༄༅།དགེ་སློང་མ་དཔལ་མོའི་རྣམ་ཐར་བསྡུས་པ་བཞུགས་སོ། །
༼མཛད་པ་པོ་མི་གསལ།[1]༽
དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྗེས་སུ་བཟུང་བ་ནི་དགེ་སློང་མ་དཔལ་མོ་ཡིན་ཏེ། དེའི་རྣམ་པར་ཐར་པ་ནི། དེ་ཡང་དགེ་སློང་མ་དཔལ་མོ་ནི། རྒྱལ་པོ་ཨིནྡ་བྷོ་ཏི་ཆེ་བའི་སྲས་མོ། འབྲིང་པོའི་ལྕམ་སྲིང་ཡིན་ཞིང་། མིང་ཡང་ལེགས་སྨིན་འབྱུང་བ་བྱ་བ་ཡིན། བཟང་ཞིང་མཛེས་པ་ལྟ་ན་སྡུག་པ་གཅིག་ཡོད་པ་ལ། རྒྱ་གར་ཤར་ཕྱོགས་པས་ངའི་བུའི་བཙུན་མོ་བྱེད་དགོས་ཟེར་ཞིང་རིན་བསྐྱལ། དེ་བཞིན་དུ་ཁ་ཆེ་དང་། ཟ་ཧོར་དང་། ཨོ་རྒྱན་ལ་སོགས་པའི་རྒྱལ་པོ་ཐམས་ཅད་ཀྱིས་ང་ཡི་བུའི་བཙུན་མོ་བྱེད་ལ་སྟེར་དགོས་ཟེར་ཞིང་རིན་བསྐྱལ་ལོ། །
དེ་དུས་ལྷ་གཅིག་རང་གིས་བསམ་པ་ལ། ཀྭ་ཡེ་བདག་ད་ལྟ་རིགས་བཟང་ཞིང་མཛེས་ལ་འབྱོར་པ་དང་ལྡན་པ་འདི་ཡང་། སྐྱེ་བ་སྔ་མ་བསོད་ནམས་བསགས་པ་ལས་བྱུང་བ་ཡིན་ནོ། །ད་རེས་དལ་འབྱོར་གྱི་མི་ལུས་འདི་ལ་བརྟེན་ནས་ཆོས་མ་བྱས་ན། སྐྱེ་བ་རྟིང་མ་ལ་མི་ཁོམ་པའི་གནས་བརྒྱད་དུ་བལྟུང་ནས་ཆོས་བྱེད་པའི་སྐལ་བ་མི་འོང་སྙམ་དུ་དགོངས་ནས། ལོ་བཅུ་གཉིས་ལ་ཆོས་སྒོར་ཞུགས་ནས་ཆོས་ཞུས་པས། ཆོས་མང་དུ་ཐོས་ཤིང་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཏོ། །
དེ་ནས་སྔོན་གྱི་མི་དགེ་བའི་ལས་ངན་སྨིན་ནས། ལོ་བཅོ་ལྔ་ལ་མཛེ་ནད་བྱུང་ནས། ལུས་ཐམས་ཅད་ལ་ཤ་རོ་དང་། ཤ་བཀྲ་དང་། ཆུ་སེར་གྱིས་གང་། ཕྱག་གཉིས་མཁྲིག་མ་ནས་ཆད། ཞལ་ལ་ཁྲོ་ཡིས་འཛེར་བཏབ་པ་ལྟ་བུར་གྱུར། ལུས་ལ་ན་ཚ་དང་། སེམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་། དེར་བསམ་མནོ་བཏང་བས་འདི་ལྟ་བུའི་སྡུག་བསྔལ་འདི་དག་ཀྱང་ཚེ་རབས་སྔ་མའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པས་ཁུར་དགོས། སྡུག་བསྔལ་ལས་སྐྱོབ་ནུས་པའི་ལྷ་མ་ནོར་བ་ནི། ཐུགས་རྗེ་ཆེན་པོ་ཡིན་པས། དེ་ལ་གསོལ་བ་འདེབས་དགོས་དགོངས་ནས་ཆུ་བོ་ཆེན་པོ་གཅིག་གི་ཕར་ཁར། ཇོ་བོ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་བཞུགས་པའི་གཙུག་ལག་ཁང་གཅིག་ཡོད་པ་དེར་སོང་ནས་གསོལ་བ་འདེབས་དགོས་དགོངས་ནས། ཚེས་བཅོ་ལྔའི་དུས་སུ་མཆོད་པ་མང་དུ་ཁྱེར་ནས་ཆུ་དེ་ལ་བརྒལ་ནས། ཉ་དང་སྦལ་ལྕོང་མང་དུ་འདུག་པ་མཐོང་ནས་སྙིང་རྗེ་སྐྱེས་ཏེ། ཀཾ་ཀ་ནི་མང་དུ་རྣ་ལམ་དུ་བསྒྲགས་ཤིང་བྱོན་ནོ། །
ཕར་ཁར་ཕྱིན་པ་དང་། ལྷམ་གྱོན་ནས་འགྲོ་བྱེད་དགོས་སྙམ་ཙ། ལྷ་ཁང་མཐོང་ནས་དགའ་དྲགས་ཤིང་དད་པ་སྐྱེས་ནས་བརྒྱུག་ཅིང་ཕྱིན་པས། བཙུན་པ་ཆོས་གྲོ་ཚར་བ་ལ་སླེབས། དཀོར་གཉེར་གང་ཡིན་དྲིས་པས། བཙུན་པ་གཅིག་གིས་དཀོར་གཉེར་ང་ཡིན་ཟེར། ཁྱེད་ཅི་བྱེད་ཟེར་བ་ལ། ཁོ་མོ་ཐུགས་རྗེ་ཆེན་པོའི་ཞལ་ལྟ་འདོད་ཀྱིས་ལྷ་སྒོ་འབྱེད་པར་ཞུ་བྱས་པས། དཀོར་གཉེར་ན་རེ། ཁྱེད་སྐྱེ་བ་དམན་པའི་ཐོག་ཏུ་ཡང་མཛེ་མོར་འདུག་པས། སྒོ་རྒྱབ་ཏུ་འདུག་ལ་གསོལ་བ་ཐོབ་ཅིག་གསུངས། དེ་ནས་སྒོ་རྒྱབ་ཏུ་བསྡད་ནས་གསོལ་བ་བཏབ་པས། ཇོ་བོ་སྤྱན་རས་གཟིགས་ཀྱི་སྐུ་དེ་གདན་ཁྲི་ལས་འཕགས་ནས་བྱུང་བས། དཀོར་གཉེར་ན་རེ་མཛེ་མོ་ཁྱོད་ནུས་པ་རེ་ཆེ་ཅི་ལྟ་བུ་ཞིག་ཡིན་ཟེར་བ་ལ། ལོ་རྒྱུས་བཤད་པས། ངོ་མཚར་ཆེ་ཟེར་ནས་ཕྱག་ཅིག་འཚལ། དེ་ནས་དཀོར་གཉེར་ན་རེ། ཁྱོད་ལ་མཛེ་བྱུང་ཡང་ཡོན་ཏན་ཅན་ཞིག་འདུག་པས། དོ་ནུབ་ལྷ་ཁང་ནང་དུ་བསྡད་པས་ཆོག་ཟེར། དེ་ནུབ་ལྷ་ཁང་ནང་དུ་བསྡད་ནས་སྲོད་ཀྱི་རིང་ལ། ན་མོ་བུདྡྷ་ཡཱ། ན་མོ་དྷརྨཱ་ཡཱ། ན་མོ་སང་གྷ་ཡཱ། ན་མོ་ལོ་ཀི་ཤཱ་ར་ཡཱ། ཞེས་གསོལ་བ་མང་དུ་བཏབ། ཉལ་ཁར་བདག་རྒྱལ་རིགས་སུ་སྐྱེས་ཤིང་ལོངས་སྤྱོད་དང་ལྡན་ཡང་། ནད་དྲག་པོ་འདི་འདྲ་ཞིག་གིས་ཐེབ་ཅིང་སྡུག་བསྔལ་དང་ལྡན་ནོ། །བདག་བསོད་ནམས་དང་ལྡན་པ་ཞིག་ཡིན་ན། དམ་པའི་ཆོས་ཚེགས་ཆུང་ལ་དོན་ཆེ་བ། བདག་གཞན་གྱི་དོན་འགྲུབ་པ་གཅིག་ལུང་སྟོན་དུ་གསོལ། ཞེས་ཇོ་བོ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ནས་ཉལ་བའི་ཐོ་རངས་ཀྱི་ཆ་ལ་བབ་པ་ན། རྨི་ལམ་དུ་རང་གི་ཡབ་རྒྱལ་པོ་ཨིནྡྲ་ཟེར་བའི་ཁྱེའུ་ཆུང་མདོག་དཀར་བ་ཤེལ་གྱི་ཐོར་ཚུགས་དང་ལྡན་པ། རིན་པོ་ཆེའི་རྒྱན་མང་པོས་བརྒྱན་པ་གཅིག་གིས་ཤེལ་གྱི་བུམ་པ་ཅིག་བསྣམས་ནས། འདི་ཐུགས་རྗེ་ཆེན་པོ་ལ་ཞུས་པའི་ཁྲུས་ཆུ་ཡིན། ཁྱོད་ཀྱིས་ཁྲུས་གྱིས་ཤིག་ཟེར་ནས་སྤྱི་བོ་ནས་མར་བླུག་པས། ལུས་ངག་ཡིད་གསུམ་བདེ་ལྷོད་ཀྱིས་སོང་བ་སྙམ་བྱེད། སྐྱེས་བུ་དེའི་ཞལ་ནས།
ལས་དང་སྐལ་བ་ལྡན་པའི་བུ་མོ་ཁྱོད། །དྲག་པོའི་མཛེ་ནད་འདི་ཡི་རྐྱེན་བྱས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འགྲུབ་ཅིང་། །ཚེ་གཅིག་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །དུས་གསུམ་སངས་རྒྱས་ཐུགས་རྗེ་ཀུན་འདུས་པའི། །བཅུ་གཅིག་ཞལ་ལྡན་ཕྱག་སྟོང་སྤྱན་སྟོང་མངའ། །སྤྱན་རས་གཟིགས་དེ་དད་མོས་བསྒྲུབ་པར་གྱིས། །མྱུར་དུ་འགྲུབ་ཅིང་དངོས་གྲུབ་ཐོབ་པར་འགྱུར་། །རིན་ཆེན་སྣ་དྲུག་སྒྲོན་མེ་འདི་ཐོགས་ཤིག །འགྲོ་དྲུག་འཁོར་བའི་མུན་པ་འདིས་སེལ་ལོ། །བདུད་རྩིས་བཀང་བའི་བུམ་བཟང་འདི་ཁྱེར་ཅིག །འགྲོ་དྲུག་དུག་ལྔའི་ནད་ཀུན་འདིས་ཞིའོ། །གཟུངས་སྔགས་ཆོས་ཀྱི་འབྲུག་སྒྲ་འདི་སྒྲོགས་ཤིག །སེམས་ཅན་མ་རིག་གཉིད་ལས་འདིར་བསླངས་སོ། །བསྐྱེད་རྫོགས་གསལ་བའི་མེ་ལོང་འདིར་ལྟོས་ཤིག །ཚེ་གཅིག་ཉིད་ལ་རྫོགས་སངས་རྒྱས་པར་འགྱུར། །ཞེས་གསུངས་པ་རྨིས་སོ། །
དེ་ནས་ནམ་ལང་ཁར་རྨི་ལམ་གྱི་དོན་སེམས་ཤིང་ཡོད་ཙ་ན། ནམ་མཁའ་ནས་གཟུགས་མེད་པའི་སྒྲ་གཅིག་གྲགས་པ་ལ་ཉན་པས་ན། ལས་དང་སྐལ་བ་ལྡན་པ་ཁྱོད། །འགྲོ་བ་དགེ་ལ་བཀོད་པའི་ཕྱིར། །འཕགས་པའི་སྤྲུལ་པ་དཔལ་ཞེས་བྱ། །དེ་ཉིད་ལུང་བསྟན་གདམས་ངག་ཞུས། །ཞེས་པའི་སྒྲ་གཅིག་གྲགས་སོ། །དེའི་ནངས་པར་དཀོར་གཉེར་ལ་ཡུལ་ཕྱོགས་འདི་ན། ཇོ་བོའི་ཆོས་ལ་མཁས། བསྒྲུབ་པ་ལ་བརྩོན་པ་ཅི་འདྲ་ཡོད་དྲིས་པས་ན། དཀོར་གཉེར་ན་རེ། སྔོན་གྱི་དུས་ན་ཏི་པམ་ཀ་ར་ཞེས་བྱ་བའི་གྲུབ་ཐོབ་གཅིག་ཡོད་པ་ནི་འདས། དེའི་སློབ་མ་བྷི་སིདྡྷི་བྱ་བའི་རྣལ་འབྱོར་པ། སྤྱན་རས་གཟིགས་ཀྱི་གྲུབ་ཐོབ་སྒྲུབ་པ་པོ་གཅིག་ཡོད་ཟེར། དེ་ལ་ཆོས་ཞུ་མི་མང་དུ་ཡོད་དམ་སྨྲས་པས། རྒྱ་གར་བ་ཆོས་ཞུ་མི་མང་པོ་མེད། བོད་ན་ཞུ་མི་འགའ་རེ་འོང་ཞིང་སྣང་། ད་ལྟ་ཕུག་པ་ཡ་ཀི་ན་བཞུགས་ནས་ཡོད་ཟེར། དེ་ནས་ལུང་པ་དེའི་ཕུ་ན་ཡར་བྱོན་ཙ་ན། ལམ་ཁ་བྲག་པ་གཅིག་གི་སར་སྐྱེས་པ་སྟག་རལ་ཅན་ཞིག་གིས་ཞིང་རྨོ་ཞིང་སྣང་བའི་ཕྱི་ན་ཕར་ལ་བཙུན་པ་ཆོས་གོས་སྔོན་པོའི་སྟོད་གཡོག་ཅན་དར་དམར་སེར་གྱི་སྨད་གཡོགས་ཅན་གཅིག །ཕྱུག་གི་ཕྱི་དད་ལ་འགྲོ་ཞིང་། རོལ་ནང་ནས་འབུ་བྱུང་ཚད་ཐུ་ཞིང་ཟ་བ་མཐོང་ནས། འདི་ནི་རབ་བྱུང་གི་ཆ་ལུགས། སྡིག་པ་ལ་སྤྱོད་པ་གཅིག་འདུག་དགོངས་ནས། དད་ལོག་གཅིག་སྐྱེས་ནི་དེས་མཁྱེན་ནས་འདི་སྐད་ཅེས། བུ་མོ་ཁྱོད། ཁོ་བོ་ལ་དད་ལོག་མ་བྱེད། དག་སྣང་སྐྱེད་ཅིག་གསུང་པས། མོས་གུས་དུང་པ་གཅིག་བྱས་པའི་ཚེ། དེ་ཉིད་ཀྱི་ཞལ་ནས། ལས་དང་སྐལ་བཟང་བུ་མོ་ཁྱོད། །ལས་སྒྲིབ་སྣང་བ་བདེན་མ་འཛིན། །མ་འགགས་པ་ཡི་ཆོས་རྣམས་ལ། །བརྗོད་ཅེས་བྱ་བ་ག་ལ་ཡོད། །མ་སྐྱེས་པ་ཡི་སེམས་ཅན་ལ། །བསད་ཅེས་བྱ་བ་ག་ལ་ཡོད། །སྲིད་གསུམ་ཡེ་ནས་འོད་གསལ་ལ། །མ་རིག་ཉིད་ཀྱིས་སྒྲིབ་པ་མེད། །ཅེས་གསུངས་ཤིང་། ཞལ་ནས་ཧག་ཧག་ཅེས་གསུང་པའི་མོད་ལས། སྔར་གྱིས་འབུ་ཟོས་པ་རྣམས་གསོན་པོར་བྱུང་ནས། ནམ་མཁའ་ལ་འཕུར་ནས་སོང་ཙམ་ན། འཇའ་འོད་དུ་ཡལ་ནས་འགྲོ་བ་མཐོང་ངོ་། །
འདི་སྤྲུལ་པ་གཅིག་རེད་སྙམ་ནས་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་ནས། རང་གི་ལོ་རྒྱུས་རྣམས་བཤད་ཅིང་བདག་ལ་གདམས་པ་ཞིག་ཞུ་བྱས་པས། དེའི་ཞལ་ནས། བདག་ནི་ཕྱག་ན་རྡོ་རྗེ་ཡིན་མོད་ཀྱང་། །ཁྱོད་ཀྱིས་སྨོན་ལམ་འབྲེལ་པ་བདག་ལ་མེད། །དེ་ཕྱིར་ང་ཡི་གདམས་པས་ཁྱེད་མི་གྲོལ། །ཁྱོད་ཀྱི་བླ་མ་བདག་གིས་ལུང་བསྟན་ཏོ། །ཁྱོད་ནི་ཕུ་འདིར་སོང་ལ་ནགས་ཚལ་ན། །མགོན་པོ་འོད་དཔག་མེད་ཀྱི་རྣམ་སྤྲུལ་དེའི། །མིང་ནི་དཔལ་གྱི་དངོས་གྲུབ་ཞེས་བྱ་ཡོད། །དེ་ལ་རིག་རུས་ཕ་མ་ཡོད་མ་ཡིན། །ཁྱོད་ཀྱི་བླ་མ་དེ་འོས་གདམས་པ་ཞུས། །ཞེས་ལུང་བསྟན་ནོ། །དེ་ནས་ལྷ་ཅིག་གིས་ཕྱག་འཚལ་ནས། ཅི་འབྱོར་པས་མཆོད་ནས་ལན་གསུམ་བསྐོར་བ་བྱས་ནས། ལུང་བསྟན་པ་དེའི་ནང་ནས་ཡར་སོང་ངོ་། །ལུང་པ་དེའི་ནང་ན་ཡུན་རིང་པོ་བཙལ་ཀྱང་མ་རྙེད་ནས་ལུང་པ་དེའི་ཕུ་ན་ཡར་ཕྱིན་པས། ནགས་ཚལ་རྒྱ་ཆེན་པོ་གཅིག་འདུག །ནགས་དེའི་ནང་དུ་ཚོལ་བ་ལ་སོང་ཙ་ན། འཇག་མའི་སྤྱིལ་པོ་ཞིག་གི་ནང་ན། རབ་ཏུ་བྱུང་བ་ཞིག་བཞུགས་ནས་སྣང་། ཉིད་ཀྱི་མིང་ཅི་ལགས་ཞུས་པས། བདག་གི་མིང་དཔལ་གྱི་དངོས་གྲུབ་བྱ་བ་ཡིན་གསུངས། དེ་ལ་ཕྱག་འཚལ་དངོས་དང་ཡིད་ཀྱི་མཆོད་པ་ཕུལ། ལན་གསུམ་བསྐོར་བ་བྱས་ནས་འདི་སྐད་ཅེས་ཞུས་སོ། །
ན་མོ། མི་ཚེ་འདི་ལས་ཕྱི་མ་རིང་། །བཟོད་དཀའ་འཁོར་བའི་སྡུག་བསྔལ་ལས། །ཐར་ཐབས་གདམས་ངག་བསྟན་པར་འཚལ། །བདག་ནི་བློ་དམན་ཤེས་རབ་ཆུང་། །ཚེགས་ཆུང་དོན་ཆེའི་གདམས་པ་ཞིག །ཇོ་བོས་བདག་ལ་བསྟན་དུ་གསོལ། །ཞེས་ཞུས་པས། ཇོ་བོས་རབ་ཏུ་བྱུང་བ་དེའི་ཞལ་ནས། ཕལ་ཆེར་བུད་མེད་ཁྱེད་ཅག་རྣམས། །དད་པ་ཆུང་ཞིང་སྙིང་རུས་མེད། །རྣམ་རྟོག་རགས་ཤིང་ཉོན་མོངས་ཆེ། །ཁྱོད་ཀྱིས་དམ་ཆོས་ཅུང་ཡོང་ངམ། །ཞེས་གསུངས་པ་ལས། ཞུས་པ། བདག་ནི་ཨོ་རྒྱན་རྒྱལ་པོའི་ལྕམ། །སྔོན་གྱི་ལས་ཀྱིས་ནད་ཀྱིས་ཐེབ། །རྒྱལ་རིགས་སྨྲ་བ་ལན་ཅིག་ཡིན། །བཀའ་བཞིན་བསྒྲུབ་བོ་གདམས་པ་ཞུ། །ཞེས་གསོལ་བས་ཡང་གསུངས་པ། བུ་མོ་སངས་རྒྱས་དོན་གཉེར་ན། །དེ་ཡི་རྟེན་ལ་རབ་བྱུང་དགོས། །ཁྱོད་ཀྱིས་ཡབ་ལ་བཀའ་གནང་ཞུས། །དེ་མིན་བདག་ལ་ཆད་པ་ཕོག །ཅེས་གསུངས། དེ་ནས་ཡབ་རྒྱལ་པོའི་དྲུང་དུ་སོང་ནས། རབ་ཏུ་བྱུང་བའི་གནང་བ་ཞུས་ཏེ། རྒྱལ་པོའི་བཀའ་གནང་ནས། བླ་མའི་དྲུང་དུ་སོང་ནས་རབ་ཏུ་བྱུང་བ་ཞུས་པས། བླ་མའི་རབ་བྱུང་མཛད། བླ་མས་མཚན་ལ་དྲངས་ནས་མིང་ཡང་དཔལ་མོ་བཏགས། དེ་ནས་བླ་མ་དེ་ལ་ཆོས་ཞུས་པས། ཇོ་བོ་སྤྱན་རས་གཟིགས་ཀྱི་དབང་བསྐུར། རྒྱུད་བཤད། གདམས་ངག་ཐམས་ཅད་ཚང་བར་གནང་སྟེ། འདི་སྐད་གསུང་། བུ་མོ་ཁྱོད་སྐྱེ་བ་སྔ་མའི་ལས་མི་དགེ་བའི་ལྷག་མ་མཛེ་ནད་འདིས་ཟིན་ཀྱང་སྐལ་ལྡན་མ་ཡིན་ཞིང་། ནད་འདི་ཡི་རྐྱེན་བྱས་ནས་མྱུར་དུ་དངོས་གྲུབ་ཐོབ་པར་གདའོ། །ཁྱོད་རང་མཚམས་ཆོད་ལ་རྩེ་གཅིག་ཏུ་སྤྱན་རས་གཟིགས་སྒྲུབས་ཤིག །དེ་ནས་བླ་མའི་གནས་དང་ཉེ་བའི་ས་གཅིག་ན་འཁོར་རྣམས་ཀྱིས་རྩྭའི་སྤྱིལ་པོ་ཕུབ་ནས་བཞུགས་ཏེ། འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་ཤིང་ཉིན་མོ་ནི་ཡི་གེ་དྲུག་མ་འདོན། མཚན་མོ་ནི་བཅུ་གཅིག་ཞལ་གྱི་གཟུངས་རིང་བཏོན་པས། ལས་ངན་ཐམས་ཅད་བསླང་ནས་སྐུ་ལུས་ཀྱི་ན་ཚ་གཟེར་ཟུག་ཐམས་ཅད་ཆེར་སོང་། རྣག་ཁྲག་མང་དུ་བབས། ཟས་ཀྱང་ཕྱག་གཉིས་མེད་པས། བཟུང་མ་ཤེས་ནས་ཁྱི་ཁྲུད་འཐུང་བ་ལྟར། ཟླ་བ་དྲུག་སོང་བའི་ནུབ་ཅིག་ཐུགས་དགོངས་ལ། བདག་ལ་བསྒྲུབ་སླ་ལ་དོན་ཆེ་བ། མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པའི་ལྷ་ཅིག་དགོས་པར་ཡོད་པ་ལ། འདི་ལས་མི་སྣང་། དེ་དེ་ལྟ་བུའི་ལྷ་ཅིག་བླ་མ་ལ་ཞུ་རྒྱུ་བདོག་གམ་སྙམ་ནས། བླ་མ་ལ་བདག་ལ་ཚེགས་ཆུང་ལ་དོན་ཆེ་བའི་ཆོས་གཅིག་ཞུ། ཁྱད་པར་ནད་རིགས་འདི་ལ་ཕན་པའི་ལྷའི་བསྒྲུབ་ཐབས་ཤིག་ཞུ་དགོས་ཞུས་པས། བླ་མའི་ཞལ་ནས། གཤིན་རྗེ་དང་མ་མོ་འདུལ་དཔོན་འཕགས་པ་འཇམ་དཔལ་ཡིན། གནོད་སྦྱིན་དང་སྡེ་བརྒྱད་འདུལ་དཔོན་ཕྱག་ན་རྡོ་རྗེ་ཡིན། ཀླུ་དང་ས་བདག་འདུལ་བ་ལ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་འདི་བསྔགས་པ་ཡིན་པས། ད་ཁྱེད་འདིར་མ་འདུག་པར་ལི་ཁ་ར་ཤིང་འཕེལ་བྱ་བའི་གནས་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཞལ་བཅུ་གཅིག་པ་བཞུགས་པའི་གཙུག་ལག་ཁང་ཡོད་པས། དེར་སོང་ལ་བསྒྲུབས། ཡང་ན་དེའི་ཕར་ཁར་འདམ་བུ་རྒྱུ་བའི་ཚལ་བྱ་བ་ན། ཇོ་བོ་ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ། བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡོད་པས། དེ་གཉིས་གང་འཐད་ཅིག་ཏུ་ཐུགས་རྗེ་ཆེན་པོ་སྒྲུབས། མཚན་མོ་གཟུངས་རིང་ཐོན། ཉིན་མོ་ཡི་གེ་འབྲུ་དྲུག་པ་དེ་ཟུང་ལ་ཀློགས་ཤིག །འཆང་ཞིག །ཀུན་ཆུབ་པར་གྱིས། ཚེགས་ཆུང་ལ་དོན་ཆེ་བ་དེ་ཡིན། བསྙུང་གནས་དང་ལྡན་པས་བསྐྱེད་རྫོགས་ནན་ཏན་བསྒོམ་ཞིང་གསོལ་བ་ཐོབ་ཅིག་དང་། ལོ་གཅིག་དང་ལོ་བཅུ་གཉིས་ནས་རྗེ་བཙུན་མ་སྒྲོལ་མ་དང་རྟོགས་པ་མཉམ་ཞིང་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ། དེ་ནས་བླ་མའི་བཀའ་བཞིན་ལི་ཁ་ར་ཤིང་འཕེལ་དུ་བྱོན་པ་ན། ཉིན་ལམ་གསུམ་བསྒྲོད་པའི་ས་གཅིག་ན། ཤིང་ནེ་ཏྲོ་ཏའི་སྡོང་པོ་གཅིག་གི་ཞབས་སུ་ཞག་མལ་མཛད་ནས་བཞུགས་པས། དེ་ནུབ་གཅན་གཟན་གདུག་པ་ཅན་མང་པོའི་སྒྲ་སྐད་ཆེན་པོ་ཚོར་བས། འཇིགས་ཤིང་དུག་སྦྲུལ་འབྱུང་དོགས་པའི་འཇིགས་པ་ཆེན་པོ་བྱུང་བས། སྲོད་ལ་ཇོ་བོ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པས། སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ་ཀྱི་ཞལ་གཟིགས་པས། བསྟོད་པ་ཡང་མཛད་དོ། །
ཐོ་རངས་གཉིད་སད་པ་ན་ཐུགས་དགོངས་ལ། ད་ལི་ཁ་ར་ཤིང་འཕེལ་དུ་འགྲོ་བ་ལ། ད་དུང་ཟླ་བ་ཙམ་ཡོད་པར་འདུག །བདག་གི་ལུས་མ་བདེ་བ་དང་། ཡན་ལག་མ་ཚང་བ་འདིས་གཅན་གཟན་དང་སྦྲུལ་གྱིས་འཇིགས་པས་གཙེས་ན། གནས་དེར་བསྒྲོད་མི་ནུས་པ་འདྲ་སྙམ་ནས། ཐུགས་ཁྲལ་མཛད་ཅིང་ཡོད་པའི་སྐབས་སུ་འོད་དམར་པོ་དམར་ལམ་པ་ཞིག་བྱུང་། གཟིགས་པ་ན་བུ་མོ་དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེ་སྣ་ལྔས་བརྒྱན་པ་མགོ་ལ་མེ་ཏོག་དམར་པོའི་ཐོད་བཅིངས་པ་ཉི་ཤུ་རྩ་གཅིག་བྱུང་བ་ལ། ཁྱེད་རྣམས་གང་ནས་འོང་ཅི་ལྟ་བུ་ཡིན་བྱས་པ་ལ། བདག་རྣམས་ཨོ་རྒྱན་ནས་འོང་། པདྨའི་རིགས་ཀྱི་མཁའ་འགྲོ་མ་ཡིན་ཟེར། དེར་དགེ་སློང་མ་དཔལ་མོས། དེ་ལྟ་ན་ལི་ཁ་ར་ཤིང་འཕེལ་ན་མྱུར་དུ་སླེབས་པའི་དངོས་གྲུབ་ཞུ་བྱས་པས། དེ་དག་གིས་རས་དཀར་པོ་ཡུག་གཅིག་ཁ་ཚར་དང་བཅས་པ། ནམ་མཁར་བརྐྱང་ལ་འདི་ལ་འཇུས་ཤིག་ཟེར། དེ་ལ་བཟུང་ཙམ་ན། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་གྱིས་ལི་ཁ་ར་ཤིང་འཕེལ་གྱི་གཙུག་ལག་ཁང་གི་སྒོ་དྲུང་ན་སླེབས་ནས་འདུག །ཁོང་རྣམས་ཀྱིས་རས་ཟུང་ཡུག་ལྔའི་སྟེང་དུ་འབྲས་དྲུས་མ་ཁལ་ལྔ་བླུག་ནས་འདུག་སྟེ། ད་རས་འདི་ལ་ན་བཟའ་མཛོད། འབྲས་འདི་ལ་གསོལ་ཟས་མཛོད་ལ་ཇོ་བོ་སྒྲུབས་ཤིག །ལོ་བཅུ་གཉིས་ནས་རྡོ་རྗེ་ཕག་མོ་དང་རྟོགས་པ་མཉམ་ནས། ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱི་གཙོ་མོར་འགྱུར་རོ། །དེའི་ཚེ་བདག་ཅག་རྣམས་ཀྱང་ཉིད་ཀྱི་འཁོར་དུ་ཡོང་ཟེར། དེ་ལྟར་ཉིད་ཀྱི་ཐུགས་ཀྱིས་དགོངས་འཚལ་ཟེར་ནས་མི་སྣང་བར་གྱུར་ཏོ། །
དེ་ནས་ལི་ཁ་ར་ཤིང་འཕེལ་གྱི་ལྷ་ཁང་གི་སྒོ་རྩ་ན་བསྡད་ནས། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡོད་ཙ་ན། དཀོར་གཉེར་ན་རེ། ཁྱོད་སྐྱེ་བ་དམན་པའི་སྟེང་དུ་མཛེ་མོར་སྣང་། དེར་མ་འདུག་ལྷ་ཁང་གི་སྒོ་རྩ་དེར་སྲུལ་ནས་ངས་རྩྭའི་སྤྱིལ་པོ་རྒྱང་ལ་འཕེན་པ་ཡིན་ཟེར་ནས་སྡོད་མ་སྟེར། དེར་ཆུ་ཕར་ཁར་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་ལྷ་ཁང་དུ་སོང་ནས་ཟླ་བ་དྲུག་ལ་ཉིན་མོ་ཡི་གེ་དྲུག་པ་བཏོན། མཚན་མོ་གསོལ་བ་བཏབ་ཀྱང་ཁམས་སྐྱེད་ཆེན་པོ་མ་བྱུང་། དེ་ནས་སླར་ཡང་ལི་ཁ་ར་ཤིང་འཕེལ་དུ་ལོག་ནས་སོང་སྟེ། ལྷ་ཁང་གི་རྒྱབ་ཕྱོགས་སུ་སོང་ནས་རྩྭའི་སྤྱིལ་པོ་ཕུབ་ནས་ད་བདག་གིས་མཆོག་གི་དངོས་གྲུབ་ཐོབ་ཀྱི་བར་དུ་གནས་གཞན་དུ་འགྲོ་རི་གསུངས་ནས་དབུ་བསྙུང་བཞེས། ཉིན་གཅིག་བསྙེན་གནས། ཉིན་ཅིག་བསྙུང་གནས་མཛད་ཅིང་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་བསྐྱེད་རྫོགས་བསྒོམ་ཞིང་གཟུངས་རིང་དང་ཡི་གེ་དྲུག་མ་ལ་ཐུགས་དམ་མཛད་པས། ལོ་གསུམ་སོང་ནས། ནུབ་ཅིག་ཐུགས་དགོངས་ལ། གཙང་སྦྲ་དང་བསྙུང་གནས་ལ་སོགས་དཀའ་བ་སྤྱད་མི་དགོས་པར། བསྒྲུབས་སླ་བའི་ལྷ་ཅིག་ཡིན་ན་དགའ་སྟེ་མི་སྣང་། ད་ཀུན་ནད་འདི་ཡི་རྐྱེན་བྱས་ནས་ཤི་ན་དགའ་བ་ལ་སྙམ་དུ་ཐུགས་དགོངས་འཕྲོ་ལ་གཉིད་དུ་སོང་སྣང་།
ཐོ་རངས་གཉིད་སད་ནས་བལྟས་པ་ན། སྤྱིལ་པོའི་ནང་ཐམས་ཅད་འོད་ཀྱིས་གང་ནས་ཕར་བལྟས་པ་ན་ཁྱེའུ་སེངྒེ་ལ་ཞོན་པ་གཅིག་བྱུང་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སྒྲུབ་པ་བསྒྲུབ་སླ་ལ་དོན་ཆེ་བ་འདི་ཉིད་ཡིན། མྱུར་དུ་སྒྲོལ་མ་དང་རྟོགས་པ་མཉམ་པར་འགྱུར་རོ། །ཞེས་ལྕེ་ཐོག་ཏུ་བདུད་རྩིའི་རིལ་བུ་གཅིག་བཞག་གོ །དེ་ཉིད་རོ་བརྒྱ་བྲོ་བ་ཞིག་བྱུང་། ཉིད་སུ་ལགས་ཞུས་པས། འཇམ་དཔལ་གཞོན་ནུ་ཡིན་གསུངས། དེས་ན་མཆོག་གི་དངོས་གྲུབ་ཞུ་ཞུས་པས། ད་ལྟའི་དེ་ག་ཡིན་མོད་གསུངས། ད་ཁྱེད་ཀྱིས་སངས་རྒྱས་ཉིད་ཀྱི་ཐུགས་རྗེ་འདུས་པའི་ངོ་བོ་སྤྱན་རས་གཟིགས་ཞལ་བཅུ་གཅིག་བསྐྱེད་རྫོགས་རྩེ་གཅིག་ཏུ་སྒོམས་ཤིག །ལོ་དགུ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་ཅིང་། ཆོ་འཕྲུལ་གསུམ་ལ་དབང་འབྱོར་བར་འགྱུར་རོ། །གསུངས་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་ངོ་། །
དེ་ནུབ་ནས་ལུས་སེམས་བདེ་བས་ཁྱབ། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐུགས་ལ་འཁྲུངས། ནམ་ལངས་པ་དང་ཞལ་བཅུ་གཅིག་པའི་ལྷ་ཁང་གི་སྒོ་དང་། ཇོ་བོའི་ཞལ་ཡང་དགེ་སློང་མ་དཔལ་མོ་ལ་བསྟན་ནས་འདུག །མཛེ་ནད་ཀྱང་སྦྲུལ་གྱི་ལྤགས་པ་ལྟར་སོང་ནས་ཕན། ཕྱག་གཉིས་སོར་ཆུད་ཅིང་སྔ་མའི་ཕྱག་ལྟ་བུར་གྱུར། དེ་ནས་བཟའ་བཏུང་ཡིད་ལ་མི་བྱེད་པར་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་བསྐྱེད་རྫོགས་ལ་ཉིན་མཚན་འཁོར་ཡུག་ལ་ཐུགས་དམ་མཛད་པས། སྔར་ལོ་གསུམ་བསྙུང་ནད་ཕན་ནས་ལོ་དགུ་དང་། བཅུ་གཉིས་སོང་བའི་ས་ག་ཟླ་བའི་ཚེས་གཅིག་གི་ཉིན་མོར་སྒྲོལ་མ་དཀར་མོ་དང་། སྔོན་མོ་གཉིས་ཀྱི་ཞལ་གཟིགས། སྒྲོལ་མ་ཉིད་ཀྱིས་ཞལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཁྱོད་ཀྱིས་བྱེད་པར་འགྱུར་རོ། །ཞེས་གསུངས་པ་དང་པོའི་ཡོན་ཏན་ཞལ་གཟིགས། རྒྱུད་ལ་སྐྱེས་སོ། །ཚེས་བརྒྱད་ཀྱི་ཉིན་པར་དོན་ཡོད་ཞགས་པ་ལྷ་ལྔའི་ཞལ་གཟིགས། སྤྱན་རས་གཟིགས་ཀྱི་སྒོ་ནས་འགྲོ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་འགོད་པར་འགྱུར་རོ། །ཞེས་གསུངས་སོ། །
ཚེས་བཅོ་ལྔའི་ཉིན་མོ་རི་ཨུ་ཤུ་རིའི་རྩེ་ནས་གསེར་གྱི་གདུགས་ཆེན་པོ་ནམ་མཁའ་ཙམ་ཞིག་འཁོར་གཟིགས་པས། ཡ་ཀི་ང་ལ་གནོད་པའི་སྟེང་ལྷའི་གདོན་ཡིན་ནམ་སྙམ་སྟེ། སྤྱན་རས་གཟིགས་ཀྱི་བསྐྱེད་རིམ་དང་ལྡན་པས་སྔས་མགོར་དམ་ཚིག་གི་རྡོ་རྗེ་ཞིག་ཡོད་པ་བླངས་ཏེ། ནམ་མཁར་གདེངས་པས་རྒྱུ་སྐར་ཐམས་ཅད་འདར་ཞིང་སྣང་ངོ་། །འོ་ན་འོག་ཀླུའི་གནོད་པ་གཅིག་ཡིན་ནམ་སྙམ་ནས། རྡོ་རྗེ་དེས་འོག་ས་ལ་བརྡེག་པས་སརྣམ་པ་དྲུག་ཏུ་གཡོས་སོ། །འདི་ཇོ་བོའི་སྤྲུལ་པ་གཅིག་ཡིན་ནམ་སྙམ་སྟེ། མིག་བཙུམ་ནས་རྩེ་གཅིག་ཏུ་གསོལ་བ་གདབ་ཅིང་མོས་གུས་དྲག་པོ་བྱས་པས། འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་ཕྱག་སྟོང་དང་ལྡན་པའི་ཞལ་གཟིགས། དེའི་སྐུ་ལུས་ཀྱི་ནང་དུ་གསང་སྔགས་ཀྱི་ལྷ་མང་པོ་དང་བ་སྤུ་རེ་རེའི་རྩ་བ་ན། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མང་པོའི་འཁོར་ཞིང་གི་བཀོད་པ་གཟིགས། ཕྱག་སྟོང་ལ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་སྤྲུལ་པ་དང་། སྤྱན་སྟོང་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྤྲུལ་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དུ་མས་ཀུན་ནས་བསྐོར་བའི་ཞལ་གཟིགས། གཞན་ཡང་ཕྱོགས་སྐྱོང་བཅུ་དང་། རྒྱལ་ཆེན་སྡེ་བཞི་དང་། ལྷ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། འཇིགས་བྱེད་དགུ། ཀླུ་ཆེན་བརྒྱད་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན། དྲི་ཟ་ལ་སོགས་དྲེགས་པ་ཅན་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས། ཞལ་བཅུ་གཅིག་པ་ལ་མཆོད་པར་བྱེད་ཅིང་དེ་དག་གིས་བདག་ཅག་རྣམས་ཕྱིན་ཆད་སྤྱན་རས་གཟིགས་ཀྱི་བཀའ་འབངས་སུ་བགྱི་ཞིང་ཆོས་སྒྲུབ་པ་ཐམས་ཅད་བསྲུང་ཞིང་སྐྱོབས་པར་བགྱིའོ། །ཞེས་ཞལ་གྱིས་བཞེས་སོ། །ལྷ་ཡི་བུ་དང་བུ་མོ་རྣམས་ཀྱིས་སྟེང་གི་ནམ་མཁའ་ལ་མེ་ཏོག་གིས་ཆར་ཆེན་པོ་ཕབ། དེའི་ཚེ་དགེ་སློང་མ་དཔལ་མོས་ཇོ་བོ་ཞལ་བཅུ་གཅིག་པ་ལ། འདི་སྐད་ཅེས་གསོལ་ཏོ། །
བདག་ནི་བཅུ་གཉིས་ལོན་ནས་ཆོས་སྒོར་ཞུགས། །བཅོ་ལྔ་རབ་བྱུང་ཡི་དམ་ལྷ་གསུམ་མཇལ། །དེ་ནས་ལོ་བཅུ་གཉིས་བར་དུ་ཁྱེད་བསྒྲུབས་ཀྱང་། །འཕགས་པའི་ཞལ་ནི་ད་ལྟའི་བར་མ་མཐོང་། །ཐུགས་རྗེ་རེ་ཆུང་ཞུས་པས། ཇོ་བོ་སྤྱན་རས་གཟིགས་ཀྱི་ཞལ་ནས། ཇི་ལྟར་མུན་ལོང་དག་གི་ལག་པ་རུ། །ནོར་བུ་རིན་ཆེན་འོད་འབར་གནས་གྱུར་ཀྱང་། །དམུས་ལོང་དེ་མི་མཐོང་སྟེ་མིག་མེད་ཕྱིར། །དེ་ཉིད་ནོར་བུའི་སྐྱོན་ནི་མ་ཡིན་ནོ། །ཇི་ལྟར་མིག་དང་ལྡན་པའི་སྐྱེས་བུ་ལ། །འོད་ལྡན་ཉི་མའི་དཀྱིལ་འཁོར་མངོན་སུམ་མཐོང་། །སྒྲིབ་ཚོགས་སྤྲིན་བྲལ་དད་པའི་མིག་གིས་ནི། །འཕགས་པའི་ཉི་མ་ཤེས་བྱ་ཀུན་སྣང་མཛད། །གཞན་དུ་དགེ་སློང་མ་ཁྱོད་ཀྱིས་བདག་ལ་གསོལ་བ་འདེབས་ཤིང་སྒྲུབ་པ་ལ་མགོ་བརྩམས་པའི་ནུབ་མོ་ནས་ཁྱོད་རང་གི་མདུན་དུ་འབྲལ་མེད་དུ་གནས་ཡོད་ཀྱང་། ཁྱོད་རང་གི་ལུས་ཀྱི་སྒྲིབ་པས་བསྒྲིབས་ནས་མ་མཐོང་བ་ཡིན་ནོ། །དེ་ནས་ཁྱོད་ཀྱིས་ལོ་བཅུ་གཉིས་ཀྱི་བསྐྱེད་རྫོགས་བསྒོམས་པས་སྒྲིབ་པ་ཐམས་ཅད་དག་ནས། ད་ལྟ་མངོན་སུམ་དུ་མཐོང་བ་ཡིན་ནོ། །ཞེས་གསུངས་པས། དགེ་སློང་མས་མིག་གིས་བལྟས་པ་ན། སྔོན་དུས་རྣག་ཁྲག་སྔས་མགོར་ཕྱིས་པ་དང་། ལུད་པ་བོར་བ་རྣམས་ཇོ་བོའི་སྐུ་ཡི་སྨད་གཡོག་ལ་འགོས་རུང་འདུག་པ་མཐོང་སྟེ་ཡིད་ཆེས་སྐྱེས་སོ།།
དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞལ་ནས། དགེ་སློང་མ་ཁྱེད་ཀྱིས་སྣ་ནས་ཧཱུྃ་ཞེས་རླུང་ལན་གསུམ་བུས་ཤིག་གསུངས། དེ་ལྟར་བྱས་པས་ཚེ། སྡིག་པ་ར་ཅོ་ཅན་སྣ་ནས་བྱུང་ནས། ནམ་མཁའི་མཐོངས་སུ་ཡལ་ནས་སོང་ངོ་། །དེའི་དུས་ན་དགེ་སློང་མ་དཔལ་མོས་ལོ་ཉི་ཤུ་རྩ་བདུན་བཞེས་ཏེ། སྐུ་མདོག་ཀྱང་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ། །ལུས་དང་སྣང་བ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་སྐུ། འཇའ་ཚོན་ལྟ་བུས་ཁྱབ་པར་མཐོང་། དེ་དག་ཐམས་ཅད་ཀྱང་རང་དང་དབྱེར་མེད་པར་མཐོང་། བདུད་ཀྱི་ཚོགས་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ། ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་སྡེ་བཞི་དང་། ཀླུ་ཆེན་པོ་བརྒྱད་ཀྱིས། སྤྱན་རས་གཟིགས་བཀའ་སྲུང་དུ་ཁས་བླངས་ནས། བསྒྲུབ་པའི་བར་ཆད་སེལ་བའི་ཆོས་སྐྱོང་དུ་དམ་བཅས་སོ། །
ས་ག་ཟླ་བ་ནག་མཐོང་གི་ཟླ་བའི་ཚེས་བཅོ་ལྔ་ལ་བར་དུ་གཅོད་པའི་བདུད་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་བཀོད། ཉོན་མོངས་པའི་སྒྲིབ་པ་དག །ཤེས་བྱའི་སྒྲིབ་པ་ནི་དག །སྐད་ཅིག་དེ་ཉིད་ལ་ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐོབ་སྟེ། ཆོས་ཉིད་དོན་དམ་པའི་བདེན་པ་ཅི་ལྟ་བ་བཞིན་མངོན་སུམ་དུ་མཐོང་། ས་བཅུའི་ཡོན་ཏན་གྱི་ཞིང་རྡུལ་གྱི་གྲངས་དང་མཉམ་པ་འབུམ་ཕྲག་བཅུ་གཅིག་ལ་དབང་བསྒྱུར་བར་གྱུར་ཏོ། །དེའི་ཚེ་དགེ་སློང་མ་དཔལ་མོ་ཏ་ལ་བདུན་སྲིད་ཙམ་གྱིས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། འོད་ཟེར་སྟོང་ཕྲག་དྲུག་ཅུའི་རྩེར་སྤྲུལ་པའི་ལྷ་མོ་མང་པོས་འཕགས་པ་མཆོད་པའི་ཆོ་འཕྲུལ་མཛད་ཅིང་། ཇོ་བོ་ལ་བསྟོད་པ་བརྒྱ་རྩ་པ་དང་། སྨོན་ལམ་ཉི་ཤུ་པ་དང་། པོ་བསྟོད་དང་། ལམ་ཉི་ཤུ་པ་རྣམས་ཀྱིས་བསྟོད་ཅིང་སྨོན་ལམ་ཡང་མང་པོ་མཛད་དོ། །དེ་ནས་ཀྱང་སེམས་ཅན་གྱི་དོན་དུ་བསྙུང་བར་གནས་པ་ཟླ་བ་གསུམ་གྱི་བར་དུ་མཛད་དོ། །
དེ་ནས་ཡུལ་དབུས་སུ་བྱོན་ནས། དགེ་སློང་མ་ཉིད་ཀྱིས་བླ་མ་གྲུབ་ཐོབ་ཕག་ཚང་བ་དུར་ཁྲོད་དུ་སྤྱོད་པ་མཛད་པའི་དྲུང་དུ་སོང་ནས། དགེ་སློང་མས་ཀྱང་ཚོགས་མཆོད་གསོལ་ཞིང་། བདེ་སྟོང་གི་གར་མཛད་ཅིང་ལྷན་ཅིག་སྐྱེས་པའི་བདེ་ཆེན་ཟག་པ་མེད་པ་མངོན་དུ་གྱུར་པས། ས་བཅུའི་ཡོན་ཏན་རྒྱུད་ལ་སྐྱེས་པར་མཛད་ཅིང་། གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པས། མི་རྣམས་ན་རེ། དགེ་སློང་མ་འདི་མཛེ་ནད་ལྟར་ཕན་ནས་སྣང་སྟེ། བསླབ་པ་གཡེལ་དུ་སོང་ནས་གདའ་ཟེར་ཞིང་སྐུར་བ་བཏབ། ཡབ་རྒྱལ་པོས་ཀྱང་ཁྱོད་ཚུལ་ཁྲིམས་འཆལ་ཞིང་ཕམ་པ་བྱུང་བས། ང་དང་གནས་གཅིག་ཏུ་འདུག་མི་རུང་གསུངས་པ་ལ། དགེ་སློང་མས་ཁོ་མོ་ཚུལ་ཁྲིམས། རྣམ་དག་པའི་དཔང་པོ་ལ་ཡི་དམ་གྱི་ལྷ་ཡོད་གསུངས་ཏེ། ཁ་སར་པ་ཎི་ཡི་མཆོད་པའི་ཁྲོམ་གསེབ་ཏུ་རང་གི་མགོ་གྲི་ཁུག་གིས་བཅད་ནས་མཁར་སིལ་གྱི་རྩེ་ལ་བསྐྱོན་ནས། སྟེང་གི་ནམ་མཁའ་ལ་འཕགས་ཏེ་སྤྲིན་གསེབ་ཏུ་གར་མཛད་དོ། །སླར་ཡང་ས་ལ་བབ་སྟེ། ཁོ་མོ་ཚུལ་ཁྲིམས་འཆལ་ཞིང་ཕམ་པ་བྱུང་ན་མགོ་བོ་དང་ལུས་གཉིས་མི་འབྱར་བར་གྱུར་ཅིག །ཁོ་མོ་ཚུལ་ཁྲིམས་རྣམ་པར་དག་ན། མགོ་བོ་དང་ལུས་འབྱར་ནས་སྔ་མ་ལྟ་བུར་གྱུར་ཅིག །གསུངས་ནས་བདེན་སྟོབས་བརྗོད་ནས་དབུ་སྐེའི་སྟེང་དུ་བཞག་པ་ཙམ་གྱིས་སྔ་མ་ལྟ་བུར་གྱུར་ཅིང་འབྱར་རོ། །དེར་ཡུལ་དེའི་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་དང་། ཁྲོམ་ཚོགས་པ་དེ་དག་གིས་ཆོས་གསུང་བར་བསྐུལ་བས། སྐད་ཅིག་ཏུ་སྤྱན་རས་གཟིགས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས། གདམས་པ་གསུངས་པས་ཡུལ་གྲུ་དེའི་མི་ཐམས་ཅད་ནམ་མཁའ་ལ་གཤེགས་ཏེ། མཁའ་སྤྱོད་ཀྱི་སར་བཀོད་དོ། །
དེའི་ཕྱིར་ནུབ་ཀྱང་རབ་ཏུ་བྱུང་བ་དང་། རྣལ་འབྱོར་པ་མང་དུ་འཚོགས་ནས། ཚོགས་མཆོད་བཤམས་ནས་གསོལ་བ་བཏབ་པས། དགེ་སློང་མས་བརྡ་བསྐུལ་ནས། གྲུབ་ཆེན་འབིར་བ་པ། ཏེ་ལོ་པ། ན་རོ་པ། ཕག་ཚང་བ། ཨིནྡྲ་བྷོ་དྷི་ལ་སོགས་པ། གྲུབ་ཆེན་བརྒྱད་ཅུ་བྱོན་པ་ལ་ཚོགས་ཀྱིས་མཆོད་ནས་སོ་སོའི་རྟོགས་པ་མགུར་དུ་གསུངས་སོ། །དགེ་སློང་མ་དཔལ་མོ་ལ་ཡང་། བླ་མ་ཕག་ཚང་བས་མགུར་གསུང་དུ་བསྐུལ་བས། བླ་མའི་བཀའ་བསྒྲུབ་པའི་དོན་དུ། འཕགས་པ་སྤྱན་རས་གཟིགས་བསྐྱེད་རྫོགས་མདོར་བསྡུས་ཀྱི་རྡོ་རྗེའི་མགུར་གསུངས་པ།
འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཨེ་མ་སྤྱན་རས་གཟིགས་ཀྱི་བྱིན་རླབས་རྣལ་འབྱོར་མས། །དལ་འབྱོར་རྙེད་དཀའ་བསམ་པས་རྙེད་ཚེ་སྙིང་པོ་བླངས། །འཆི་བ་རྗེས་སུ་དྲན་པས་ཚེ་འདི་བློ་ཡིས་བཏང་། །ལས་འབྲས་བསླུ་མེད་དོན་རྟོགས་སྡིག་སྤངས་དགེ་ཚོགས་བསྐྱེད། །འཁོར་བའི་ཉེས་དམིགས་རྗེས་དྲན་སྲིད་ལ་ཆགས་སེམས་བྲལ། །སྐྱབས་གནས་བསླུ་མེད་དོན་རྟོགས་བློ་གཏད་དཀོན་མཆོག་ཡིན། །གཞན་དོན་ཀུན་མཁྱེན་ཐོབ་ཕྱིར་བྱང་ཆུབ་སེམས་གཉིས་བསྐྱེད། །སྒྲིབ་གཉིས་བརྩོན་ལྡན་གང་གིས་རྨི་ལམ་ཚོགས་གཉིས་བསགས། །བླ་མ་སྤྱན་རས་གཟིགས་ལ་གསོལ་འདེབས་དབང་བཞི་ཞུས། །མངོན་བྱང་ལྔ་བསྐྱེད་གཟུགས་བརྙན་སྒྱུ་འདྲའི་བསྐྱེད་རིམ་འགྲུབ། །འདུན་གནས་ཟས་གོས་འགྲོ་འཆག་ཉལ་བའི་རྣལ་འབྱོར་ཡོད། །གསང་སྔགས་འདྲེན་ལུགས་གསུམ་གྱིས་ངག་གི་ནུས་པ་འགྲུབ། །བྱང་ཆུབ་སེམས་གཉིས་འབྱོངས་པའི་འཕགས་པའི་ཐུགས། །ལྷ་དང་རླུང་སེམས་མི་དམིགས་རྩེ་གཅིག་ཞི་གནས་གོམས། །རང་རིག་ཡེ་ཤེས་མིག་སྐྱེས་རྟེན་འབྲེལ་བདག་གཉིས་སྐྱེ་མེད་མཐོང་། །སེམས་གནས་འགྱུར་བའི་བར་ལག་དབྱིངས་རིག་དབྱེར་མེད་འདྲེས། །མཉམ་བཞག་འོད་གསལ་རྗེས་ཐོབ་སྒྱུ་མའི་ཏིང་འཛིན་བསྒོམས། །མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་དོན་ཤེས་པས། །ཕྱི་ནང་གསང་གསུམ་སྦྱར་བས་དབུ་མའི་ལམ་སྦྱངས་ནས། །རང་དང་ཉེ་བའི་འཆི་ལྟས་རླུང་རིམ་ལས་གོམས་པས། །རང་བྱུང་ཡེ་ཤེས་བདེ་ཆེན་ཚངས་པའི་མཁའ་སྤྱོད་འཕོ། །སྲོ་བ་གསུམ་སྦྱོང་དེ་གོམས་རྣལ་འབྱོར་པ་ཡིས་ནི། །སྣང་ལུས་སེམས་ཉིད་སྐུ་གསུམ་ཉིད་དུ་རབ་བསྲེ་བས། །རྒྱལ་བའི་ཞིང་མཆོག་བདེ་བ་ཅན་དུ་ང་འགྲོ་ཞིང་། །སླར་ཡང་སྤྲུལ་པས་གཞན་དོན་ལྷུན་གྱིས་འགྲུབ། །སྤྱན་རས་གཟིགས་ཀྱི་རྣལ་འབྱོར་མས་ནི་འདི་བསྒོམས་པས། །འཇིག་རྟེན་གསུམ་གྱི་མགོན་པོའི་གོ་འཕང་དེས་ཐོབ་བོ། །ཞེས་གསུངས་པས། ཡབ་རྒྱལ་པོ་ཨིནྡྲ་བྷོ་དྷིས་སྲས་མོ་གྲུབ་པ་ཐོབ་པ་ཁས་བླངས་པའི་མགུར་མར་འདུག་སྙམ་དུ་དགོངས་ནས། ཡབ་ཀྱི་ཚོགས་ཀྱི་འཁོར་ལོ་ལག་པ་སྟོང་དུ་སྤྲུལ་ནས་དྲངས་པ་ན། དགེ་སློང་མ་དཔལ་མོས་ཀྱང་ཁོ་རང་ཞལ་བཅུ་གཅིག་པ་ཕྱག་སྟོང་དང་ལྡན་པའི་ལུས་ལ་གསང་སྔགས་ཀྱི་ལྷ་ཚོགས་བཀོད་པས་རྫུ་འཕྲུལ་བསྟན་ནས་ཕྱག་སྟོང་གིས་ཚོགས་རྣམས་ལྷུང་བཟེད་བཀང་བ་སྟོང་བླངས་ནས་ཚོགས་འཁོར་མཛད་དོ། །
དེ་ལྟ་བུའི་དགེ་སློང་མ་དཔལ་མོ་ནི། ཕྱི་ལྟར་ན་སྒྲོལ་མ་ནང་ལྟར་ན་རྡོ་རྗེ་ཕག་མོ་གསང་བ་ལྟར་ན་ཕག་མོ་དབུ་བཅད་མ་དངོས་ཡིན་ནོ། །དགེ་སློང་མ་འདིས་སྤྱན་རས་གཟིགས་ཀྱི་རྒྱུད་རྣམས་ལ་བརྟེན་ནས། ཞལ་བཅུ་གཅིག་པའི་དབང་རྗེས་གནང་བསྒྲུབ་ཐབས་དང་། བསྐྱེད་རྫོགས་ཁྲིད་ལ་སོགས་པའི་ཆོས་སྐོར་མང་དུ་མཛད་ནས། སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་སར་བཀོད་དོ། །དེ་དག་ནི་དགེ་སློང་མ་དཔལ་མོའི་ལོ་རྒྱུས་སོ།། །།

[1] མཁའ་འགྲོའི་ཆོས་མཛོད་ཆེན་མོ། ༼༦༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་གྲངས་ ༣༧༨ ནས་དང་། འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ། ༼༥༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༢༤ ནས་ ༡༣༨ བར་བཞུགས་པ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།