ཨེ༽ མར་མེ་མཛད་བླ་སློབ་ཀྱི་ཁྱད་པར་ལ་དཔྱད་པ།

ཨེ༽ མར་མེ་མཛད་བླ་སློབ་ཀྱི་ཁྱད་པར་ལ་དཔྱད་པ།

༡༽ མཚན་གྱི་དག་སྡེབ་དང་། བླ་སློབ་ཀྱི་འབྲེལ་བ།

 

དེ་ཡང་རྒྱ་གར་སྐད་དུ་དཱི་པཾ་ཀ་ར་ (Dīpaṁkara.) ཞེས་པ་མར་མེ་མཛད་དང་། དཱི་པཾ་ཀ་ར་བྷ་དྲ་ (Dīpaṁkarabhadra.) མར་མེ་མཛད་བཟང་པོ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ (Dīpaṃkarajāna.) མར་མེ་མཛད་ཡེ་ཤེས་བཅས་ཀྱི་སྐད་དོད་ཡིན་ལ། དེ་ཡང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་པ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རབ་བྱུང་གི་མཚན་ཡིན་ཅིང་། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་པ་བོད་སྐད་དུ་བསྒྱུར་ན་དཱི་པཾ་མར་མེ་དང་། ཀ་ར་མཛད། ཤྲཱི་དཔལ། ཛྙཱ་ན་ཡེ་ཤེས་ཏེ་དཔལ་མར་མེ་མཛད་ཡེ་ཤེས་ཞེས་ཞུ་བཞིན་ཡོད།

དེ་ལྟར་བསྟན་འགྱུར་མཛད་པ་པོ་དང་། སྒྱུར་ཞུས་གཏན་འབེབས་མཛད་མཁན་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་ཉི་ཟླ་དང་མཚུངས་པ་རྣམས་ཀྱི་ཁྲོད་དུ་དཱི་པཾ་ཀ་ར་སྟེ་མར་མེ་མཛད་དང་། དཱི་པཾ་ཀ་ར་བྷ་དྲ་སྟེ་མར་མེ་མཛད་བཟང་པོ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་སྟེ་མར་མེ་མཛད་ཡེ་ཤེས་བཅས་མཚན་རྒྱས་བསྡུས་དང་། མཚན་གྱི་ཆ་ཤས་མཚུངས་མིན་རིགས་གསུམ་བྱུང་ཞིང་། བསྟན་བཅོས་ཀྱི་མཛད་བྱང་དང་། བསྟན་འགྱུར་གྱི་དཀར་ཆག་ཁག་ཏུ་གསལ་བའི་མཚན་དེ་དག་ཀྱང་མཚན་གྱི་རྒྱས་བསྡུས་དང་། མཚན་གྱི་རྣམ་གྲངས། བླ་སློབ་ཀྱི་མཚན་ཟུར་གྱི་ཆ་ཤས་འདྲ་བ་ཙམ་ལས་བླ་སློབ་དང་པཎ་གྲུབ་གཅིག་དང་ཐ་དད་གང་ཡིན་ལ་བཞེད་ལུགས་མི་མཐུན་ཁར། བསྟན་འགྱུར་དུ་བཞུགས་མིན་གཉིས་ཀའི་བསྟན་བཅོས་ཁག་གི་མཛད་བྱང་དང་། བསྟན་འགྱུར་གྱི་དཀར་ཆག །ཆོས་འབྱུང་རྣམ་ཐར་ཁག་ཏུ་ཕན་ཚུན་འདྲེས་མེད་ཁ་གསལ་ཞིག་གཏན་ནས་མེད་སྟབས། བླ་སློབ་ཀྱི་རྣམ་ཐར་དང་། ལྷག་པར་ཇོ་བོ་བླ་སློབ་གཉིས་ཀྱི་མཚན་གྱི་རྣམ་གྲངས་གཅིག་ལྟ་བུའི་ཐོག་ནས་དབྱེ་འབྱེད་དཀའ་བའི་གནས་སུ་གྱུར་འདུག་པ་འདིའོ།།  །།

༢༽ མཚན་གྱི་ཁྱད་པར་དང་། བླ་སློབ་ཀྱི་འབྲེལ་བ།

 

དེ་ཡང་རྒྱ་གར་སྐད་དུ། དཱི་པཾ་ཀ་ར་བྷ་དྲ་སྟེ་ཡོངས་གྲགས་མར་མེ་མཛད་བཟང་པོ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་དངོས་སློབ་གཙོ་བོ་ཞིག་དང་། སྐུ་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བ་བཞིའི་ཡ་གྱལ་གྱི་སློབ་དཔོན་མར་མེ་མཛད་བཟང་པོ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་དཔོན་ཞིག་གི་མཚན་ཡིན་པ་ལས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ཡིན་བཟོ་མི་སྣང་སྙམ། དེ་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མ་མར་མེ་མཛད་བཟང་པོ་དང་། དེའི་སློབ་མ་མར་མེ་མཛད་ཡེ་ཤེས་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གཉིས་བླ་སློབ་དང་གང་ཟག་ཐ་དད་ཡིན་པ་ལས། དེ་གཉིས་གང་ཟག་གཅིག་གི་མཚན་གྱི་རྣམ་གྲངས་ལྟ་བུ་མིན་ཏེ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[1]། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཞི་བརྒྱ་པ། སངས་རྒྱས་ཡེ་ཤེས་ཀྱི་དངོས་སློབ་ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བ་བཞིའི་[2]ཡ་གྱལ་སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ། ཞེས་བྱུང་བ་བཞིན་སློབ་དཔོན་མར་མེ་མཛད་བཟང་པོ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མའི་མཆོག་བཅོ་བརྒྱད་བྱུང་བའི་ནང་ནས་གཅིག་སྟེ།[3] ཚེ་དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་མཛད་པའི་སྐོར་འགོས་ལོའི་དེབ་སྔོན་ལས[4]། ཡང་ལོ་ཙཱ་བ་གཉོས་འབྱུང་པོས་རྒྱ་གར་དུ་བྱོན་ནས། དཔལ་ནཱ་རོ་པ་དང་དུས་མཚུངས་པའི་བ་ལི་ཨཱ་ཙརྱ་ཞེས་ཀྱང་བྱ། ནག་པོ་ཞབས་ཆུང་བ་ཞེས་ཀྱང་བྱ་བ་དེ་ལ་ཡེ་ཤེས་ཞབས་ལུགས་རྣམས་ལེགས་པར་བསླབས། དེའི་སྔར་གྱི་བརྒྱུད་པའི་རིམ་པ་ནི། འཇམ་པའི་རྡོ་རྗེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། འཇམ་དཔལ་གྲགས་པའི་བཤེས་གཉེན། རྟ་རྫི་པ་དཔལ་བདེ་བ་ཆེན་པོའམ་མཚན་གྱི་རྣམ་གྲངས་ཀ་མ་ལ་ཀུ་ལི་དང་། ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་ཡི་གེ་པ། འདི་ནི་རྒྱལ་པོ་ཤྲཱི་དྷརྨ་པཱ་ལའི་ཡིག་མཁན། ཤ་བ་རི་པས་བྱིན་གྱིས་བརླབས་པ་ལས་མཆོག་གི་དངོས་གྲུབ་བརྙེས། ཞེས་བྱུང་ངོ་།།

རྣམ་ཐར་རྒྱས་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[5]། དེ་ལ་མར་མེ་མཛད་བཟང་པོ་ནི། རྒྱ་གར་ནུབ་ཕྱོགས་སུ་སྐུ་འཁྲུངས། རིགས་པའི་གནས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་བརྙེས། རྟེན་ནི་དགེ་སློང༌། སྡེ་པ་ནི་འདི་ཡང་དགེ་འདུན་ཕལ་ཆེན་པ་ཡིན་གསུང༌། དེ་ཡང་དཔལ་ནཱ་ལེནྡྲར་མཁས་པ་ཐམས་ཅད་ཀྱིས་བཀུར་བ་ཡིན། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་དང་མཇལ་ནས། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས། རྒྱུད་སྡེ་ཡང་མཐའ་ཡས་པ་གསན། འོན་ཀྱང་མན་ངག་ཐོབ་དཀའ་བར་བྱུང་ནས། རེ་ཞིག་ལྷོ་ཕྱོགས་ཀྱི་ཡུལ་དུ་བྱོན་ནས་ལོ་གཉིས་གསུམ་དུ་སྔགས་རྒྱུད་སྦྱོར་བས་སེམས་ཅན་ལ་ཕན་བཏགས། དེར་འདུ་བ་དང་ལོངས་སྤྱོད་རྒྱ་ཆེན་པོ་བྱུང་བ། དེ་ཐམས་ཅད་སློབ་དཔོན་ལ་མཆོད་པའི་ཡོ་བྱད་དུ་དྲིལ་ནས། སློབ་དཔོན་གྱི་དྲུང་དུ་ལྷ་འབངས་ཀྱི་ཁྱིམ་དྲུག་ཅུ་དང༌། གསེར་སྲང་སྟོང༌། མུ་ཏིག་གི་དོ་ཤལ་སུམ་བརྒྱ་ལ་སོགས་པ་ཡོ་བྱད་དཔག་ཏུ་མེད་པས་མཆོད་ཅིང༌། ཁྱད་པར་བདག་ཉིད་སློབ་དཔོན་གྱི་བྲན་དུ་ཁས་བླངས་ཏེ། སློབ་དཔོན་གྱི་དྲུང་དུ་ལོ་གསུམ་ཙམ་དུ་ཐ་ན་གྲོང་ཁྱེར་ནས་དམ་རྫས་ཤ་ཆང་ལེན་པ་ཚུན་ཆད་ཀྱི་བྱ་བའང་མཛད། དེར་སློབ་དཔོན་གྱིས་མན་ངག་ཐམས་ཅད་ཀྱང་གནང༌། ཕྱོགས་གཞན་ཞིག་ཏུ་སོང་ནས་བསྒོམས་པས། རྟོགས་པ་ཁྱད་པར་ཅན་སྐྱེས་ཏེ་སློབ་དཔོན་གྱི་དྲུང་དུ་འོངས་པ་བླ་མས་ཀྱང་དབང་བསྐུར་བས། དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་ཐོབ་སྟེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལས་ཀྱང་རྟོགས་པ་མཐོ་བ་ཡིན་ནོ་སྐད།

སློབ་དཔོན་འདིས་དྲག་པོའི་ལས་ཀྱི་སྒོ་ནས་མུ་སྟེགས་ཀྱི་རྒྱལ་པོ་ཚར་བཅད་པའི་གཏམ་རྒྱུད་སྣང་སྟེ། རྒྱ་གར་མཐའ་འཁོབ་སིནྡྷུའི་ཡུལ་དུ་བཞུགས་པའི་སྐབས་ཤིག །ཡུལ་དེའི་རྒྱལ་པོས་སློབ་དཔོན་གྱི་སློབ་མ་རྣམས་ལ་རྟག་ཏུ་འཚེ་བ་བྱེད་པ་ཞིག་ཡོད། གཞན་ཡང་རྒྱལ་པོ་དེས་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་གནོད་པ་བྱེད་པ་ཞིག་ཡོད་པ། ལན་ཅིག་སློབ་དཔོན་དང་ལམ་གཅིག་ཏུ་མཇལ་བས། རྒྱལ་པོས་སློབ་དཔོན་ལ་མདུང་ཐུང་འཕངས་པས་སྐུ་ལ་མ་གནོད། སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས། རྒྱལ་པོ་ཡོ་བྱད་དང་བཅས་པ་ཐུལ་གྱིས་ཚིག་ནས་ཐལ་བར་སོང༌། དེར་རྒྱལ་པོའི་མི་མུ་སྟེགས་ལ་དགའ་བ་ཐམས་ཅད་འཇིགས་ཏེ། དགེ་སློང་མགོ་བྲེགས་འདི་ཀུན་ནུས་པ་འདི་ཙམ་ཞིག་ཅེས་ཕྱིན་ཆད་མི་རབས་མང་པོར་ནང་པའི་གཙུག་ལག་ཁང་རྣམས་ལ་འཚེ་བ་མི་བྱེད་དོ། །ལོ་རྒྱུས་འགའ་ལས་རྒྱལ་པོ་དེ་ཏུ་རུཥྐའི་རྒྱལ་པོ་བྷཱུ་ཥཱ་ན་ཞེས་པ་ཡིན་ཏེ། དེ་དུས་ཡུལ་དབུས་ན་ཏུ་རུཥྐ་མེད་པས། ལྟ་བ་ལོག་པ་རྣམས་ལ་མུ་སྟེགས་ཞེས་ཟེར་བའི་སྟབས་ནས་མུ་སྟེགས་ཀྱི་རྒྱལ་པོ་ཟེར་བ་བྱུང་བ་ཡིན་གསུང༌།

ཡང་ནུབ་ཕྱོགས་མ་ལ་བའི་ཡུལ་ན། མུ་སྟེགས་ཀྱི་རྒྱལ་པོ་ཁྱབ་འཇུག་ཆེན་པོ་ལ་ལྷར་འཛིན་པ་ཞིག་ཡོད་པ། དེས་སངས་རྒྱས་པའི་ལྷ་ཁང་མང་པོ་བཤིག །དགེ་སློང་རྣམས་ཡུལ་དབུས་སུ་བསྐྲད། དགེ་བསྙེན་རྣམས་ལ་ཡང་སྡུག་བསྔལ་སྣ་ཚོགས་པ་སྟེར་བས། ལན་ཅིག་སློབ་དཔོན་ཡང་དེའི་ཡུལ་དུ་བྱོན་པ་ཞིག་ལ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བྱིན་རླབས་མཛད་པའི་ལྷ་ཁང་ཞིག་ཡོད་པ་དེར་བཞུགས། དེར་སློབ་དཔོན་ལ་རྒྱལ་པོ་དེས་སྙད་མང་པོ་བཏགས། སློབ་དཔོན་གྱིས་ཕྱིས་ཉིན་པར་དགོངས་པ་ཞིག་བཏང་བས་རྒྱལ་པོ་ཆུང་མར་བཅས་པ་ནད་ཀྱིས་བཏབ།

ཡང་བློན་པོ་མུ་སྟེགས་ལ་དགའ་བ་ཞིག་དང༌། སློབ་དཔོན་ལམ་དུ་མཇལ་བས། བློན་པོ་ན་རེ། རྒྱལ་པོ་ལ་ངན་ཐབས་བྱས་པས་ཁྱོད་ལ་ཆད་པས་གཅོད་ཟེར་བ་ལ། སློབ་དཔོན་གྱིས་མཆན་ཁུང་ནས་རས་ལ་བྲིས་པའི་ལིངྒ་ཞིག་བཏོན་ཏེ། ངན་པ་དེ་ད་རུང་མ་ཤིའམ་གསུངས་ནས་ལིངྒ་དེ་ཕྱེད་མར་བཤགས་པས། རྒྱལ་པོ་ལུས་ཚལ་པར་གས་ནས་ཤི །བློན་པོ་དེ་ལ་སྔགས་བཏབ་པས་རེངས།

ཡང་མུ་སྟེགས་ཀྱི་སློབ་དཔོན་ས་ག་ར་ནནྡ་ཞེས་བྱ་བ་ཞིག་ཡོད་པ་ལས། དེས་ཕྲ་མེན་མའི་རིག་སྔགས་མང་པོ་བསྒྲུབས་ཏེ། སངས་རྒྱས་པ་མང་པོ་ལ་གནོད་པ་བྱེད་པ་ཞིག་ཡིན་པ་ལས། ལན་ཅིག་ལམ་སྲང་དོག་པོ་ཞིག་ཏུ་སློབ་དཔོན་དང་འཕྲད་པས། ལམ་བཟུར་རེས་མ་བྱུང༌། དེར་མུ་སྟེགས་ན་རེ། ནང་པར་ཁྱེད་རྣམས་མ་ཤི་ན་ཁོ་བོ་ཅག་གི་ལུགས་མི་བདེན་ཞེས་ངན་སྔགས་ཀྱི་དུས་བཏབ་ནས་སོང༌། ནམ་སྲོད་ཀྱི་དུས་སུ་སོང་བ་ན། སློབ་དཔོན་གྱི་གནས་རྣམས་སུ་ཐུག་ཚོམ་ཆེན་པོ་བྱུང༌། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པས། མུ་སྟེགས་དེ་རྣམས་ཉིད་ཀྱི་ལྷ་ཁང་སྤྱིལ་པོ་དང་བཅས་པ་ཐམས་ཅད་ཞིག་སྟེ། དེར་ས་ག་ར་འཁོར་དང་བཅས་པ་ཡང་དེ་ཉིད་དུ་དུས་གཅིག་ལ་ཤི །དུས་དེའི་ཚེ་ས་ག་ར་ནི་མུ་སྟེགས་ཀྱི་སྔགས་མཁན་ཐམས་ཅད་ཀྱི་གཙོ་བོ་ཡིན་ནོ། །ཞེས་བྱུང་བ་ལྟར། སློབ་དཔོན་འདིས་བསྟན་བཅོས་མཛད་པའི་ཚུལ་དང་། བསྟན་བཅོས་ཀྱི་མཚན་སོགས་གང་ཡང་མི་གསལ་ལོ།།

དེ་བཞིན་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ (1561-1637) མཆོག་གིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་ལས[6]། སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལེགས་པར་གསན་པ་ཡིན། ཞེས་དང་། དེ་ཉིད་ལས[7]། མར་མེ་མཛད་བཟང་པོ་ལ་སོགས་པའི་སློབ་མའི་མཆོག་བཅོ་བརྒྱད་ལ་གཙོ་བོར་བཤད་པས། གསང་འདུས་ཡེ་ཤེས་ཞབས་ལུགས་ཞེས་ཤིན་ཏུ་དར་རྒྱས་ཆེ། ཞེས་གསུངས་པ་ལྟར་མར་མེ་མཛད་བཟང་པོ་ནི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་དངོས་སློབ་ཡིན་པ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མའི་མཚན་ཡིན་པ་ལས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་མིན། སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས་[8]ཀྱང་། མར་མེ་མཛད་བཟང་པོ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མའི་གཙོ་བོ་ཞིག་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མར་གྱུར་པའི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞིག་ཡིན། ཞེས་གསུངས་པ་ལྟར་རོ།།

འོན་ཀྱང་གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་ (1610-1684) བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས[9]། །དེ་ལྟར་སྲས་གཉིས་ཀྱིས་རྡོ་རྗེའི་གླུ་ཟེར་ལེན་མཛད་པ་དང་། ཇོ་བོས་ཐུན་མོང་དུ་འདི་སྐད་ཅེས་གསུངས་སོ། །གསོན་མར་མེ་མཛད་དཔལ་བཟང་པོ་ང་། །སྤྱིར་འཁོར་འདས་ཆོས་ལ་མཁས་གྱུར་ཀྱང་། །ཁོ་དོན་ལ་གྲུབ་པ་ཅང་མི་གདའ། །ལར་ཀུན་རྫོབ་འདི་ན་ཅི་ཡང་སྣང་། །ཞེས་གསུངས་པ་ལས། ཚིག་རྐང་དང་པོར། ཇོ་བོ་རང་ཉིད་ཀྱིས་མར་མེ་དཔལ་བཟང་པོ་ང་ཞེས་བྱུང་བས་ན། ཇོ་བོ་ལའང་མར་མེ་མཛད་བཟང་པོ་ཞེས་ཞུ་བར་སྣང་བས་དཔྱད་དགོས་སོ།།

གཞན་ཡང་བསྟན་འགྱུར་གྱི་ཁྲོད་དུ་དཱི་པཾ་ཀ་ར་ཙནྡྲ་སྟེ་མར་མེ་མཛད་ཟླ་བ་དང་། དཱི་པཾ་ཀཱ་ར་རཀྵི་ཏ་སྟེ་མར་མེ་མཛད་སྐྱོང་ངམ་ཡོངས་གྲགས་བལ་པོ་ཡམ་བུ་བ།  དཱི་པཾ་ཀ་ར་བྷ་དྲ་སྟེ་མར་མེ་མཛད་བཟང་པོ། དཱི་པཾ་ཀ་ར་ཛྙཱ་ན་སྟེ་མར་མེ་མཛད་ཡེ་ཤེས། དཱི་པཾ་ཀ་ར་སྟེ་མར་མེ་མཛད་བཅས་མར་མེ་མཛད་ཀྱི་མཚན་ཟུར་ཅན་གྱི་སློབ་དཔོན་ལྔ་བྱུང་ནའང་། འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་ཁྲོད་དུ་མར་མེ་མཛད་བཟང་པོ་དང་། མར་མེ་མཛད་ཡེ་ཤེས། མར་མེ་མཛད་གསུམ་པོ་སློབ་དཔོན་གཅིག་གི་མཚན་རྒྱས་བསྡུས་ཀྱི་ཁྱད་པར་རམ། མཚན་གྱི་རྣམ་གྲངས་ཡིན་པའམ། ཡང་ན་བླ་སློབ་པཎ་གྲུབ་ཐ་དད་པའི་མཚན་གང་ཡིན་རྙོག་གཞི་ཆེ་ཡང་། རྣམ་ཐར་དང་བསྟན་བཅོས་ཀྱི་མཛད་བྱང་སོགས་གོང་འོག་བསྒྲིགས་ནས་དཔྱད་ཚེ་མར་མེ་མཛད་ཅེས་པ་ཇོ་བོ་བླ་སློབ་རྣམ་གཉིས་ཀྱི་མཚན་བྱང་སྟབས་བདེར་བཀོད་པ་ཞིག་ལས། མར་མེ་མཛད་ཅེས་གང་ཟག་གསུམ་པ་ཞིག་ཡོད་ཚོད་མི་སྣང་ངོ་།།

འོན་ཀྱང་མར་མེ་མཛད་ཅེས་པ་དེ་མར་མེ་མཛད་བཟང་པོ་དང་། མར་མེ་མཛད་ཡེ་ཤེས་རྣམ་གཉིས་ལས་བླ་སློབ་པཎ་གྲུབ་གང་གི་མཚན་གྱི་བསྡུས་མིང་ཡིན་མིན་ཡང་གཅིག་མཚུངས་མི་སྣང་སྟེ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཚིགས་སུ། མར་མེ་མཛད་ཅེས་པ་སློབ་དཔོན་སྒེར་གྱི་མཚན་དང་། ཡོངས་གྲགས་ཀྱི་མཚན་ལ་མར་མེ་མཛད་བཟང་པོ་ཡིན་པ་དང་། མཚན་གཞན་ལ་དཱི་པཾ་ཀ་ར་བྷ་དྲ་ཞེས་པ་དེ་དག་མཚན་གྱི་རྣམ་གྲངས་ཡིན་པ་དང་། མར་མེ་མཛད་ཀྱི་འཁྲུངས་གཤེགས་མི་གསལ་ཡང་མར་མེ་མཛད་བཟང་པོ་དུས་རབས་བཅུ་པའི་ནང་དུ་བྱོན་པ་དང་། ཁོང་གི་བླ་མ་ནི་སངས་རྒྱས་ཡེ་ཤེས་ཞབས་དང་། སློབ་མ་འཇམ་དཔལ་གྲགས་པ་ཡིན་ཚུལ་གསལ། ཡང་མར་མེ་མཛད་བཟང་པོའི་བླ་མ་ཨཱརྱ་དེ་ཝ་དང་། ཌོམ་བྷི་བ་གཉིས་དང་། སློབ་མ་ཆོས་འབྱུང་ཞི་བ་དང་། སེའུ་རི་པ། དཔལ་བདེ་བ་བཅས་ཡིན་པར་གསལ་བས། མདོར་ན་བླ་སློབ་དེ་དག་ཇོ་བོའི་བླ་མར་གྱུར་པའི་མར་མེ་མཛད་བཟང་པོའི་བླ་སློབ་ཡིན་པའམ། ཡང་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རང་ཉིད་ཀྱི་བླ་སློབ་གང་ཡིན་ཞིབ་ཏུ་དཔྱད་དགོས་སོ།།

ཇོ་བོའི་རབ་བྱུང་གི་མཚན་ལ་མར་མེ་མཛད་ཡེ་ཤེས་ཞེས་གསོལ་བ་ནི། ཇོ་བོའི་བླ་མ་མར་མེ་མཛད་བཟང་པོའི་མཚན་གྱི་ཆ་ཤས་ལས་ཐོགས་པ་ཞིག་ཡིན་ངེས་སྙམ་ཡང་དེ་ལྟར་མིན་པ་ནི། ཕུན་ཚོགས་ཚེ་བརྟན་གྱིས་བསྒྲིགས་པའི་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་ལས[10]། དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁར་དངོས་སུ་བྱོན་ནས་ཀྱང་བསྐུལ། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དང་། མགོན་པོ་བྱམས་པས་ཀྱང་མནལ་ལམ་དུ་རབ་ཏུ་བྱུང་བར་བསྐུལ་ཏེ། ཇོ་བོ་རྗེ་ཉིད་དགུང་ལོ་ཉི་ཤུ་རྩ་དགུ་ལ་ཕེབས་སྐབས་ཕལ་ཆེན་སྡེ་པའི་མཁན་པོ་སྦྱོར་ལམ་བཟོད་པ་བ་ཚུལ་ཁྲིམས་སྲུང་བ་བླ་མ་ཤྲཱི་ལ་རཀྵི་ཏ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་གསོལ། ཞེས་བྱུང་བ་ལྟར་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་པ་ནི་བླ་མ་དཱི་པཾ་ཀ་ར་བྷ་དྲ་ལས་རབ་ཏུ་བྱུང་སྟེ་བླ་མའི་མཚན་གྱི་ཆ་ཤས་སློབ་མར་གནང་སྲོལ་ཡོད་པ་ལྟར་གྱི་མར་མེ་མཛད་ཡེ་ཤེས་ཞེས་མཚན་ཐོགས་པ་ཞིག་མིན་པ་འདི་ནས་རྟོགས་ནུས་པས་སོ། །དེས་ན། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[11]། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམས་པའི་ཚེ། །མདུན་གྱི་ནམ་མཁར་ཧེ་རུ་ཀ་བྱོན་ནས། །གདུལ་བྱའི་དོན་དུ་རབ་ཏུ་བྱུང་ཞིག་ཅེས། །ལུང་བསྟན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྨི་ལམ་དུ་ཡང་ཐུབ་དབང་འཁོར་བཅས་ཀྱིས། །ཉེ་བར་གཟིགས་ནས་ཀྭ་ཡེ་སྐྱེས་བུ་ཁྱོད། །བདེ་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས། །གྲོས་འདེབས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་བསྟོད་ཕྱག་ཀྱང་མཛད་པའོ།།  །།

 

༣༽ མར་མེ་མཛད་ཅེས་པ་ཨ་ཏི་ཤ་ཡིན་ཚུལ།

 

དེ་ཡང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[12]།

ཕུན་སུམ་ཚོགས་པ་བྷཾ་ག་[13]ལ་ཡི་ཡུལ། །

ཆོ་རིགས་བཙུན་པ་ཟ་ཧོར་རྒྱལ་པོའི་རིགས། །

བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་རྒྱུད། །

མར་མེ་མཛད་པའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་དང་། གཞན་ཡང་དཔལ་ལྡན་གྲོ་ལུང་བས[14]།

རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །

ཁ་བ་ཅན་འདིར་དཔལ་ལྡན་མར་མེ་མཛད། །

ཅེས་མར་མེ་མཛད་ཅེས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ལ། བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་ཇོ་བོའི་བླ་སློབ་གཉིས་ཀྱི་མཛད་བྱང་ལས་མར་མེ་མཛད་ཅེས་པ་ལས། ཡེ་ཤེས་དང་། བཟང་པོའི་ཁྱད་ཆོས་ཀྱི་མཚན་ཟུར་མ་གསལ་བའི་ཆོས་ཚན་དག་ལ་འགྱུར་བྱང་མི་གསལ་བ་ ༡༢ དང་། འགྱུར་བྱང་གསལ་བའི་ཆོས་ཚན་ ༡༠ ཡོད་པ་ལས། འགྱུར་བྱང་གསལ་བ་རྣམས་སྒྱུར་བ་པོའི་ཆ་ནས་གསུང་མང་པོ་ཞིག་རྣལ་འབྱོར་བ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིའི་རང་འགྱུར་ཡིན་པས་སྒྱུར་བ་པོ་ལོ་ཙཱ་བ་མཚུངས་པ་དང་། ལྷག་པར་སྡེ་བསྟན་དཀར་ཆག་ལས[15]། རྒྱུད་ ༼ཇུ༽ པར་བཞུགས་པ་དེའི་དཀྱིལ་ཆོག་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཞེས་གསལ་བ་ལྟར། དེ་སྒྲ་འཇུག་ཡུལ་མར་མེ་མཛད་ཡེ་ཤེས་ལས་མ་འདས་པས། བསྒྱུར་ཞུས་གཏན་ལ་འབེབས་མཁན་རྒྱ་གར་གྱི་པཎ་གྲུབ་ཁྲོད་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་གསུང་གི་བསྒྱུར་ཞུས་དང་མཚུངས་པར་མ་ཟད། བསྟན་འགྱུར་ཁྲོད་མར་མེ་མཛད་ཡེ་ཤེས་ལས་མར་མེ་མཛད་བཟང་པོས་བསྒྱུར་ཞུས་གཏན་འབེབས་མཛད་པའི་གསུང་གཅིག་ཀྱང་མེད་པས་སོ།།

གཞན་ཡང་རྒྱུད་ ༼ཟི༽ པར་བཞུགས་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ་པེ་ཅིན་དང་སྣར་ཐང་བསྟན་འགྱུར་པར་མ་གཉིས་ལས[16]། མཁས་པ་ཆེན་པོ་མར་མེ་མཛད་ཀྱིས་མཛད། ཅེས་དང་། གཞུང་དངོས་ཀྱི་མཇུག་བྱང་ལས[17]། གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམས་ཀྱི་བསླབ་པ་གསལ་བར་བྱེད་པའི་མན་ངག་ཅེས་བྱ་བ་སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་བའི་ལྟུང་བའི་འགྲེལ་པ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་གསུངས་པ་རྫོགས་སོ། །ཞེས་དང་། དེ་བཞིན་རྒྱུད་ ༼ཧུ༽ པར་བཞུགས་པའི་འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས[18]། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཇོ་བོ་རྗེ་ལྷ་གཅིག་གིས་དཔལ་གྱི་ཡེར་པར་མཛད། ཅེས་གསལ་བ་དེ་དག་ལ་གཞིགས་ནའང་མར་མེ་མཛད་ཅེས་པ་དེ་ཇོ་བོ་ཆེན་པོ་དཱི་པཾ་ཀ་རའི་མཚན་གྱི་རྣམ་གྲངས་སུ་ལན་གཅིག་མིན་པར་གསལ་བ་འདི་དག་ལས་མར་མེ་མཛད་ཅེས་པ་གསལ་བའི་གསུང་རྣམས་ཇོ་བོ་ལྷ་གཅིག་དཱི་པཾ་ཀ་རའི་གསུང་ཡིན་པར་ཤེས་རྟོགས་ཐུབ་པ་ལགས་སོ།།

ཡང་སྒོས་སྡེ་བསྟན་དཀར་ཆག་ལས[19]། རྒྱུད་ ༼པི༽ པར་བཞུགས་པའི་དབང་གི་རབ་ཏུ་བྱེད་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་དགའ་བའི་རྡོ་རྗེས་མཛད་པ། གཞུང་ཚད་ནི་ཚིགས་བཅད་སུམ་བརྒྱ། བམ་པོ་གཅིག་པ། ཐོ་ལང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཔལ་མར་མེ་མཛད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་བ་རིའི་འགྱུར། ཞེས་གསལ་བ་ལྟར། གསུང་དེ་ཉིད་བསྒྱུར་ཡུལ་མངའ་རིས་མཐོ་ལྡིང་གཙུག་ལག་ཁང་དུ་བསྒྱུར་བར་གསལ་བས་ན། བོད་དུ་བྱོན་པའི་མར་མེ་མཛད་ནི་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ལས་མར་མེ་མཛད་བཟང་པོ་བྱོན་པའི་ལོ་རྒྱུས་མི་སྣང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྒྱུར་གཞུང་གི་འགྱུར་བྱང་དུ་དཔལ་མར་མེ་མཛད་ཅེས་གསལ་བ་དང་། མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་གསུང་ཆོས་ཚན་ ༢༩ བཞུགས་པའི་ཁྲོད་ནས་འགྱུར་བྱང་གསལ་བ་གཉིས་ལས་མི་སྣང་ཡང་། འགྱུར་བྱང་ཁག་ཏུ་པཎྜི་ཏ་དེ་ཉིད་དང་ཞེས་མི་གསལ་བས་ཇོ་བོའི་བླ་མ་མར་མེ་མཛད་བཟང་པོའི་གསུང་ཡིན་ནམ་སྙམ་པས་དཔྱད་དགོས་སོ།།

གཞན་ཡང་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་མགོན་པོ་ཨ་ཏི་ཤ་གཙོ་བོར་གྱུར་པའི་བཀའ་གདམས་བླ་མ་རྣམས་མཆོད་ཅིང་གསོལ་བ་འདེབས་པའི་ཆོ་ག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ལས[20]།

འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤ །

མཉམ་མེད་ཇོ་བོ་མར་མེ་མཛད་བཟང་པོ། །

ཞེས་པ་ལྟར་མར་མེ་མཛད་བཟང་པོ་ཞེས་པ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ལ། དེ་བཞིན་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་ཞབས་ཀྱི་དགོངས་པ་སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ཟླ་བས་ལེགས་པར་བཀྲལ་བའི་ཚུལ་དཔལ་ལྡན་མར་མེ་མཛད་བཟང་པོ་ནས་ནག་ཚོ་ལོ་ཙཱ་བ་དང༌། འབྲོམ་སྟོན་ལ་སོགས་དགེ་བའི་བཤེས་གཉེན་སྐུ་མཆེད་གསུམ་ལས་འཕེལ་བའི་ཡིག་ཆ་རྙིང་པ་ཐམས་ཅད་དང༌། ཁྱད་པར་པ་ཚབ་ལོ་ཙཱ་བུ་བཞི་རྗེས་འབྲང་དང་བཅས་པའི་ལུགས་དེ་གངས་ཅན་གྱི་ལྗོངས་འདིར་ཕྱིས་ཀྱི་དུས་སུ་སྒྲ་ཇི་བཞིན་དུ་སྨྲ་བ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ཉུང་ཤས་ལས་མ་བྱུང་བར་སྣང་བས་དེ་དག་གི་ལེགས་བཤད་ཀྱི་སྣང་བའི་ཆ་ཡང་འདིར་གསལ་བར་བྱས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཀླུ་སྒྲུབ་ཀྱི་དགོངས་པ་བླ་མ་དག་གི་བརྒྱུད་རིམ་ལ་གཞིགས་ནའང་མར་མེ་མཛད་བཟང་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་པ་ཤིན་ཏུ་གསལ་བར་གྱུར།

གཞན་ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་སྡེ་དགེའི་བསྟན་འགྱུར་དཀར་ཆག་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་ལས[21]། ཆུ་རྟ་ལ་བདེ་ལྡན་ཞིང་གི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་འོད་མཐའ་ཡས་པའི་གསང་བ་གསུམ་གྱི་རྣམ་པར་འཕྲུལ་པའི་ཟློས་གར་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་མཐའ་དག་གསལ་བར་བྱེད་པའི་འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་དཔལ་ལྡན་མར་མེ་མཛད་བཟང་པོ་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ནས་ལོ་བདུན་བརྒྱ་དང་ལྔ་བཅུ་རྩ་ལྔ་སྔོན་དུ་འདས་སོ། །   ཞེས་གསུངས་པ་ལྟར་ཟ་ཧོར་གྱི་རིགས་སུ་འཁྲུངས་ཤིང་། བྱང་ཆུབ་ལམ་གྱི་རིམ་པ་གསལ་བར་བྱེད་པའི་འཕགས་ཡུལ་གྱི་པཎྜི་ཏ་ནི་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ལས་འགྲོ་ས་གཞན་མེད་ལ། དེ་བཞིན་བྲག་དཀར་ཆོས་ཀྱི་དབང་ཕྱུག་ (1775-1837) གིས་མཛད་པའི་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་གྱི་དཀར་ཆག་ལས་[22]ཀྱང་། ཇོ་བོ་རྗེ་དཔལ་མར་མེ་མཛད་བཟང་པོ་བོད་ཡུལ་གྱི་མགོན་དུ་བྱོན་པའི་ཚེ། བལ་ཡུལ་རང་བྱུང་གི་མཆོད་རྟེན་བལྟ་བར་འདོང་ངོ་། །ཞེས་གསལ་བ་དེ་དག་ལས་མར་མེ་མཛད་བཟང་པོ་ཞེས་པ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ཡིན་ལ། དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་འགྲོ་ས་གཞན་མེད་དོ།།

ཡང་གཙང་པཎྜི་ཏ་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1888-1942) མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་མདོར་བསྡུས་ཐར་ལམ་བགྲོད་པའི་ཐེམ་སྐས་ལས[23]། སྤྱིར་ཆོས་འཆད་ཚུལ་ལ་ཡང་། རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས་དག་པ་གསུམ་གྱི་སྒོ་ནས་འཆད་ཚུལ་དང་། རྩོམ་པ་པོ་དང་ཆོས་ཀྱི་ཆེ་བ། ཉན་བཤད་ཇི་ལྟར་བྱ་བའི་ཚུལ་གསུམ་སྔོན་དུ་འགྲོ་བའི་སྒོ་ནས་འཆད་ཚུལ་གཉིས་ལས་འདིར་ཕྱི་མ་ལྟར་འཆད་པ་ལ། གཞུང་ལུགས་འདི་མཛད་པ་པོ་ནི། མཁས་པ་ཆེན་པོ་དཔལ་མར་མེ་མཛད་བཟང་པོ་ཡིན། ཞེས་དང་། ཡང་དེ་ཉིད་ལས[24]། དཔལ་མར་མེ་མཛད་བཟང་པོས་བསྟན་བཅོས་འདི་རྩོམ་པའི་ཐོག་མར་མཆོད་བརྗོད་ཇི་ལྟར་མཛད་པའི་ཚུལ་བཞག་ཏུ་ཡོད་དེ། ཞེས་མར་མེ་མཛད་བཟང་པོ་ནི་ཇོ་བོའི་མཚན་དུ་གསུངས་སོ།།

དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་ (1597-1659/1660) གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[25]། གཞན་ཡང་ (ཇོ་བོ་རྗེའི་བརྒྱུད་པ་ནི།) རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་བ། ངོ་མཚར་ཅན་གྱི་གཏམ་བདུན་ལ་སོགས་པ་ཡོན་ཏན་དང་ལྡན་པའི་རྒྱལ་སྲས་ཞི་བ་ལྷ་ལ་བརྒྱུད་པའི་གདམས་ངག་རྫོགས་པར་མངའ་ཞིང་། སོ་སོར་ཕྱེ་ན་གསང་སྔགས་ལ་ཡང་བརྒྱུད་པ་ལུགས་སྲོལ་དུ་མ་ཞིག་བཞུགས་པ་ལས། ཐུན་མོང་བའི་བརྒྱུད་པ་ནི། འཇམ་དཔལ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཡི་གེ་པ། ཀརྞ་པ། ཛྙཱ་ན་ཤྲཱི་མི་ཏྲ་རྣམས་སོ། །ཞེས་གསལ་བ་ལྟར་མར་མེ་མཛད་བཟང་པོ་ཇོ་བོ་བླ་སློབ་གང་ཡིན་གསལ་ཁ་མི་སྣང་ཡང་། བཀའ་བབས་བདུན་ལྡན་གྱི་བླ་མ་བརྒྱུད་པའི་རྣམ་ཐར་གྱི་སྔོན་གླེང་ལས[26]། ལྔ་པ་བསྐྱེད་རིམ་འཕྲིན་ལས་དང་བཅས་པའི་བཀའ་བབས་ཀྱི་བརྒྱུད་པ་ལ་གཙོ་བོ་རྣལ་འབྱོར་པ་དྲུག་བྱོན་ཅིང་། མར་མེ་མཛད་བཟང་པོའམ་དཱི་པཾ་ཀ་ར་བྷ་དྲ། སྨན་པ་ཞབས་སམ་ཝེ་དྱ་པཱད། ཡིག་མཁན་རྒན་པོའམ་ཀ་ཡ་སྠ་བྲིདྡྷ། རྡོ་རྗེ་གདན་པ་ཆེན་པོའམ་མ་ཧཱ་ཝཛྲཱ་སན། རཏྣ་ཨཱ་ཀར་གུཔྟ་བཅས་སོ། །འདི་དག་ལས་གཉིས་པ་མར་མེ་མཛད་ནི་དཔལ་ལྡན་ཨ་ཏི་ཤ་ཡིན་ཅིང་། ཞེས་དཱི་པཾ་ཀ་ར་བྷ་དྲ་ཨ་ཏི་ཤ་ཡིན་པར་གསལ་ཡོད།

དེ་བཞིན་བསྟན་འགྱུར་པར་མ་བཞི་གར་གསལ་བའི་བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བའི་མཛད་བྱང་དུ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། ཞེས་གསལ་མོད། འོན་ཀྱང་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བའི་མཛད་བྱང་ལ་ལར[27]། རྒྱ་གར་གྱི་མཁན་པོ་དཔལ་ལྡན་མར་མེ་མཛད་བཟང་པོ་ཡེ་ཤེས་སྙིང་པོས་མཛད་པ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ། །ཞེས་བྱུང་བ་ལྟར་ན། མར་མེ་མཛད་བཟང་པོ་ཞེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་ཡིན་པར་གསལ་ལ། འདིར་བཟང་པོ་དང་ཡེ་ཤེས་ཞེས་ཁྱད་ཆོས་གཉིས་ཀ་འབྱུང་ལ། དེ་མིན་སྙིང་པོ་ཞེས་གཞན་དུ་མི་འབྱུང་བ་ཞིག་ཀྱང་འདིར་གསལ་བས་དཔྱད་དགོས་སོ།།

ལྷག་པར་དུ་ཡ་མཚན་ཞིང་དཔྱད་དགོས་པ་ཞིག་ནི། ཇོ་བོ་རྗེའི་བླ་མ་མར་མེ་མཛད་བཟང་པོ་ཞེས་པའི་མཚན་ཅན་ཞིག་བྱོན་པར་གསལ་བ་ཙམ་ལས། དེ་ལྟའི་བླ་མ་མར་མེ་མཛད་བཟང་པོའི་བསྟན་བཅོས་དང་། རྣམ་ཐར་བཅས་ལོགས་སུ་ཞིབ་ཕྲ་མི་གསལ་བས། རྣམ་ཐར་དང་བསྟན་བཅོས་གཉིས་ཀ་ཡོད་པའི་དབང་དུ་བཏང་ཚེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་མ་འདྲེས་པའམ། ཡང་ན་མར་མེ་བཟང་པོའི་མཚན་ཅན་གྱི་བླ་མ་ཞིག་གཏན་ནས་མ་བྱོན་པ་ལྟར་སྣང་བས་ད་དུང་འདིའི་སྐོར་དཔྱད་གཞིའི་ཡིག་ཆ་ཐབས་འཚོལ་གྱིས་ཞིབ་ཏུ་དཔྱད་དགོས་སོ།།

གཞན་ཡང་བསྟན་འགྱུར་དཔེ་བསྡུར་མ་ལས། ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ་ཅེས་བྱ་བ[28]། དཔལ་མར་མེ་མཛད་བཟང་པོས་མཛད་པ་རྫོགས་སོ། །ཞེས་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[29]། ཀླུ་སྒྲུབ་རིན་པོ་ཆེ་དབྱིག་སྒྲུབ། སློབ་དཔོན་ཇོ་བོ་རྗེས་མཛད། ཅེས་ཆོས་ཚན་འདིར་མཛད་པ་པོའི་མཚན་ལ་མར་མེ་མཛད་བཟང་པོ་དང་། སློབ་དཔོན་ཇོ་བོ་རྗེས་མཛད་ཅེས་མཛད་བྱང་མི་མཐུན་པ་བྱུང་ལ། གཞན་ཡང་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལྟར་ན་མར་མེ་མཛད་བཟང་པོའི་མཛད་བྱང་རྣམས་ཇོ་བོ་རྗེས་མཛད་པར་གསལ་བར་མ་ཟད། བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས་མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བ་རྣམས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཆོས་སྐོར་ཁྲོད་དུ་ཕྱོགས་སྒྲིག་མཛད་པ་འདི་དག་ལས་ཤེས་རྟོགས་ཐུབ་པ་ཞིག་ནི། མར་མེ་མཛད་བཟང་པོ་ཞེས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཚན་གྱི་རྣམ་གྲངས་སུ་ངོས་འཛིན་གྱིས་ཇོ་བོའི་གསུང་གི་དཀར་ཆག་ཏུ་བཀོད་འདུག་པ་ལྟར་འདིར་མར་མེ་མཛད་དང་། མར་མེ་མཛད་བཟང་པོ། མར་མེ་མཛད་ཡེ་ཤེས་གསུམ་ག་ཇོ་བོའི་མཚན་གྱི་རྣམ་གྲངས་སུ་ངོས་འཛིན་གྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་གི་དཀར་ཆག་ཏུ་བཀོད་པ་ལགས་ན། མ་འོངས་པར་མཁྱེན་པའི་སྤྱན་རས་མངའ་བ་རྣམས་ཀྱིས་དཔྱད་པར་འཚལ་ལོ།།

གཞན་ཡང་། མར་མེ་མཛད་ཡེ་ཤེས་དང་། མར་མེ་མཛད་བཟང་པོ། མར་མེ་མཛད་གསུམ་གྱི་བསྟན་བཅོས་ཀྱི་འགྱུར་བྱང་ལྟར་སྒྲ་སྒྱུར་ལོ་ཙཱ་བའི་ཆ་ནས་མཚོན་ན། ༡༽ མར་མེ་མཛད་ཡེ་ཤེས་ཀྱི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ་རྣམས་ནི། ལོ་ཙཱ་བ་ཁུ་དངོས་གྲུབ་དང་། གྱི་ཇོ་ལོ་ཙཱ་བ། ཁུ་ནེ་ཙོ། གླན་དར་མ་བློ་གྲོས། ནག་ཚོ་ལོ་ཙཱ་བ། ལོ་ཙཱ་བ་རིན་ཆེན་བཟང་པོ། ཆོས་ཀྱི་ཤེས་རབ། རྒྱ་བརྩོན་སེང་། འབྲོམ་སྟོན་པ། འབྲོག་མི་ཤཱཀྱ་བློ་གྲོས། རྔོག་བློ་ལྡན་ཤེས་རབ། རྨ་དགེ་བའི་བློ་གྲོས། པ་ཚབ་ཉི་མ་གྲགས། ཁུ་མདོ་སྡེ་འབར། ཅོག་རོ་ཀླུའི་རྒྱལ་མཚན། ག་རོད་ཚུལ་ཁྲིམས་འབྱུང་གནས་བཅས་སྐད་གཉིས་སྨྲ་བའི་འཇིག་རྟེན་མིག་བྱེད་ ༡༦ རྣམས་ཡིན་ལ། ༢༽ མར་མེ་མཛད་བཟང་པོའི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་རྣམས་ནི། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ཆོས་ཀྱི་ཤེས་རབ། འགོས་ཁུག་པ་ལྷས་བཙས་གསུམ་དང་། དེ་མིན་འགྱུར་བྱང་མི་གསལ་བ་གཙོ་ཆེའོ།། ༣༽ མར་མེ་མཛད་ཀྱི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་ནི། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་མཛད་པ་མང་ཞིང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་གཉིས་བཅས་མར་མེ་མཛད་ཡེ་ཤེས་དང་། མར་མེ་མཛད་བཟང་པོ། མར་མེ་མཛད་སོ་སོའི་མཛད་བྱང་གསལ་བའི་སྒྲ་སྒྱུར་ལོ་ཙཱ་བ་རྣམས་ཤིན་ཏུ་མཚུངས་ཤས་ཆེ་ཞིང་། ལོ་ཆེན་རིན་ཆེན་བཟང་པོ་ལྟ་བུ་གསུམ་གའི་སྒྲ་སྒྱུར་ཁོངས་སུ་གསལ་ཡོད་པས་འདི་ལའང་དཔྱད་རྒྱུ་ཞིག་མེད་དམ་སྙམ་མོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༢༡

[2] མྱ་ངན་ལས་འདའ་བ་བཞི་ཡོད་དེ། མར་མེ་མཛད་བཟང་པོ་དང་། རབ་ཏུ་ཞི་བའི་བཤེས་གཉེན་དང་། སྒྲ་གཅན་འཛིན་བཟང་པོ་དང་། རྡོ་རྗེ་བདེ་བ་ཆེན་པོ་འོ། །དེ་རྣམས་བདག་ཅག་གི་དང་པོའི་གཞུང་ལྟར་དེ་བླ་མ་ཆེན་པོའི་རིམ་པ་ཇི་བཞིན་པའི་ཕྱིར་རོ། །ཞེས་སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པའི་མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ། (བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པ། ཤོག་གྲངས་ ༡༡༩༤ ) ལས་བྱུང་ངོ་།།

[3] མར་མེ་མཛད་བཟང་པོའི་རྣམ་ཐར་དཔལ་ནཱ་ལེནྡྲའི་མཁན་རབས་རིམ་བྱོན་སྐབས་བཀོད་ཡོད་པ་དེར་གཟིགས་པར་འཚལ།།

[4] དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྟོད་ཆ། ༡༩༨༤ ལོ། ཤོག་གྲངས་ ༤༥༢

[5] ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༣༣༽ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་གྲངས་ ༣༥༠

[6] འཇིགས་བྱེད་ཆོས་འབྱུང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ༢༠༡༦ ལོ། ཤོག་ ༢༣༢

[7] འཇིགས་བྱེད་ཆོས་འབྱུང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ༢༠༡༦ ལོ། ཤོག་ ༢༣༥

[8] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་གསུམ་པ། ཐའེ་ཝན་པར་མ། ༢༠༡༣ ལོ། ཤོག་གྲངས་ ༣༤༥

[9] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༥༢

[10] ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྡུས་དད་པའི་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༠

[11] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

[12] དགེ་ལུགས་པའི་ཆོས་སྤྱོད་ཕྱོགས་བསྒྲིགས། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་ ༢༨༨

[13] བམ་གྷ་ལ། བཾགྷ་ལ། བྷཾ་ག་ལ། བྷངྒ་ལ། ཞེས་འབྲི་ཚུལ་སྣ་ཚོགས་ཤིག་མཆིས།

[14] ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༡༧༧

[15] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༡༣

[16] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༧༥༣

[17] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ཤོག་གྲངས་ ༧༥༢

[18] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ཤོག་གྲངས་ ༥༢

[19] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༢༤

[20] བཀའ་གདམས་ལམ་རིམ། ༼ང༽ བླ་མཆོད། དཔེ་རིང་། ཤོག་གྲངས་ ༤བ༡

[21] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཤྲཱི༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༥༤

[22] བྲག་དཀར་ཆོས་ཀྱི་དབང་ཕྱུག ༼ན།ཉ༽ དཔེ་རིང་། ཤོག་གྲངས་ ༧བ༤

[23] ཐུབ་བསྟན་ཆོས་ཀྱི་ཉི་མའི་གསུང་འབུམ། ལམ་སྒྲོན་རྣམ་བཤད། པོད། ༼ག༽ དཔེ་རིང་། ཤོག་ ༢བ༦

[24] ཐུབ་བསྟན་ཆོས་ཀྱི་ཉི་མའི་གསུང་འབུམ། པོད། ༤ ༼ག༽ དཔེ་རིང་། ཤོག་གྲངས་ ༢བ༣

[25] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་ ༤༦

[26] བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩

[27] བྱང་སེམས་ནོར་བུའི་ཕྲེང་བ། ཀ་སྦུག་དུར་པིན་ཕན་གླིང་པར་མ། བོད་ཤོག་གྲངས་ དཔེ་ཐུང་། ཤོག་གྲངས་ ༡༡ན༦

[28] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ཤོག་གྲངས་ ༢༡༧ ཐོག་གི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་དུ་གྲགས་པའི་མཇུག་བྱང་དུ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ་ཞེས་གསལ་ལོ།།

[29] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༧ ནས་ ༣༩༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *