག་ལས་གྲུབ་ཡོད་ཅིང་། དེའི་གཙོ་སྐྱོང་བི་ཧར་གྱི་སྲིད་སྐྱོང་བ་ (Governor of Bihar) མཆོག་གིས་གནང་བཞིན་ཡོད། ད་ལྟའི་ཆར་སློབ་གཉེར་ཁང་འདི་ནི་བྷི་ཧར་མངའ་སྡེའི་རྒྱལ་ས་པ་ཊ་ན་ས་སྤྱི་ལེ་ ༩༠ ཙམ་གྱི་སར་ཆགས་ཡོད་ལ། གཙུག་ལག་སློབ་གཉེར་ཁང་འདི་ཨིནྡྲ་པུཤ་ཀརནི་ (Indrapuskarani) ཞེས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་མཚོ་དེའི་ལྷོ་ངོས་སུ་ཡོད་ཅིང་། མཚོ་དེའི་བྱང་ངོས་སུ་ནཱལནྡཱའི་གཙུག་ལག་ཁང་གི་གནའ་ཤུལ་དེ་གཟི་བརྗིད་ལྡན་པའི་ཆགས་ཡོད།
༣༽ སློབ་གཉེར་གནང་ཕྱོགས། གཙུག་ལག་སློབ་གཉེར་ཁང་འདིར་སློབ་གཉེར་གནང་ཕྱོགས་ཅི་ཞིག་བྱེད་རྒྱུ་ཡོད་ཅེ་ན། ཆོས་བཤད། ཉམས་ཞིབ། བགྲོ་གླེང་། ཚོགས་འདུ། དམིགས་བསལ་འདུ་ཚོགས། དཔེ་སྐྲུན[1]། དཔེ་མཛོད་ཁང་[2]བཅས་ཡར་རྒྱས་གཏོང་བཞིན་པ་ཡིན། ད་སྐབས་པཱ་ལིའི་ཐོག་ལོ་གཅིག་གི་ལག་འཁྱེར་དང་། ལོ་གཉིས་ལག་འཁྱེར་ནང་པཱ་ལི་དང་། བོད་ཡིག །སཾསྐྲི་ཏ། ཧིནྡི། དབྱིན་ཇི་བཅས་ཡོད། པཱ་ལིའི་སྐད་[3]ཡིག་ཐོག་ནས་སློབ་གཉེར་བྱས་ཚེ་སློབ་དཔོན་གྱི་ཕྱག་འཁྱེར་ཡང་འབུལ་ལམ་ཞུ་བཞིན་ཡོད། དེ་བཞིན་མཧཱ་བི་ཧ་རའི་སློབ་གཉེར་ཁང་འདི་མ་གྷ་དྷའི་མཐོ་སློབ་ཀྱི་སྒྲིག་འཛུགས་ནང་ཞུགས་ཏེ། རྒྱ་གར་དང་ཨེ་ཤི་ཡའི་གནའ་བོའི་ལོ་རྒྱུས་ཐོག་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་ཡང་འབུལ་བཞིན་ཡོད། ཉམས་ཞིབ་ཐད་སློབ་ཚན་དཔེར་ན། པཱ་ལིའི་སྐད་ཡིག །རྩོམ་རིག །ནང་པའི་གྲུབ་མཐའ། རིག་གཞུང་། ནང་པའི་རྒྱལ་ཁབ་ཚོའི་སྤྱི་ཚོགས་དང་ཆོས་འབྱུང་ལོ་རྒྱུས་སོགས་དང་འབྲེལ་ནང་ཆོས་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་རིགས་ལ་ཉམས་ཞིབ་གནང་འཐུས། སློབ་གཉེར་ཁང་འདི་ནས་རྒྱལ་ཁབ་ནང་ཁུལ་དང་རྒྱལ་སྤྱིའི་ནང་ཟབ་སྦྱོང་དང་། བགྲོ་གླེང་། ཚོགས་འདུ་སོགས་ནང་ཆོས་དང་རྒྱ་གར་གྱི་རིག་གཞུང་དང་རྒྱལ་རབས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གོ་སྒྲིག་ཞུས་དང་ཞུ་བཞིན་ཡོད།
༤༽ ཐང་སན་ཙང་དྲན་རྟེན་ཚོགས་ཁང་། ནང་ཆོས་ཐོག་ཧ་ཅང་མཁས་པའི་རྒྱ་ནག་གི་གནས་སྐོར་བ་ཐང་སན་ཙང་ཐོག་མར་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་གི་སློབ་མ་ཡིན་ཅིང་། ཕྱིས་སུ་དེར་དགེ་རྒན་གནང་ནས་བཞུགས། ཁོང་གི་དྲན་རྟེན་ཆེད་དུ་ཚོགས་ཁང་ཞིག་བཞེངས་སྐྲུན་བྱས་ཡོད་པ་དེ་ད་སྐབས་ནང་ཆོས་སློབ་གཉེར་དང་ཉམས་ཞིབ་བྱེད་སའི་བསྟི་གནས་ཤིག་ཏུ་འགྱུར་རྒྱུར་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད། ཅེས་གསལ་བ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མཁས་དབང་ (Bhikku jagdish Kashyap) མཆོག་གིས་རྩོམ་སྒྲིག་ཐུགས་འཁུར་འོག་པཱ་ལིའི་སྐད་ཡིག་ཐོག་སྡེ་སྣོད་བཀའ་པོད་ ༤༡ དང་། དེ་དག་གི་དགོངས་འགྲེལ་ཁག་གཅིག་དང་། དེ་མིན་ནཱ་བ་ནཱལནྡཱ་མཧཱ་བི་ཧ་རའི་དེབ་ཕྲེང་ ༥ དང་། ནཱལནྡཱའི་གནའ་བོའི་རིག་གཞུང་རྒྱུན་འཛིན། ནཱལནྡཱའི་ནང་ཆོས་དང་འཛམ་གླིང་། ནཱལནྡཱ་དང་ནང་ཆོས་ཞེས་པ་བཅས་ཀྱི་ཕྱག་དེབ་པར་སྐྲུན་གནང་འདུག
[2] མཧཱ་བི་ཧཱ་རའི་དཔེ་མཛོད་ཁང་གིས་སྡེ་སྣོད་གསུམ་གྱི་ཕྱག་དཔེ་སོགས་ནང་པའི་སྡེ་པ་མི་འདྲ་བ་ཚང་མའི་དཔེ་དེབ་དང་། ཡིག་ཆ་དཀོན་རིགས་དང་། དུས་དེབ་སོགས་གསོག་ཉར་བྱེད་བཞིན་ཡོད།
[3] པཱ་ལིའི་སྐད་ནི་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་ལས་པྲཱ་ཀྲི་ཏ་ཡུལ་མི་རང་བཞིན་པའི་སྐད་ཀྱི་རིགས་ཤིག་ཡིན་ལ། པཱ་ལིའི་སྐད་ནི་རྒྱ་གར་ནུབ་བྱང་ཕྱོགས་ཀྱི་མི་རྣམས་ཀྱི་རང་བཞིན་སྐད་ཡིག་ཡིན་ཅིང་། དེང་སྐབས་ལྷོ་བརྒྱུད་ནང་པའི་སྤྱི་སྐད་དུ་འདོད་པར་མ་ཟད། པཱ་ལིའི་སྐད་ནང་མ་ག་དྷའི་སྐད་ཀྱི་ཤུལ་རྗེས་མངོན་པས་ན་གནའ་བོའི་ནང་བསྟན་གསུང་རབ་རྣམས་པཱ་ལིའི་སྐད་ལས་གཞན་པའི་སྐད་ཡིག་ཅིག་ཏུ་བཞུགས་པར་ནང་པའི་རིག་པ་སྨྲ་བ་རྣམས་ཀྱིས་བཞེད་དོ།།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༦༧ ནས་ ༥༧༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།