རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར།

༄༅། །ཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོའི་གསུང་ལས་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་གྲུབ་མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག །ལེ་ཚན་ཆོས་འབྱུང་། རིགས་ལྡན་དྲག་པོ་འབྱོན་དུས། བྱ་སྤྱོད་གཉིས་ཀྱི་ལམ་རིམ་མདོར་བསྡུས། གཞུང་བསྒྱུར་ལེ་ཚན་བཅས་བཞུགས་སོ།།[1]

 

(མཛད་པ་པོ། འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ (1745-1800) གྱིས་མཛད།)

༄༅། །ན་མོ་གུ་རུ་མཛྙུ་གྷོ་ཥ་ཡ། རྒྱལ་ཀུན་མཁྱེན་བརྩེའི་རིན་ཆེན་རྡུལ་བརྩེགས་སྐུ་བཞིའི་བང་རིམ་མངོན་པར་མཐོ། །འཕྲིན་ལས་རྣམ་བཞིའི་བཀོད་པས་རབ་མཛེས་ཐབས་ཤེས་ཉི་ཟླའི་རྣ་ཆ་ཅན། །འཕགས་ལམ་བརྒྱད་ལྡན་རོལ་པའི་མཚོ་བདུན་གྲུབ་མཐའ་གླིང་བཞིས་བསྐོར་བའི་དབུས། །མཁས་མང་གསེར་རིའི་ཕྲེང་བའི་སྐ་རགས་ཐུབ་དབང་ས་འཛིན་དབང་པོར་འདུད། །རིང་ནས་རླབས་ཆེན་སྨོན་ལམ་ཐུགས་བསྐྱེད་ཀྱིས། །ཞིང་འདིར་ཐུབ་བསྟན་ལང་ཚོ་དར་མའི་ལུས། །མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཨ་ཏི་ཤ།།པཎ་གྲུབ་རིམ་བྱོན་རྣམས་ལ་གུས་པས་འདུད། །རྒྱལ་ཀུན་ངོ་བོ་བློ་བཟང་གྲགས་བསྟན་གྱི། །རིང་ལུགས་འདབ་བརྒྱ་བཞད་པའི་དཔལ་ལྡན་པ། །ཡེ་ཤེས་འོད་ཀྱིས་བསྐལ་དོན་མུན་བསལ་བ། །ཟླ་མེད་རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཉི་མའི་གཉེན་མཆོག་རྒྱན་དྲུག་ཟུང་གཉིས་ཀྱི། །གསང་གསུམ་རྣམ་ཐར་གཞི་ལམ་འབྲས་གསུམ་གྱི། །རྣམ་གཞག་གཏེར་གྱི་ཞལ་བྱང་ལ་འགྲན་པ། །བདག་བློ་དད་པའི་སོར་མོའི་རྩེ་ཡིས་བཀོད། །ཅེས་མཆོད་པར་བརྗོད་ནས། འདིར་བཤད་པར་བྱ་བ་ནི། གྲུབ་མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བའོ།།

འདི་བཤད་པ་ལ་གཉིས། རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་ཕྱོགས་བཤད་པ། གྲུབ་མཐའ་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མདོར་བསྟན་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་གྲགས་ཀྱི་གདུགས་དཀར་པོ་གཅིག་གིས་སྲིད་གསུམ་ཁྱབ་པ་དེ་ཉིད་ཀྱིས། དང་པོར་ཐུགས་བསྐྱེད། བར་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་རང་རང་གི་བློ་དང་འཚམ་པར་འཁོར་ལོ་གསུམ་ལ་སོགས་པ་དྲང་ངེས་ཀྱིས་བསྡུས་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཞིག་བཀའ་སྩལ་ཏེ། གདུལ་བྱ་བགྲང་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ།།

དེ་ནས་རྒྱལ་བ་རང་ཉིད་ཀྱིས་དྲང་ངེས་ཀྱི་དོན་འབྱེད་པར་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། བསམ་བཞིན་དུ་རྒྱ་གར་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཏེ། གཞོན་ནུ་ཉིད་ནས་རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཏེ། ཤིང་རྟས་སྔོན་སུས་ཀྱང་བགྲོད་པར་མ་ནུས་པའི་ལམ་གྱི་གོ་སྐབས་ཕྱེ་སྟེ། སྐྱེ་བོ་རྣམས་ལམ་བདེ་བ། འཇུག་པ་བདེ་བར་འགྲོ་འདུག་བྱ་བ་བཞིན། བདག་ཉིད་ཆེན་པོ་འདིས་ཀྱང་སྔོན་སུས་ཀྱང་བློ་གྲོས་ཀྱི་འཇུག་པ་བགྲོད་དཀའ་བའི་དྲང་ངེས་ཀྱི་དོན་རྣམ་པར་ཕྱེ་སྟེ་རིགས་ཚོགས་དྲུག་ལ་སོགས་པ་འགྲེལ་བཤད་མང་དུ་མཛད་དེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་གསུང་རབ་ཀྱི་དོན་ལ་ཅི་བདེར་ཐོས་བསམ་སོགས་བྱ་ནུས་པ་ནི། བདག་ཉིད་ཆེན་པོ་འདི་ཁོ་ནའི་བཀའ་དྲིན་དུ་མངོན་ཞིང་། སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད། མཐར་བྲམ་ཟེ་ཞིག་ལ་དབུ་སྦྱིན་པར་གནང་སྟེ་སྐུ་ལུས་རྗེ་བཙུན་བྱམས་པ་མ་བྱོན་གྱི་བར་མི་ཞིག་པའི་རྡོ་བར་བྱིན་གྱིས་བརླབས་ཏེ་མ་འོངས་པ་ན་དྲག་པོ་འཁོར་ལོས་ཀླ་ཀློའི་རྒྱུན་བཅོམ་ཚེ་སྐུ་ལུས་ལ་ཐུགས་ཞུགས་ཏེ། སྐུ་དངོས་སུ་བཞེངས་ནས་རྡོ་རྗེ་གདན་གྱི་མཁན་པོ་མཛད་པ་སོགས་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་རང་ཅག་རྣམས་ཀྱི་བློས་དཔག་པར་དཀའ་བ་ཞིག་གོ།

སློབ་དཔོན་འཕགས་པ་ལྷ་ནི། སྔོན་སངས་རྒྱས་འོད་སྲུང་གི་དུས་བྱ་རོག་ཅིག་གིས་སྟོན་པའི་དབུ་ལ་བྱ་ཐལ་ཞིག་གཏོར་བ་ན། དགེ་སློང་རྣམས་ཡིད་གཉིས་སུ་གྱུར་ཏེ། སངས་རྒྱས་ལ་དེ་ལྟ་བུ་ཅི་ལགས། ཞེས་གསོལ་བ་ན། བཀའ་སྩལ་པ། བྱ་རོག་དེ་མ་འོངས་པ་ན། ཤཱཀྱ་ཐུབ་པའི་བསྟན་པ་ལ་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་བྱ་བར་གྱུར་ཏེ། མངལ་སྐྱེས་སུས་ཀྱང་གླགས་མི་རྙེད་པར་འགྱུར་རོ། །ཞེས་ལུང་བསྟན་པ་ན། དགེ་སློང་ཞིག་གིས་བདག་བརྫུས་ཏེ་སྐྱེས་ནས། དེ་ལྟ་བུ་འདུལ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ།།

དེ་ནས་བསྟན་པ་འདིའི་དུས་བྱ་རོག་དེ་མུ་སྟེགས་རྟ་དབྱངས་ཞེས་བྱ་བ། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཞིག་ཏུ་སྐྱེས་སོ། །བརྫུས་ཏེ་སྐྱེ་བར་སྨོན་པའི་མི་དེ་སིངྒ་ལའི་གླིང་དུ་རྒྱལ་པོའི་ལྡུམ་རར་པདྨ་ལས་བརྫུས་ཏེ་སྐྱེས་ནས་གཞོན་ནུ་ནས། འཕགས་པ་ཀླུ་སྒྲུབ་ལ་བརྟེན་ནས་རང་གཞན་གྱི་གྲུབ་མཐའ་ཀུན་ལ་མཁས་པའི་ཕ་རོལ་ཏུ་སོན་ཏོ།།

དེ་ནས་མུ་སྟེགས་ཐུབ་དཀའ་ནག་པོས་རྩོད་པའི་སྒོ་ནས་ནང་པའི་སྡེ་མང་པོ་ཕམ་པར་བྱས་ཤིང་། ན་ལེནྡྲར་འོང་སྟེ་དགེ་འདུན་རྣམས་དང་རྩོད་པར་བརྩམས་པ་ན། རང་སྡེ་རྣམས་ཀྱིས་རྩོད་མ་ནུས་པར་ལྷོ་ཕྱོགས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་ལ་ཡི་གེ་སྤྲིང་པའི་ཕྱིར་མཧཱ་ཀཱ་ལ་ལ་གསོལ་བ་བཏབ་པས་ཐུགས་ཀ་ནས་སྤྲུལ་པའི་བྱ་རོག་ཐོན་བྱུང་བ་ནི། དེའི་མགུལ་དུ་ཡི་གེ་བཏགས་པས་བྱ་རོག་དེས་དཔལ་གྱི་རིར་འཕུར་འཕྲིན་ཡིག་ཕུལ་ནས། སློབ་དཔོན་འདིས་འདུལ་བའི་དུས་མཁྱེན་ཏེ་བཏང་བ་རིམ་གྱིས་ན་ལེནྡྲར་བྱོན་ཏེ་མུ་སྟེགས་པའི་རྩོད་པའི་སྒོ་ནས་ལན་དུ་མར་ཚར་བཅད་ཅིང་། དབུ་མ་བཞི་བརྒྱ་པ་སོགས་རྩོམ་པ་ཡང་མང་དུ་མཛད། སློབ་དཔོན་ཨཱརྱ་དེ་བ་ཞེས་འགྲན་ཟླ་དང་བྲལ་བ་སྐུ་ཚེ་དེ་ཉིད་ལ་སྔགས་ལམ་མཐོན་པོར་གཤེགས་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་མངའོ། །མུ་སྟེགས་དེ་སླར་ནང་པའི་བསྟན་པ་ལ་ཞུགས་ཏེ་སློབ་དཔོན་ཆེན་པོ་དཔའ་བོ་ཞེས་སྡེ་སྣོད་གསུམ་ལ་སོགས་མཁས་བྱའི་གནས་མཐའ་དག་ལ་མཁས་པ་འགྲན་ཟླ་མེད་པར་གྱུར་ཏེ། སྐྱེས་རབས་སོ་བཞི་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་སོགས་རྩོམ་པ་ཡང་མང་དུ་མཛད་དོ།།

འཕགས་པ་ཐོགས་མེད་སྐུ་མཆེད་ནི། རྒྱ་གར་དུ་ཐེག་ཆེན་སྤྱི་དང༌། ཁྱད་པར་མངོན་པ་ལ་དགྲ་ལན་གསུམ་བྱུང་སྟེ་ནུབ་པ་ན། བྲམ་ཟེ་མ་ཚུལ་ཁྲིམས་རྒྱལ་བ་ཞེས་བྱ་བ་དེས་བསྟན་པ་ནུབ་པ་མ་བཟོད་པར་བསམ་བཞིན་དུ་སྲས་གཉིས་བསྐྲུན་པའི་བྱ་བ་མཛད་ཅིང་། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་བསྒྲུབས་པས་ཞལ་བསྟན་ཏེ་དགའ་ལྡན་དུ་བྱོན་ནས་ཐེག་ཆེན་སྤྱི་དང་། ཁྱད་པར་བྱམས་ཆོས་སྡེ་ལྔ་སོགས་གསན་ཏེ་སླར་མི་ཡུལ་དུ་དར་བར་མཛད། གསུང་རབ་སྤྱི་དང་ཁྱད་པར་བཀའ་ཐ་མའི་དགོངས་པ་རྣམ་རིག་པའི་ལུགས་སུ་བཀྲལ་ཏེ། ས་སྡེ་ལྔ་སྡོམ་རྣམ་གཉིས་སོགས་མཛད་དེ་ཐེག་ཆེན་གྱི་བསྟན་པ་ཉིན་མོ་ལྟར་ཆེས་ཆེར་དར་བར་མཛད། སློབ་མ་ཡང་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་ལོངས་པ་ཡོད་པར་གྲགས་སོ།།

གཅུང་གིས་ཁ་ཆེར་བྱོན་ནས་སློབ་དཔོན་འདུས་བཟང་སོགས་བསྟེན་ཏེ། ཐེག་པ་སྤྱི་དང་ཁྱད་པར་མངོན་པ་ལ་སྦྱངས་པས་གསུང་རབ་སྤྱི་དང་མངོན་པ་གོང་འོག་སོགས་རིག་གནས་ཀུན་ལ་མཁས་པ་འགྲན་ཟླ་མེད་པར་གྱུར་ཏོ། །སླར་གཅེན་དང་ཆོས་ཀྱི་དོན་ལ་འབེལ་གཏམ་མཛད་པ་ནི། གཅེས་པོས་ལན་དལ་བུས་འདེབས་ཤིང་། གཅུང་གིས་ལན་ཐོགས་མེད་དུ་བཏབ་པར་རྒྱུ་མཚན་བྲིས་པས། ང་ལྷག་པའི་ལྷ་ཞིག་ལ་འདྲི་ཞིང་ལན་བུལ་བ་ཡིན། ཁྱོད་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་སྐྱེ་བ་བརྒྱུད་མར་བླངས་པ་ལན་མྱུར་བ་ཡིན་ཞེས་གསུངས། དབྱིག་གཉེན་གྱིས་མངོན་པ་མཛོད་སོགས་རྩོམ་པ་ཡང་མང་དུ་མཛད་དོ། །སྐུ་མཆེད་འདི་གཉིས་ནི་དོན་ལ་ས་ལམ་མཐོན་པོར་གཤེགས་པ་སོགས་ངོ་མཚར་བའི་རྣམ་པར་ཐར་པ་བསམ་ལས་འདས་སོ། །རགས་རྩིས་ལ་སྐུ་མཆེད་འདི་གཉིས་ཀྱི་སྐུའི་སྨད་ཙམ་ལ་བོད་དུ་རྒྱལ་པོ་ལྷ་ཐོ་ཐོ་རི་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པའི་ཐོག་མའི་དབུ་ཚུགས་སོ།།

དཔལ་ཆོས་ཀྱི་གྲགས་པ་བོད་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན་པ་དང་དུས་མཚུངས་ཤིང་བསྟན་པའི་སྲོལ་བཏོད། འཕགས་ཡུལ་དུ་སློབ་དཔོན་སེང་གེ་བཟང་པོ། ཡེ་ཤེས་ཞབས། པདྨས་བྷ་ཝ། མཁན་པོ་བོ་དྷི་ས་ཏྭ་སོགས་བྱོན་པ་དང་དུས་མཚུངས་བོད་དུ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་བྱོན། དེ་སྐབས་སློབ་དཔོན་པདྨས་བརླང་དཔལ་གྱི་སེང་གེ་ལ། ཁྱོད་ཀྱི་མི་རབས་བཅུ་གཉིས་ན། །ལྷ་འདྲེ་མི་གསུམ་དབང་དུ་བསྡུ། །ཞེས་བྱང་ཆུབ་འདྲེ་བཀོལ་ལུང་བསྟན་པས། བྱང་ཆུབ་འདྲེ་བཀོལ་དེ་རྒྱལ་པོ་གེ་སར་གྱི་བླ་མ་ཡིན་པར་བཤད་པས། རྒྱལ་པོ་གེ་སར་ནི། གྲུབ་ཐོབ་སྨྲི་ཏི་དང་དུས་མཚུངས་པས། རྒྱལ་པོ་གླང་དར་དང་ཇོ་བོ་རྗེ་ཉིད་ཀྱི་དུས་བར་ལ་བྱུང་བར་མངོན་ནོ།།

དཔལ་ལྡན་ཨ་ཏི་ཤ་སངས་རྒྱས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ནས་བོད་དུ་བསྟན་པ་ཕྱི་དར་ལ་བྱོན་ཏེ། ཕྱོགས་འདིར་བསྟན་པ་ཉིན་མོ་ལྟར་འཕེལ་རྒྱས་སུ་སོང་བ་དང། རྒྱ་གར་དུ་བསྟན་པ་འགྲིབ་པ་ལྟར་སོང་བ་ཐུན་མོང་དུ་གྲགས་སོ། །དེ་ལྟ་ནའང་། དེ་ལྟ་རྡོ་རྗེ་གདན་སོགས་ཡུལ་དབུས་སུ་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་དར་རྒྱས་སུ་མང་ཡང་། འཕགས་ཡུལ་ཤར་ལྷོ་སོགས་ཡུལ་གྲུ་མཐའ་ཡས་པ་ན་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་ཡོད་པར་མ་ཟད། ཁྱད་པར་རྗེ་བདག་ཉིད་ཆེན་པོ་ཞིང་འདི་ནས་སྤྱོད་པ་ལ་གཤེགས་ཏེ་རྒྱ་གར་ལྷོ་ཕྱོགས་སོགས་གྲུབ་པའི་གནས་རྣམས་སུ་མཁས་གྲུབ་རིན་པོ་ཆེའི་གཟིགས་སྣང་གི་གྲུབ་ཆེན་སྟག་ལ་ཆིབས་པའི་སྐུའི་རྣམ་པར་བསྟན་པའི་མཚན་ཡང་ཀཱིརྟིནཱ་ཐ། བོད་སྐད་དུ་གྲགས་པའི་མགོན་པོ་ཞེས་གྲུབ་པའི་བརྟུལ་ཞུགས་གྱིས་ཕྱི་ནང་ཀླ་ཀློའི་ཚོགས་ལ་དབང་བསྒྱུར་ཏེ། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་དང་། རང་ཉིད་ཀྱི་གསུང་རབ་རྣམས་ཆེས་ཆེར་རྒྱས་པར་མཛད་ཅིང་། གསུང་ལས་སྐྱེས་པའི་མཁས་གྲུབ་ཀྱི་སློབ་མ་ཡང་མཐའ་ཡས་པ་ཞིག་ཡོད་ཅེས་ཤམྦྷ་ལའི་ལམ་ཡིག་ཏུ་གསུངས་པ་ནི་བཀའ་གཞན་དུ་མི་འགྱུར་བ་ཞིག་གོ།

བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་ནི། སྨོན་ལམ་གྱི་དབང་གིས་བསམ་བཞི་ན་དུ་ལྷོ་ཕྱོགས་སུ་བྲམ་ཟེའི་རིགས་སུ་འཁྲུངས། གཞོན་ནུ་ཉིད་ནས་སློབ་དཔོན་དབྱིག་གཉེན་བསྟེན་ཏེ་མདོ་སྔགས་སྤྱི་དང་། ཁྱད་པར་ཚད་མའི་གཞུང་ལུགས་ལ་མཁས་པའི་ཕ་རོལ་ཏུ་སོན། རྒོལ་བ་ངན་པ་རིགས་པའི་སྒོ་ནས་ཚར་བཅད། མགོན་པོ་འཇམ་པའི་དབྱངས་ཀྱིས་ཞལ་དངོས་སུ་བསྟན་ནས་རྗེས་སུ་བཟུང། ཚད་མ་མདོ་དང་བརྒྱད་སྟོང་འགྲེལ་ཆེན་སོགས་རྩོམ་པ་ཡང་མང་དུ་མཛད། ལུང་དང་རྟོགས་པའི་ཡོན་ཏན་མངོན་པར་མཐོ་བ་སོགས་རྣམ་པར་ཐར་པ་བསམ་ལས་འདས་སོ།།

དཔལ་ཆོས་ཀྱི་གྲགས་པ་ནི། ལྷོ་ཕྱོགས་ཏྲི་མ་ལ་ཡ་ཞེས་བྱ་བར་སྐུ་འཁྲུངས་ཏེ། སློབ་དཔོན་དབང་ཕྱུག་སྡེ་སོགས་བསྟེན། རང་གཞན་གྱི་གཞུང་ལུགས་ཀུན་ལ་མཁས་པ་འགྲན་པའི་ཟླ་དང་བྲལ་བར་གྱུར། མུ་སྟེགས་ངན་པ་བརྒྱ་ཕྲག་དུ་མ་རིགས་པའི་སྒོ་ནས་ཚར་བཅད། སངས་རྒྱས་པའི་བསྟན་པ་ལ་བཙུད། ཚད་མ་སྡེ་བདུན་སོགས་བསྟན་བཅོས་ཀྱང་མང་དུ་མཛད། མཐར་གྲུབ་ཆེན་ཐ་ག་ན་དང་། སྨན་ཞབས་པ་སོགས་ཀྱི་མན་ངག་ལ་བརྟེན་ནས་འཁོར་ལོ་བདེ་མཆོག་བསྒྲུབས་པས་ཞལ་དངོས་སུ་བསྟན། སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་མངའ་བ་ཞིག་གོ།

སློབ་དཔོན་ཡོན་ཏན་འོད་ནི། ཡུལ་བཅོམ་བརླག་ཅེས་བྱ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སློབ་དཔོན་དབྱིག་གཉེན་སོགས་བསྟེན། གཞུང་ལུགས་སྤྱི་དང་། འདུལ་བ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན། མདོ་རྩ་སོགས་མཛད། ལྟུང་བའི་ཉེས་པ་ཕྲ་མོས་ཀྱང་མ་གོས་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས། ས་གསུམ་བརྙེས་པ་སོགས་སྐུ་གསུང་ཐུགས་ཀྱི་རྣམ་ཐར་མཐའ་ཡས་པ་ཞིག་གོ།

སློབ་དཔོན་ཤཱཀྱ་འོད་ནི། བསོད་ནམས་གྲགས་པ་སོགས་བསྟེན་ནས་སྡེ་སྣོད་གསུམ་འཛིན་པའི་མཁས་པ་ཆེན་པོར་གྱུར། འདུལ་བ་སུམ་བརྒྱ་པ་དང༌། འོད་ལྡན་སོགས་མཛད། ཁ་ཆེའི་ཡུལ་དུ་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པར་གྲགས་སོ། །སློབ་དཔོན་འདི་གཉིས་ཚུལ་ཁྲིམས་རྒྱ་མཚོའི་དབུས་མ་སྐུ་གསུམ་གདེངས་ཀས་མཛེས་པ་སོགས་རྣམ་པར་ཐར་པ་མཐའ་ཡས་སོ།།

སྨྲས་པ།

ཐུབ་དབང་གསུང་སྐྱེས་རྒྱན་དྲུག་མཆོག་གཉིས་ཀྱི། །ངོ་མཚར་རྨད་བྱུང་རྣམ་ཐར་རྒྱ་མཚོ་ལས། །

བློ་གྲོས་ཀུ་ཤའི་རྩེ་མོས་ཆུ་ཐིགས་ཙམ། །རང་གཞན་དད་པའི་གསོས་སུ་ཆ་ཙམ་བླངས། །

 

གཉིས་པ་གྲུབ་མཐའ་སོ་སོའི་ལུགས་ཀྱི་གཞི་ལམ་འབྲསགསུམ་གྱི་རྣམ་གཞག་བཤད་པ་ལ་གཉིས། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ནི། སངས་རྒྱས་ཀྱི་བཀའ་ཐམས་ཅད་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུ་ཞིང་། འཁོར་ལོ་དང་པོ་སྡེ་སྣོད་གང་དུ་འདུ་མ་གསལ་ཡང་། བཀའ་དང་པོས་བདེན་བཞི་སོགས་ལ་དམིགས་པའི་ཤེས་རབ་ཀྱི་གཙོ་བོར་སྟོན་པས་མངོན་པའི་སྡེ་སྣོད་དང་། ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལུང་སྡེ་བཞི་སོགས་འདུལ་བའི་མདོ། ཏིང་ངེ་འཛིན་གྱི་བསླབ་པ་དངོས་ཤུགས་ཅི་རིགས་པར་གཙོ་བོར་སྟོན་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་དང་། རྒྱུད་སྡེ་བཞིའི་སྔགས་ཀྱི་སྡེ་སྣོད་རྣམས་མདོ་སྡེའི་སྡེ་སྣོད་དུ་འདུ། ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་བཀའ་ཐ་མ་སོགས་མངོན་པའི་སྡེ་སྣོད་དུ་འདུའོ།།

དོན་སྨྲ་བ་གཉིས་འཁོར་ལོ་དང་པོ་བཀར་འདོད་ཅིང་། ཐ་མ་གཉིས་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འདོད། བྱེ་བྲག་སྨྲ་བ་བཀའ་ལ་ངེས་དོན་གྱིས་ཁྱབ་པ་འདོད། མདོ་སྡེ་པ་ཡན་ཆད་བཀའ་ལ་དྲང་ངེས་གཉིས་སུ་འདོད་དོ། །བྱེ་བྲག་སྨྲ་བའི་སློབ་དཔོན་བཙུན་པ་ཆོས་སྐྱོབ་སོགས་ཀྱིས་བཀའ་དང་པོ། མངོན་པ་སྡེ་བདུན་བྱེ་བྲག་བཤད་མཛོད་སོགས་ཀྱི་རྗེས་སུ་འབྲངས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྨྲ་བར་མཛད། མདོ་སྡེ་པའི་སློབ་དཔོན་ཁ་ཆེའི་གནས་བརྟན་བཙུན་པ་སོགས། མདོ་རྒྱ་ཆེར་རོལ་པ་དང་། སྒོ་དྲུག་གི་གཟུངས་སོགས་ཀྱི་རྗེས་སུ་འབྲངས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྨྲ་བར་མཛད། རྣམ་རིག་པའི་སློབ་དཔོན་ཐོགས་མེད་སྐུ་མཆེད་སོགས། བཀའ་ཐ་མ་དང་། བྱམས་ཆོས་ཕྱི་མ་གསུམ་སོགས་ཀྱི་རྗེས་སུ་འབྲངས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྨྲ་བར་མཛད། ཕྱོགས་གླང་ཡབ་སྲས་གཉིས་གསུང་རབ་སྤྱི་དང་། མངོན་པ་ཀུན་བཏུས། བྱམས་ཆོས་པྲ་ཀ་ར་ཎ་སོགས་ཀྱི་རྗེས་སུ་འབྲངས་ནས་ཚད་མའི་རྣམ་གཞག་སྨྲ་བར་མཛད། རང་རྒྱུད་པའི་སློབ་དཔོན་ལེགས་ལྡན་འབྱེད་སོགས། འཁོར་ལོ་བར་པ། མངོན་རྟོགས་རྒྱན་སོགས་ཀྱི་རྗེས་སུ་འབྲངས་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྨྲ་བར་མཛད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་གསུང་རབ་སྤྱིའི་དགོངས་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་སུ་བཀྲལ་བས། དབུ་མ་སྤྱིའི་སྲོལ་འབྱེད་དུ་གྲགས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རང་བཞིན་ཡོད་མེད་ཀྱི་ཕྱོགས་གཉིས་སུ་ཕྱེ་ནས་སྨྲས་པས། ཕྱོགས་འཛིན་པའི་དབུ་མ་པར་གྲགས་ཤིང་། ཐལ་འགྱུར་པའི་སྲོལ་འབྱེད་དུ་བཞེད་པའང་ཡོད། དཔལ་ལྡན་ཟླ་བས་རྩ་ཤེའི་འགྲེལ་པ་ཚིག་གསལ་དང་། བཞི་བརྒྱ་པའི་འགྲེལ་པ་སོགས་མཛད་ནས་རང་བཞིན་ཡོད་མེད་ཀྱི་ཚུལ་ལ་དགག་སྒྲུབ་རྒྱས་པར་མཛད་དེ། རྩ་ཤེའི་དགོངས་པ་ཐལ་འགྱུར་པའི་ཐུན་མོང་མ་ཡིན་པའི་ལུགས་སུ་བཀྲལ་བས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་ཁས་ལེན་ནོ།།

གཉིས་པ་ཡན་ལག་གི་དོན་ལ། དོན་སྨྲ་བའི་ལུགས་དང་། ཐེག་ཆེན་པའི་ལུགས་གཉིས། སྤྱིར་མངོན་པ་ལ་ཐེག་ཆེན་དང་། ཐེག་དམན་གཉིས་ལས། དང་པོ་ཆོས་མངོན་པ། སྟོང་ཕྲག་བརྒྱ་པ་དང་། མདོ་སྡེ་དགོངས་འགྲེལ། མངོན་པ་ཀུན་བཏུས་སོགས་ཐེག་ཆེན་པའི་མངོན་པའི་བསྟན་བཅོས། བཀའ་དང་པོ་དང་། མངོན་པ་སྡེ་བདུན་བྱེ་བྲག་བཤད་མཛོད་དེ། མཛོད་རྩ་སོགས་ཐེག་དམན་གྱི་མངོན་པ་ཡིན་ནོ། །དོན་སྨྲ་བའི་ལུགས་ལ་གཉིས། མཛོད་རྩ་འགྲེལ་དང་མཐུན་པའི་བྱེ་བྲག་སྨྲ་བའི་ལུགས་རྒྱས་པར་བཤད་པ་དང། མདོ་རྒྱ་རོལ་སོགས་དང་མཐུན་པར་མདོ་སྡེ་པའི་ལུགས་ཕྱོགས་ཙམ་བསྟན་པའོ།།

དང་པོ་ནི། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང། །ཞེས་སོགས་དོན། བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱིས་གཞི་ལམ་གྱི་འབྲས་བུ་མངོན་དུ་མཛད་ཚུལ་དང༌། བདེན་བཞི་སོགས་བདག་མེད་རྟོགས་པའི་ལམ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས། ཉོན་མོངས་པའི་ཕྲ་རྒྱས་དང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས་གཏན་ནས་བཅོམ་པ། འབྲས་བུ་རང་དོན་སྤངས་རྟོགས་ཕུན་ཚོགས་གཉིས་དང་། གཞན་དོན་སྐྱོབ་པ་གཟུགས་སྐུ་མངོན་དུ་མཛད་དེ། འཕྲིན་ལས་ཕུན་ཚོགས་ཀྱིས་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་གྱི་འདམ་ལས་དྲང་བའི་ཕྱིར་སྐལ་བ་དང་འཚམ་པར་བདེན་བཞི་སོགས་དོན་བཞིན་སྟོན་པར་མཛད་པའི་སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར། ཞེས་པའོ། །དེ་དོན་གཞུང་ལྷག་མ་རྣམས་ཀྱི་རྒྱས་པར་འཆད་པ་ལ། དེ་ཡང་སྐབས་འདིར་ཆོས་ཐམས་ཅད་ཤེས་བྱ་གཞི་ལྔར་བསྡུས་ཏེ་གནས་དང་པོས། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སོགས་ལ་སོ་སོར་དཔྱོད་པའི་དོན་དམ་པའི་མངོན་པ་སྟེ། ཤེས་རབ་ཀྱི་ཆ་རྒྱས་པར་བསྟན་པ་གནས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་རྣམས་ཀྱིས་འཁོར་བར་འཇུག་པའི་རིམ་པ་རྒྱས་པར་བསྟན། །གནས་དྲུག་པ་དང་། བདུན་པ། བརྒྱད་པ་རྣམས་ཀྱིས་འཁོར་བ་ལས་ལྡོག་པའི་རིམ་པ་རྣམས་རྒྱས་པར་བསྟན་ནོ། །དེས་ན་མངོན་པ་མཛོད་ཀྱི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་དེས་འཁོར་བ་འཇུག་ལྡོག་གིས་བསྡུས་པའི་བདེན་བཞི་ལ་བླང་དོར་བྱ་བའི་ཚུལ་ཡོད་དེ། གནས་གཉིས་པ་ནས་བསྟན་པའི་ཀུན་འབྱུང་གིས་བསྡུས་པའི་དབང་པོ་ཉེར་གཉིས་སོགས་ལ་དམིགས་ནས་ང་དང་ང་ཡི་བར་ཕྱིན་ཅི་ལོག་ཏུ་འཛིན་པས། གནས་ལྔ་པ་ནས་བསྟན་པའི་ཉོན་མོངས་པའི་ཕྲ་རྒྱས་རྣམས་འཕེལ་ཞིང་རྒྱས། དེས་ཀུན་ནས་བསླངས་ཏེ། གནས་བཞི་པ་ནས་བསྟན་པའི་ཟག་བཅས་བསོད་ནམས་དང་། བསོད་ནམས་མ་ཡིན་པའི་ལས་རྣམས་བསགས། ལས་ཀྱི་འབྲས་བུ་གནས་གསུམ་པ་ནས་བསྟན་པའི་སྡུག་བདེན་གྱིས་བསྡུས་པའི་མ་དག་པའི་སྣོད་བཅུད་དེ། སྲིད་རྩེ་ནས་མནར་མེད་ཀྱི་བར་མ་དག་པའི་སྣོད་འདིར། བཟོ་ཆུན་གྱི་ཁྱུད་མོ་ལྟར་བར་མཚམས་མེད་པར་འཁོར་ཏེ། སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་ནི་སྡུག་ཀུན་གྱིས་བསྡུས་པའི་འཁོར་བར་འཇུག་པའི་རིམ་པའོ།།

ལྡོག་པའི་རིམ་པ་ནི། དེ་ཡང་སྡུག་བསྔལ་ཕྱི་རོལ་ཚེར་མ་འདོན་པ་ལྟར་སྤོང་མི་ནུས་པས་སྲིད་པའི་རྩ་བ་ཉོན་མོངས་དང་འཛིན་སྟངས་འགལ་བའི་ལམ་བདེན་གྱིས་བསྡུས་པའི་གནས་དྲུག་པ་ནས་བསྟན་པའི་བདེན་བཞི་སོགས་ལ་དམིགས་ནས་མཐོང་ལམ་ཤེས་བཟོད་ཀྱི་ལམ་དང་། སྒོམ་ལམ་སྐོར་དགུ་སོགས་ཞུགས་གནས་བརྒྱད་ཀྱི་འཕགས་པ་རྣམས་ཀྱིས་བསྒོམས་པ་ལས་སྲིད་པའི་རྩ་བ་ཉོན་མོངས་པའི་ཕྲ་རྒྱས་ས་བོན་དང་བཅས་རྩ་བ་ནས་དྲུངས་ཕྱུང་སྟེ། འགོག་པས་བསྡུས་པའི་འབྲས་བུ་གནས་བདུན་པ་ནས་བསྟན་པའི་སྡུག་བསྔལ་ཡོངས་སུ་ཤེས་པའི་ཡོངས་ཤེས་དང། གནས་བརྒྱད་པ་ནས་བསྟན་པའི་བསམ་གཟུགས་བརྒྱད། འགོག་པའི་སྙོམས་འཇུག་གིས་བསྡུས་པའི་ལྷག་བཅས་ལྷག་མེད་ཀྱི་བྱང་ཆུབ་སྟེ། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཚེ་གསུམ་ཙམ་གྱི་ཡུན་ལ་མངོན་དུ་བྱ་བ་ཡིན་པའི་ཕྱིར་རོ།།

གཉིས་པ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་ཚུལ་ནི། ཉན་རང་གཉིས་ལམ་གྱི་འགྲོས་པ་ལ་ཆེར་མཚུངས་པས་རང་རྒྱལ་གྱི་རིགས་ཅན་དེས་སྐྱེས་བུ་ཆུང་ངུའི་བསམ་པ་སྟོན་དུ་སོང་ནས། ཞི་བདེ་དོན་གཉེར་གྱི་བློས་ཚོགས་སྦྱོར། མཐོང་སྒོམ་གྱི་ལམ་རྣམས་སྦྱིན་སོགས་ཐབས་ཀྱི་ཆ་མང་པོ་དང་ཟུང་འབྲེལ་དུ་བསྐལ་པ་དུ་མར་གོམས་པ་ལས་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་མངོན་དུ་བྱེད་དོ།།

གསུམ་པ་ཐེག་པ་མཆོག་གི་རིགས་ཅན་དེས། ཐོག་མར་བཤེས་གཉེན་བསྟེན་ཚུལ་ནས་སྐྱེས་བུ་ཆུང་འབྲིང་གི་བསམ་པ་རྣམས་སྦྱངས་ཏེ། སེམས་ཅན་ཐམས་ཅད་སྒྲོལ་འདོད་ཀྱི་མར་ཤེས་ནས་བྱང་ཆུབ་སེམས་ཀྱི་བར་རྣམས་གོམས་པར་བྱས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད། ཟབ་པ་དང་རྒྱ་ཆེ་བའི་རྒྱལ་སྲས་ཀྱི་སྤྱོད་པ་རྣམས་གྲངས་མེད་གསུམ་གྱི་ཡུན་དུ་བསླབས་ཏེ། སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་བསམ་གཏན་ཐུན་གཅིག་ལ་ཐོ་རེངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་བག་ཆགས་དང་བཅས་པ་དྲུངས་ཕྱུང་སྟེ། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་མཐར་ཐུག་མངོན་དུ་བྱེད་དོ།།

སྨྲས་པ།

འཁོར་ལོ་དང་པོ་མངོན་པ་སྡེ་བདུན་གྱི། །བརྗོད་བྱ་ཤེས་བྱ་གཞི་ལྔ་གནས་བརྒྱད་ཀྱི། །

གཞི་ལམ་འབྲས་གསུམ་གསལ་བའི་སྒོ་འབྱེད་འདི། །ཤེས་ལྡན་ནང་མཛོད་འཇུག་པའི་ལྡེ་མིག་མཛོད། །

 

གཉིས་པ་འདུལ་བ་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ནི་སྤྱིར་འདུལ་བ་ལ། ཐེག་པ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་མིན་པ་ཡང་། རྒྱུ་ཕར་ཕྱིན་གྱི་འདུལ་བ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་འདུལ་བ་གཉིས་ལས། འདིར་ཐེག་པ་ཐུན་མོང་བའི་འདུལ་བའི་ལུགས་ཀྱི་ལམ་བགྲོད་ཚུལ་ནི། དེ་ཡང་མདོ་རྩ་བར། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་དང་། སུམ་བརྒྱ་པ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །ཞེས་དང་། མདོ་ལས། དགེ་སློང་དག་ཚུལ་ཁྲིམས་ལ་གནས་ན་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་ལ་གནས་ན་ཤེས་རབ་ལ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་ལ་གནས་ན་སེམས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར། རྣམ་གྲོལ་དོན་དུ་གཉེར་བ་རྣམས་ཀྱིས་སེམས་དུག་གསུམ་ལས་རྣམ་པར་གྲོལ་བའི་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་བྱེད་པ་ལ། འདུལ་བ་ནས་བཤད་པའི་ཐབས་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། མངོན་པ་ནས་བཤད་པའི་ཤེས་རབ་ཀྱི་ཆ་གཉིས་ཟུང་དུ་འབྲེལ་དགོས་ཏེ། དེ་ཡང་ཆོས་ཀུན་གྱི་གཟུགས་བརྙན་མ་འདྲེས་པར་སོ་སོར་ཤར་བ་སྟེ། གསལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་སྔོན་དུ་ངེས་པར་འགྲོ་དགོས། དེའི་སྔོན་དུ་གསལ་ལ་དྭངས་པའི་ཆུ་ནང་བཞིན་བྱིང་རྒོད་བྲལ་བའི་གསལ་ལ་དྭངས་པའི་ཏིང་ངེ་འཛིན་གྱི་བསླབ་པ་སྔོན་དུ་འགྲོ་དགོས། དེའི་སྔོན་དུ་བཅས་རང་གི་ཉེས་པའི་སྐྱོན་གྱིས་མ་གོས་པའི་གཙང་ཞིང་གས་ཆག་མེད་པའི་སྣོད་ངེས་འབྱུང་གི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་སྔོན་དུ་འགྲོ་དགོས། དེའི་སྔོན་དུ་གནས་བླ་མ་སྟེ་མཁན་སློབ་ཀྱི་དྲུང་དུ། ཐོག་མར་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་སྔོན་ཆོག་ད་ཆོག་སོགས་ཆོ་གའི་ཁྱད་པར། བར་དུ་བསྲུང་ཐབས་ཡན་ལག་ལྔའི་སྒོ་ནས་བསྲུང་ཚུལ། མཐར་ལྟུང་བ་ཕྱིར་བཅོས་དང་། རྩོད་པ་ཕྱིར་བཅོས་སོགས་ཀྱི་སྒོ་ནས་སྡོམ་པ་རྣམ་པར་དག་པའི་ཚུལ་ལ་འབད་པ་ནི། སྐབས་འདིའི་གཞི་ལམ་འབྲས་གསུམ་ཉམས་སུ་ལེན་ཚུལ་ཕྱོགས་ཙམ་བརྗོད་པའོ།།

སྨྲས་པ།

གསེར་སྦྱངས་ཚུལ་ཁྲིམས་དྲི་མེད་སྣོད་མཆོག་ཏུ། །བྱིང་རྒོད་སྐྱོན་བྲལ་ཏིང་འཛིན་ཆུ་ཀླུང་མཚོར། །

ཆོས་ཀུན་ཤེས་རབ་ཟླ་གཟུགས་གསལ་བ་འདི། །བཤེས་ལྡན་འདུལ་འཛིན་རྣམས་ཀྱི་གཅེས་ནོར་མཛོད། །

 

གཉིས་པ་མདོ་སྡེ་པའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་བགྲོད་ཚུལ་ནི། ཕལ་ཆེར་བྱེ་བྲག་སྨྲ་བ་དང་མཐུན་ཤས་ཆེ། སྤྱིར་མདོ་སེམས་གཉིས་ལ་ལུང་དང་རིགས་པའི་རྗེས་འབྲང་གི་ཐ་སྙད་ཡོད་ཅིང་། གྲུབ་མཐའ་གཞན་ལ་དེ་གཉིས་ཀྱི་ཐ་སྙད་མ་གྲགས། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དེ་བཤེས་གཉེན་བསྟེན་ཚུལ་ནས། ཆུང་འབྲང་གི་ལམ་རྣམས་ལ་སྦྱངས་ཏེ། རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོངས་པ་དང་། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པའི་ལམ་སྦྱིན་སོགས་བསོད་ནམས་ཀྱི་ཆ་དང་ཟུང་འབྲེལ་དུ་གོམས་པར་བྱས་ཏེ། ཉན་ཐོས་ཀྱི་ལམ་ལྔ་རིམ་གྱིས་བགྲོད་ནས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་རྣམས་བཅོམ་སྟེ། ལྷག་མེད་མྱང་འདས་ཀྱི་དབྱིངས་དེར་བེམ་རིག་ཕྲ་མོ་རྣམས་ཀྱང་ཐིམ་པ་སྟེ་རྒྱུན་ཆད་པ་ན། སླར་དབྱིངས་དེ་ལས་ཐེག་པ་གཞན་དུ་འཕོ་བ་མི་སྲིད་པར་འདོད། རིགས་པའི་རྗེས་འབྲང་གིས་ལྷག་མེད་ཀྱི་དབྱིངས་དེ་ལས་ལྡང་སྟེ་ཐེག་པ་ཆེན་པོར་འཕོ་བར་འདོད་དོ།།

སྨྲས་པ།

མདོ་སྡེའི་རྗེས་ཞུགས་ཆོས་ཀུན་དཔེ་ཡིས་མཚོན། །གཟུགས་སྐུ་སངས་རྒྱས་ཕྱི་དོན་རང་རིག་སོགས། །

བདེན་གྲུབ་རྣམ་པའི་གཞི་ལམ་གསལ་བ་འདི། །ཤེས་ལྡན་མདོ་སྡེ་གཟིགས་པའི་སློབ་དཔོན་མཛོད། །

 

གཉིས་པ་ཐེག་ཆེན་པ་ལ་གཉིས། རྣམ་རིག་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བའོ། །དང་པོ་རྣམ་རིག་པ་ལ་ལུང་དང་རིགས་པའི་རྗེས་འབྲང་གཉིས། ལུང་གི་རྗེས་འབྲང་གིས་མདོ་སྡེ་དགོངས་འགྲེལ་དང་བྱམས་ཆོས་ཕྱི་མ་གསུམ། ས་སྡེ་སོགས་ཀྱི་རྗེས་སུ་འབྲངས་ནས་མཐར་ཐུག་ཐེག་པ་གསུམ་དུ་འདོད། རིགས་པའི་རྗེས་འབྲང་གིས་སྡེ་བདུན་མདོ་དང་བཅས་པའི་རྗེས་སུ་འབྲངས་ནས་རིགས་པ་ཡང་དག་གི་སྒོ་ནས་དྲི་མ་སེམས་དང་འབྲལ་རུང་དུ་བསྒྲུབས་ཏེ་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་བོ། །དེ་ཡང་སྡེ་བདུན་མདོ་དང་བཅས་པའི་མཆོད་བརྗོད་ཀྱིས་བཅོམ་ལྡན་འདས་ལམ་གང་བསྒོམས་པ་ལས་འབྲས་བུ་སྤངས་རྟོགས་བརྙེས་ཚུལ་གྱི་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་གཙོ་བོར་བསྟན། གཞུང་ལྷག་མ་རྣམས་ཀྱིས་བདེན་བཞི་སོགས་ལ་མ་རྟོགས་པ་དང༌། ལོག་པར་སྒྲོ་འདོགས་རྣམས་གཏན་ཚིགས་གསུམ་སོགས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསུན་ཕྱུངས་ཏེ། ཐོག་པ་ཐུན་མོང་བའི་ལམ་གྱི་རིམ་པ་གཙོ་བོར་བསྟན་གསུངས་སོ། །དེས་ན་འདིར་ལུས་དང་ཡན་ལག་གི་དོན་ལམ་འབྲས་བུ་དང་བཅས་པ་དོན་སྦྱོར་གྱི་སྒོ་ནས་གཏན་ལ་འདེབས་པ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མ་རང་གི་གཞལ་བྱ་ལ་མི་བསླུ་བ་ལྟར་ཉིད་ཀྱང་གདུལ་བྱ་རྣམས་ལ་རྣམ་པ་ཀུན་ཏུ་མི་བསླུ་བའི་སྐྱབས་གནས་མཐར་ཐུག་ཡིན་ཏེ། བརྗོད་བྱ་རྟོག་གེའི་ཚིག་དོན་བརྒྱད་ལས། རང་དོན་ལེའུའི་བསྟན་དོན་བདེན་བཞི་སོགས་རྗེས་དཔག་གི་དོན་སྤྱིའི་བློས་ངེས་པ་དང་། མངོན་སུམ་ལེའུའི་བསྟན་དོན་ཆོས་ཀྱི་བདག་མེད་སོགས་རྣལ་འབྱོར་མངོན་སུམ་གྱིས་གསལ་བར་ངེས་པ་ལེའུ་གཉིས་པའི་བསྟན་དོན་རྩེ་སོགས་ཐབས་ཀྱི་ཆ་དང་། སྦྱོར་བ་གཉིས་ལྡན་གྱི་རྟོགས་ཟིན་རྒྱུན་ལྡན་དུ་གོམས་པ་ལས་ཚོགས་སྦྱོར་མཐོང་སྒོམ་ལམ་རིམ་བཞིན་བགྲོད་ནས། ས་བཅུ་བར་ཆད་མེད་ལམ་གྱིས་སྲིད་པར་འཆིང་བྱེད་བདག་ཏུ་འཛིན་པའི་རྟོག་པའི་དྲ་བ་རྣམ་པར་གསལ་བ་སྟེ་བསུན་ཕྱུང་ནས། ཟབ་པ་དང་རྒྱ་ཆེ་བའི་རང་དོན་སྤངས་རྟོགས་དང་། གཞན་དོན་གཟུགས་སྐུ་གཉིས་ཏེ། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད་ནས་ལེའུ་བཞི་པའི་གཞན་དོན་སྒྲུབ་བསུན་བཞི་སོགས་ཀུན་ཏུ་བཟང་པོའི་གསུང་གི་འོད་ཟེར་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པར་ཀུན་ནས་འཕྲོ་བ་སྟེ་སྟོན་པར་མཛད་པ་མཐར་ཕྱིན་པའི་སྐྱེས་བུ་ཡིན་པའི་ཕྱིར་རོ། །གཞན་ཡང་སྡེ་བདུན་མདོ་དང་བཅས་པ་ཆོས་ཅན། ཁྱོད་ཀྱི་གཏན་ཚིགས་ཀྱི་སྒོ་ནས་གདུལ་བྱ་རྣམས་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་དངོས་ཤུགས་ཅི་རིགས་ཀྱི་སྒོ་ནས་འདོམས་པར་བྱེད་པའི་ཚུལ་ཡང་ཡོད་དེ། འབྲས་བུའི་གཏན་ཚིགས་ཀྱིས་ཕྱི་རོལ་ཏུ་ནས་མྱུག་སོགས་རྒྱུ་འབྲས་མི་བསླུ་བར་བསྒྲུབས་ནས། ནང་སྐྱེས་བུའི་རྒྱུད་ཀྱི་དཀར་ནག་གི་ལས་འབྲས་མི་བསླུ་བར་བསྒྲུབས་ཏེ་སྐྱེས་བུ་ཆུང་ངའི་སྐོར་དང་། རང་བཞིན་གྱི་གཏན་ཚིགས་ཀྱིས་ཕྱི་རོལ་ཏུ་སྒྲ་དང་གློག་སྐད་ཅིག་གིས་འཇིག་ཅིང་མི་རྟག་པར་བསྒྲུབས་ཏེ། ནང་སྐྱེས་བུའི་རྒྱུད་ཀྱི་ཕུང་སོགས་མི་རྟག་པ་དང་སྡུག་བསྔལ་བར་བསྒྲུབ་པ་སྐྱེས་བུ་འབྲིང་གི་སྐོར་དང་། མི་དམིགས་པའི་གཏན་ཚིགས་ལ་གཉིས་པས། ཕྱི་རོལ་གཞི་དེར་ཤ་ཟ་བསྐལ་དོན་དུ་སོང་བས་ཤ་ཟ་ཡོད་ཅེས་དམ་བཅའ་མི་ནུས་པར་བསྒྲུབས་ནས། ནང་སྐྱེས་བུའི་སྐྱོན་ཡོན་བསྐལ་དོན་དུ་སོང་བས་གང་ཟག་གིས་ཕ་རོལ་པོའི་སྐྱོན་བརྗོད་སོགས་བྱེད་པ་བཀག་སྟེ་དག་སྣང་དང་། བྱམས་སོགས་སྤྱོད་དགོས་ཞེས་སྐྱེས་བུ་ཆེན་པོའི་ཐབས་ཀྱི་ཆ་དང་། སྣང་རུང་མ་དམིགས་པས་ཕྱི་རོལ་ཏུ་དགག་གཞི། ཤིང་མེད་ཀྱི་བྲག་རྫོང་ན། དགག་བྱ་ཤ་བ་མེད་པར་བསྒྲུབས་ཏེ། ནང་དགག་གཞི་སྐྱེས་བུའི་ཕུང་སོགས་ཀྱི་སྟེང་དུ་དགག་བྱ་བདག་མེད་པར་བསྒྲུབ་སྟེ་ཤེས་རབ་ཀྱི་ཆ་རྣམས་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་འདོམས་པར་བྱེད་པའི་ཕྱིར་རོ།།

སྨྲས་པ།

ཆོས་ཀུན་རྨི་ལམ་ཇི་བཞིན་རང་སེམས་ལ། །སྣང་ཙམ་གཉིས་སྟོང་སྨྲ་བའི་རྣམ་རིག་པའི། །

གཞི་ལམ་འབྲས་གསུམ་མ་འདྲིས་གསལ་འབྱེད་འདི། །ཤེས་ལྡན་རང་སེམས་གཟིགས་པའི་མེ་ལོང་མཛོད། །

 

གཉིས་པ་ངོ་བོ་ཉིད་མེད་པར་སྨྲ་བ་ལ་གཉིས། དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བ་གཉིས། དང་པོ་ནི། རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་གཞི་ལམ་འབྲས་གསུམ་བཞེད་ཚུལ་ནི། དེ་ཡང༌། རྗེ་བདག་ཉིད་ཆེན་པོས་དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ནས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཞེས་སོགས་གསུངས་པ་བཞིན། རྒྱན་གྱི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དེས་བརྗོད་བྱ་དངོས་པོ་བརྒྱད་སྐྱེས་བུ་གསུམ་གྱི་ལམ་དུ་བསྡུས་ཏེ་ཉམས་སུ་ལེན་ཚུལ་ཡོད་དེ། སྐྱེས་བུ་ཆུང་ངུའི་ལམ་རྣམས་འགྲེལ་རྐང་བརྒྱ་རྩ་སོགས་གཞི་ཐམས་ཅད་ཡོངས་སུ་ཤེས་པའི་ལམ་གྱིས་བསྡུས་ཤིང་། འབྲིང་གི་ལམ་གྱིས་ངོ་བོ་གཞི་ཤེས་ཀྱི་རྣམ་པ་དང་། ཐེག་པ་གསུམ་གྱིས་ལམ་ཤེས་པའི་ལམ་གྱི་རྣམ་པ། ཆོས་ཐམས་ཅད་མཁྱེན་པས་རྣམ་མཁྱེན་གྱི་རྣམ་པ་སྟེ། སྐབས་དང་པོ་གསུམ་གྱི་བསྟན་དོན་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་བསྡུས་ཏེ། སྐབས་བཞི་པ་དང་ལྔ་པ་དྲུག་པ་བདུན་པ་རྣམས་ཀྱིས་བསྟན་དོན་རྣམས་ཚོགས་སྦྱོར་དང་རྩེ་སྦྱོར་དང་མཐར་གྱིས་སྦྱོར་བ་སྐད་ཅིག་སྦྱོར་གྱི་སེམས་པའི་རྣལ་འབྱོར་གྱི་སྦྱོར་བ་གཉིས་ལན་གྱིས་བསྐལ་པ་གསུམ་སོགས་ཡུན་རིང་དུ་གོམས་པ་ལས། སྐབས་བརྒྱད་པའི་བསྟན་དོན་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ། སྲིད་པ་ཐ་མའི་མཚན་དཔེ་རྗེས་མཐུན་གྱི་ལུས་ཀྱི་རྒྱུན་ཇེ་བཟང་ལ་སོང་སྟེ། འོག་མིན་དུ་མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་སྐུ་བྱེ་བ་དུ་མ་ཅིག་ཅར་སྟོན་པའི་ངེས་པ་ལྔ་ལྡན་གྱི་ཆོས་ཀྱི་སྐུར་སངས་རྒྱས་ནས་ནམ་མཁའ་ཇི་སྲིད་བར་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་རེ་བ་སྐོང་ཞིང་བཞུགས་སོ།།

སྨྲས་པ།

རང་རྒྱུད་སྨྲ་བའི་ཤེར་ཕྱིན་མངོན་རྟོགས་བརྒྱད། །མཁྱེན་གསུམ་རྣམ་པ་སྦྱོར་བཞིའི་རྣལ་འབྱོར་གྱིས། །

སྒོམ་པས་གཞི་ལམ་ཆོས་སྐུ་གསལ་བ་འདི། །ཤེས་ལྡན་བློ་གྲོས་པདྨོའི་གཉེན་ཅིག་མཛད། །

 

གཉིས་པ། ཐལ་འགྱུར་བའི་གཞི་ལམ་འབྲས་གསུམ་ནི། གཞི་ལམ་འབྲས་གསུམ་མཐར་ཐུག་ཐོབ་པ་དབུ་མ་ཐལ་འགྱུར་བའི་ལྟ་བ་ལ་ངེས་པར་ལྟོས་དགོས་ཏེ། དོན་སྨྲ་བ་གཉིས་ཀྱིས་འདོད་པའི་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོངས་པའི་ལྟ་བ་དང་། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོངས་པ། རྣམ་རིག་པའི་གཉིས་སྟོང་གི་ལྟ་བ། རང་རྒྱུད་པའི་བདེན་པར་མེད་ཀྱང་རང་བཞིན་གྱིས་ལྟ་བ་རྣམས་དགག་བྱ་རང་བཞིན་གྱིས་གྲུབ་པར་འཛིན་པ་དང་འབྲལ་བས་ལྟ་བ་མཐར་ཐུག་མིན་ཏེ། འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་སོགས་དང་། ཇོ་བོ་རྗེ་སོགས་ཀྱང་དེ་བཞིན་དུ་གསུང་ངོ༌། །དེས་ན་རིགས་ཚོགས་སོགས་གཞུང་རེ་རེས་ཀྱང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་བ་རེ་སྟོན་ཅིང་། འདིར་དབུ་མ་འཇུག་པ་ལས་གསུངས་པ་བཞིན་བརྗོད་ན། དེ་ཡང། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་སོགས་ལུས་དང་ཡན་ལག་གི་དོན་ཕྱོགས་གཅིག་ཏུ་བརྗོད་པ་ནི་ཉན་རང་གི་རིགས་ཅན་རྣམས་ཀྱིས་ཐོག་མར་ཐུབ་པའི་དབང་པོ་ལས་རྟེན་འབྲེལ་ཟབ་མོའི་གདམས་ངག་རྣམས་ཐོས་པར་བྱས་ཏེ་ཉན་ཐོས་ཀྱི་རིགས་ཅན་ཕལ་ཆེར་སངས་རྒྱས་བྱོན་པའི་དུས་ཚེ་གསུམ་ཙམ་གྱི་ཡུན་ལ་གཞི་ལམ་འབྲས་གསུམ་མངོན་དུ་བྱེད། རང་སངས་རྒྱས་འབྲིང་པོ་རྣམས་མུན་བསྐལ་ཏེ་རང་རྒྱལ་གྱི་བསྐལ་པ་ལ་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མི་ལྟོས་པར་སྟོང་ཉིད་ཕྲ་མོ་རྟོགས་པའི་ལམ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང་ཟུང་འབྲེལ་དུ་བསྐལ་པ་བརྒྱའི་ཡུན་སོགས་བསྒོམས་པ་ལས། འབྲས་བུ་རང་རྒྱལ་གྱི་ལྷག་བཅས་ལྷག་མེད་མངོན་དུ་བྱེད། དེ་ཡང་རང་རྒྱལ་རྣམས་ཀྱི་སྟོད་ནས་མེ་འབར་བ་སྨད་ནས་ཆུ་འཁྲུག་པ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་སྒྲ་མེད་རྣམ་འགྱུར་གྱི་སྒོ་ནས་སྐལ་བ་དང་འཚམ་པར་ཆོས་སྟོན་པ་སོགས་སེམས་ཅན་གྱི་དོན་དཔག་མེད་མཛད། སྟོན་པ་སངས་རྒྱས་རང་ཉིད་རང་དང་རྒྱུད་གཅིག་པའི་བྱང་སེམས་དེས་ཐོག་མར་སྐྱེས་བུ་ཆུང་འབྲིང་གི་ལམ་རྣམས་ལ་སྔོན་དུ་སྦྱངས་ནས། མར་ཤེས་ནས་སེམས་ཅན་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོའི་སེམས་དང་། དགག་བྱ་བདེན་སྣང་དང་གཉིས་སུ་མེད་པའི་བྱ་བ་དང་བྱང་ཆུབ་ཀྱི་སེམས་ཏེ། སོ་སོ་སྐྱེ་བོའི་ཆོས་གསུམ་ཡུན་རིང་དུ་གོམས་པ་ལས་ཚོགས་སྦྱོར་གཉིས་རིམ་བཞིན་དུ་བགྲོད་ནས། སློབ་པ་འཕགས་པའི་དོན་དམ་པའི་ས་རབ་ཏུ་དགའ་བ་སོགས་ས་བཅུ་སོ་སོས་རང་རང་གི་ངོས་སྐལ་གྱི་སྤང་བྱ་རྣམས་སྤངས་ཤིང་ཡོན་ཏན་གྱི་རིགས་རྣམས་རྫོགས་པར་བྱས་ཏེ། གཟུགས་ཁམས་ལས་འདས་པའི་འོག་མིན་དུ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་སྐུ་མངོན་དུ་བྱེད་དོ།།

སྨྲས་པ།

འཁོར་འདས་རང་བཞིན་རྡུལ་ཙམ་མི་དམིགས་ཀྱང་། །ཀུན་རྫོབ་ས་བཅུ་ལམ་ལྔའི་བགྲོད་པ་ཡི། །

གཞི་ལམ་འབྲས་གསུམ་མ་འདྲེས་གསལ་བ་འདི། །ཤེས་ལྡན་བྱང་ཆུབ་བགྲོད་པའི་གསུང་ལམ་མཛོད། །

 

གཉིས་པ་འབྲས་བུ་རྡོ་རྗེ་ཐེག་པ་ནི། དེ་ཡང་མདོ་སྔགས་གཉིས་པའི་སྐབས་སུ་བྱང་ཆུབ་ཀྱི་སེམས་བསྒོམས་པ་སོགས་བྱས་པས་སྒོ་གསུམ་གྱི་དྲི་མ་སྦྱོང་བ་སོགས་ཡོད་ཀྱང་། སྦྱང་གཞི་གཞི་དུས་ཀྱི་སྒོ་གསུམ་སྤྱོད་བྱེད་ལམ་གྱི་སྐུ་གསུམ་གྱིས་སྦྱངས་ནས། འབྲས་བུ་སྐུ་གསུམ་འགྲུབ་པ་ནི་རྡོ་རྗེ་ཐེག་པ་ཁོ་ནའི་ཁྱད་ཆོས། སྦྱོང་གཞི་སྦྱོང་བྱེད་ཀྱི་ལམ་བགྲོད་ཚུལ་དེ་ལྟར་རྒྱུད་སྡེ་འོག་མ་གསུམ་གྱིའང་ལམ་གྱི་གཙོ་བོ་ཡིན། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་ལུས་ལ་གནད་དུ་བསྣུན་པ་སོགས་གྱི་སྦྱོང་བྱེད་ལམ་གྱི་སྐུ་གསུམ་གྱིས་སྦྱངས་པས་འབྲས་བུ་སྐུ་གསུམ་འགྲུབ་པ་ནི་རྣལ་འབྱོར་བླ་མེད་ཁོ་ནའི་ཁྱད་ཆོས་སོ། །བྱ་སྤྱོད་གཉིས་ལམ་གྱི་འགྲོས་ཕལ་ཆེར་མཚུངས་ཤིང་ཐུན་མོང་བའི་དབང་ལས། ཐུན་མོང་མིན་འི་དབང་གི་ཐ་སྙད་མེད་ཅིང་། དེའི་ཕྱིར་སྡོམ་པའང་ཐུན་མོང་བ་བྱང་སྡོམ་ལས་རིགས་ལྔའི་སྡོམ་གཟུང་མེད། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་གཙོ་བོ་མཚན་བཅས་དང་མཚན་མེད་གཉིས་སུ་ངེས་ཤིང་། རིམ་གཉིས་བླ་མེད་ཁོ་ནའོ།།

བྱ་སྤྱོད་གཉིས་ལམ་གྱི་འགྲོས་ཕལ་ཆེར་མཚུངས་ཤིང་། བྱ་རྒྱུད་ཀྱི་རྣལ་འབྱོར་པ་དེས། ཕྱིའི་གཙང་སྦྲ་གཙོ་བོར་བྱས་དམ་སྡོམ་ལ་གནས་བཞིན་པས་མཚན་བཅས་ཀྱི་རྣལ་འབྱོར། བཟླས་བརྗོད་ཡན་ལག་བཞིའི་རྣལ་འབྱོར་དང༌། སྒྲ་གནས་དང་། མེ་གནས་ཀྱི་བསམ་གཏན། མཚན་མེད་ཀྱི་ལམ་སྟོང་ཉིད་ལ་གཙོ་བོར་དམིགས་པའི་སྒྲ་མཐར་ཐར་པ་སྦྱོར་བའི་རྣལ་འབྱོར། བསྐལ་པ་དུ་མར་ཚེའི་རིག་འཛིན་བསྒྲུབས་ཏེ་ས་བཅུ་ལམ་ལྔ་རིམ་བཞིན་བགྲོད་དེ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད་དོ།།

སྤྱོད་རྒྱུད་ནི་ཕྱི་ནང་ཆ་མཉམ་པར་མཚན་བཅས་ཀྱིས་བསྡུས་པའི་ཕྱིའི་བཟླས་བརྗོད་བཞི་དང་། ནང་གི་བཟློས་བརྗོད་བཞི། སྟོང་ཉིད་གཙོ་བོར་སྒོམ་པའི་མཚན་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་ས་ལམ་རིམ་གྱིས་བགྲོད་ནས་ལོངས་སྐུ་རྣམ་པར་སྣང་མཛད་ཀྱི་ངོ་བོར་སངས་རྒྱའོ།།

རྣལ་འབྱོར་རྒྱུད་ནི། སྦྱང་གཞི་གཞི་དུས་ཀྱི་དམ་རྒྱ། ཆོས་རྒྱ། ལས་རྒྱ། ཕྱག་ཆེན་ཏེ་ཕྱག་རྒྱ་བཞི། སྦྱོང་བྱེད་ལམ་གྱི་ཕྱག་རྒྱ་བཞི་སྦྱངས་ནས། སྦྱངས་འབྲས་སྐུ་གསུམ་འཕྲིན་ལས་དང་བཅས་པའི་ཕྱག་རྒྱ་བཞི་དང་། མངོན་བྱང་ལྔའི་སྒོ་ནས་སློབ་པའི་མཚན་དཔེ་རྗེས་མཐུན་པ། མི་སློབ་པའི་སྐུ་དངོས་སུ་གྱུར་ནས། ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད་དོ།།

རྣལ་འབྱོར་བླ་མེད་ནི། དེ་ཡང་། ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་ནས་བཤད་པའི་ས་བཅུ་སྲིད་པ་ཐ་མའི་མཚན་དཔེ་རྗེས་མཐུན་གྱི་ཡིད་ལུས་དེ་ཤེས་སྒྲིབ་ཀྱི་བག་ཆགས་དང་འབྲེལ་བའི་ལུས་ཡིན། སྲིད་པ་ཐ་མའི་བྱང་སེམས་དེ་སྔགས་ཀྱི་མཐོང་ལམ་ལ་འཇུག་པའི་ཚེ། དེ་འདྲའི་བྱང་སེམས་ཀྱི་ལུས་དེ་དབང་གསུམ་པ་དངོས་དབང་དུ་བསྐུར་བ་ན་རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་དབྱིངས་སུ་ལྷག་མེད་དུ་དག་སྟེ་འོད་གསལ་དེའི་ངང་ནས་ཟག་མེད་ཀྱི་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་དག་པའི་སྒྱུ་མའི་སྐུར་ལྡང་ངོ་། །དེ་ཡང་ལམ་ཐུན་མོང་བས་རྒྱུད་སྦྱངས། དབང་གིས་སྣོད་རུང་དུ་བྱས་པའི་གང་ཟག་དེ་དམ་སྡོམ་ལག་ནས་བཞིན་པའི་ངང་ནས་ཟབ་ལམ་རིམ་པ་ལྔ། སྤྲོས་བཅས་སྤྲོས་མེད་་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཅི་རིགས་ཉམས་སུ་བླངས་ནས། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་དོ།།

སྨྲས་པ།

ཀུན་གྱི་ཡང་རྩེ་རྡོ་རྗེ་ཐེག་པའི་ལམ། །མཚན་བཅས་མཚན་མེད་རྣམ་གཉིས་རྣལ་འབྱོར་གྱི། །

གཞི་ལམ་འབྲས་བུ་ཟུང་འཇུག་གསལ་བ་འདི། །ཤེས་ལྡན་རིག་འཛིན་རྣམས་ཀྱི་དགའ་སྟོན་མཛོད། །

 

ཞར་བྱུང་བོད་དུ་བསྟན་པའི་ཆོས་འབྱུང་མདོ་ཙམ་ནི། སྟོན་པ་ཤཱཀྱའི་རྒྱལ་པོ་དེ་ཉིད་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་ཏེ་འཁོར་ལོ་རིམ་པ་གསུམ་ལ་སོགས་ཆོས་ཀྱི་འཁོར་ལོ་མཐའ་ཡས་མུ་མེད་པ་ཞིག་བསྐོར་ཏེ་གདུལ་བྱ་བགྲང་ལས་འདས་པ་ཞིག་སྨིན་ཅིང་གྲོལ་བར་མཛད་དོ། །དེ་ནས་མྱ་ངན་ལས་འདའ་ཚུལ་བསྟན་ནས་ལོ་བཞི་བརྒྱ་ཙམ་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད། བཀའ་གདམས་གླེགས་བམ་ལས་ལུང་བསྟན་པ་ལྟར་རགས་རྩིས་ལ་ཀླུ་སྒྲུབ་དང་དུས་མཚུངས་བོད་དུ་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་བྱོན། དེ་ནས་རྒྱལ་རབས་དུ་མ་འདས་ནས་འཕགས་ཡུལ་དུ་ཐོགས་མེད་སྐུ་མཆེད་དང་དུས་མཚུངས་ཙམ་ལ་བོད་དུ་ལྷ་ཐོ་ཐོ་རི་བྱོན། ནམ་མཁའ་ནས་མདོ་སྡེ་ཟ་མ་ཏོག་སོགས་བབས་ཏེ་བོད་དུ་སངས་རྒྱས་ཀྱི་བསྟན་པའི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་དཔལ་ཆོས་ཀྱི་གྲགས་པ་སོགས་དང་དུས་མཚུངས་བོད་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན་ཏེ་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར་བ་སོགས་མཛད་དེ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད།

དེ་ནས་རྒྱལ་རབས་ལྔ་ནས་སློབ་དཔོན་པདྨ་སམྦྷ་ཝ་དང་། མཁན་ཆེན་བོདྷི་ས་ཏྭ་སོགས་དང་དུས་མཚུངས་བོད་དུ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་བྱོན། རྒྱ་གར་ནས་སློབ་དཔོན་སྤྱན་དྲངས་ཏེ། སད་མི་བདུན་རབ་ཏུ་བྱུང་བ་སོགས་མཛད་དེ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པ་ལ་སྔ་དར་ཞེས་གྲགས། དེ་ནས་རྒྱལ་རབས་གསུམ་ཙམ་ནས་བདུད་ཀྱི་སྤྲུལ་པ་རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང་། ཞེས་ལུང་བསྟན་པ་ལྟར་རྒྱལ་པོ་གླང་དར་བྱོན་ནས་བསྟན་པ་ཕལ་ཆེར་བསྣུབས། རྣམ་པ་གཅིག་ཏུ་བསྟན་པ་ལ་གད་བདར་བྱས་ཞེས་གསུང་། དེ་ནས་མི་རབས་ལྔ་ནས་བསྟན་པའི་མེ་རོ་ལྡང་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་ཇོ་བོ་རྗེ་ལྷ་གཅིག་བྱོན་ཏེ་བསྟན་པ་ཆེས་ཆེར་དར་བར་མཛད་པ་ལ་ཕྱི་དར་ཞེས་གྲགས། དེ་ནས་རྗེ་བདག་ཉིད་ཆེན་པོ་སངས་རྒྱས་འདས་ནས་ལོ་ཉིས་སྟོང་དགུ་བཅུ་རྩ་བརྒྱད་དང་། ཇོ་བོ་རྗེ་གཤེགས་ནས། རྗེ་རང་ཉིད་ཀྱིས། ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ། །ཞེས་གསུངས་པ་ལྟར། ཕུལ་བྱུང་སྟེ་ཨ་ཏི་ཤ་གཤེགས་ནས་ལོ་སུམ་བརྒྱ་དང་བཅུ་ནས་བྱོན་ཏེ། འཛམ་བུ་གླིང་གི་སའི་ཁྱོན་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པས་ཁྱབ་པར་མཛད་པ་ནི་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་ལྟར་རོ།།

དྲག་པོ་འཁོར་ལོ་ཅན་ཇི་ལྟར་བྱོན་ཚུལ་ནི། ད་ལོ་ས་མོ་ལུག་ནས་ཞིབ་རྩིས་ལ། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །ཞེས་འབྱུང་བ་ལྟར། རིགས་ལྡན་སྟོབས་པོ་ཆེ་དང་། མ་འགགས་པ་དང་། མི་ཡི་སེང་གེ་དང་། དབང་ཕྱུག་ཆེན་པོ་དང་། རིགས་ལྡན་མཐའ་ཡས་རྣམ་རྒྱལ་ཏེ། དེའི་སྲས་དྲག་པོ་འཁོར་ལོ་འབྱུང་བ་ལ། ད་ལྟ་རིགས་ལྡན་གནམ་གནོན་གྱི་སྐུའི་མཇུག་ཙམ། དེ་ནས་རིགས་ལྡན་སྟོབས་པོ་ཆེ་སོགས་ལྔ་བྱོན་ཏེ་དགུང་ལོ་བརྒྱ་རེ་བཞུགས། དེ་ནས་ལོ་ལྔ་བརྒྱ་ལྷག་ཙམ་སོང་ནས་དེ་རྗེས་དྲག་པོ་འཁོར་ལོ་བྱོན་ཏེ། ཆུ་བོ་སི་ཏའི་ལྷོ་ཕྱོགས་མ་གའི་ཡུལ་དུ། ཀླ་ཀློའི་རྒྱུད་ལྷག་མེད་དུ་བཅོམས་ནས་གླིང་བཞི་གླིང་ཕྲན་བརྒྱད་དེ་ས་ཆེན་དུམ་བུ་བཅུ་གཉིས་ལ་སངས་རྒྱས་ཀྱི་བསྟན་པ་རྫོགས་ལྡན་བཞིན་ཆེས་ཆེར་དར་བར་མཛད་དོ།།

སྨྲས་པ།

ཕྲ་ལ་རྟོགས་དཀའ་རྒྱན་དྲུག་ཟུང་གཉིས་ཀྱི། །གཞུང་མཆོག་ལྔ་ཡི་གཞི་ལམ་འབྲས་བུའི་གཟུགས། །བླ་མའི་མན་ངག་ཚོན་གྱི་རི་མོ་ཡིས། །མ་འདྲེས་སོ་སོར་བཀྲ་བ་རྨ་བྱའི་མདོངས། །གྲུབ་མཐའ་བཞི་ཡི་སོ་སོའི་སློབ་དཔོན་གྱི། །བཞེད་སྲོལ་དབུ་ཕར་ཚད་མ་འདུལ་མཛོད་དང་། །རྒྱུུད་སྡེ་བཞི་ཡི་ལམ་གྱི་བགྲོད་ཚུལ་རྣམས། །མདོར་བསྡུས་གླེགས་བམ་ཞལ་བྱང་ཇི་བཞིན་བཀོད། །འདིས་མཚོན་དགེ་བས་སྐྱེ་དང༌སྐྱེ་ཕྲེང་ཀུན། །དལ་འབྱོར་རྟེན་ཐོབ་དམ་པའི་མགོན་གྱིས་བཟུང་། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལ་བརྟེན་ནས། །སྐུ་གསུམ་ནོར་བུའི་གླིང་དུ་ཕྱིན་གྱུར་ཅིག །

ཅེས་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་། གྲུབ་མཐའ་བཞི་སོ་སོའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསལ་བ་ཉི་མའི་སྙིང་པོ་ཞེས་བྱ་བ་ནི། རྒྱ་བོད་ཀྱི་གསུང་རབ་ཚད་ལྡན་རྣམས་ལ་འབད་པ་དུ་མའི་སྒོ་ནས་ལན་མང་དུ་བརྟགས་པ་ལ་གཞི་བཟུང༌། ཁྱད་པར་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགེ་འདུན་འདུས་པ་རྒྱ་མཚོར་པོ་ཏི་ལྔ་ལ་ཉིན་བདུན་གྱི་བར་གསུང་བཤད་ཞིབ་ལ་ཟབ་ཅིང་རྒྱ་ཆེ་བ་གནང་བ་རྣམས་བློ་ལ་ཐོར་བུ་ངེས་པ་རྣམས་ཀྱིས་བརྒྱན་ཏེ། སྔོན་པཎ་ཆེན་ཤཱཀྱ་ཤྲཱི་དང༌། བུ་སྟོན་རིན་པོ་ཆེ། ཐར་ལོ་ཉི་མ་རྒྱལ་མཚན་སོགས་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་སའི་ཆ་ཤར་པ་བྱང་ཆུབ་གླིང་ངམ། མིང་གཞན་དགའ་ལྡན་ལེགས་བཤད་ཆོས་གླིང་དུ་ས་རི་དྷ་ར་མ་ཏི་ཤྲཱི་ལའི་མིང་ཅན་གྱིས་དང་བ་ཆེན་པོས་བྲིས་པ་འདིས་ཀྱང་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།  །།

 

འབྱུང་ཁུངས། [1] འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། ༼ཀ༽ ཤིང་དཔར་དཔེ་རིང་། (ཇ) ཤོག་གྲངས་ ༡ན༡ ནས་ ༡༧བ༦

Leave a Reply

Your email address will not be published. Required fields are marked *