ཙ༽ ཐོགས་མེད་ཀྱིས་ཤིང་རྟའི་སྲོལ་ཕྱེ་ཚུལ།

ཙ༽ ཐོགས་མེད་ཀྱིས་ཤིང་རྟའི་སྲོལ་ཕྱེ་ཚུལ།

 

དེ་ཡང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་ངེས་འཇུག་ངོགས་ཀྱི་མཆོད་བརྗོད་ལས[1]།

དགའ་ལྡན་ཞིང་གི་མེ་ཏོག་མ་རྙིངས་པ། །རང་གི་གཙུག་ཏོར་རྩེ་ལ་མངོན་དྲངས་པས། །

སྔོན་མེད་ལེགས་བཤད་གཏམ་གྱི་མཆོད་སྦྱིན་མཁན། །རྣམ་རིག་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་མཆོད། །

ཅེས་དང་། དེ་བཞིན་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་འཕགས་པ་ཐོགས་མེད་ཀྱི་རྟོགས་པ་བརྗོད་པ་ངེས་དོན་ཟླ་ཟེར་དཀར་པོའི་ཕྲེང་བས་སྙིང་གི་གདུང་བ་འཕྲོག་བྱེད་ལས[2]།

མི་ཕམ་ཞལ་གྱི་བདུད་རྩི་གསོལ་བ་ལས། །དབུ་སེམས་ཤིང་རྟའི་སྲོལ་ཆེན་གཉིས་གཟིགས་ནས། །

ཐེག་ཆེན་ཆོས་ཀྱི་ངེས་དོན་གསལ་མཛད་པ། །བརྩེ་ཆེན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །

མཚན་ཉིད་གསུམ་དང་བདེན་པ་རྣམ་གཉིས་དང༌། །བདག་མེད་གཉིས་དང་ཀུན་གཞིའི་ཆོས་ལུགས་ཀྱིས། །

ཐེག་ཆེན་གསུང་རབ་མ་ལུས་གསལ་མཛད་པའི། །ཤིང་རྟའི་སྲོལ་འབྱེད་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། འཕགས་པ་ཐོགས་མེད་ཀྱིས་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཚུལ་ལ། ཐོག་མར་ཤིང་རྟའི་སྲོལ་ཞེས་པ་ནི། སྔར་སྲོལ་བར་སྐབས་སུ་ཉམས་ཏེ་ཉག་ཕྲར་གྱུར་པ་སླར་ཡང་ངལ་བ་ཆེན་པོས་སོར་ཆུད་དེ་སྤེལ་མཁན་ཞིག་ལ་བྱ་སྟེ། སྟག་ཚང་རྫོང་པ་དཔལ་འབྱོར་རྒྱ་མཚོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[3]། དེ་རྟིང་སངས་རྒྱས་འདས་ནས་ལོ་སྟོང་ལ་ཉེ་བ་ན། འཕགས་པ་ཐོགས་མེད་ཀྱིས། ཆོས་འཁོར་ཐ་མ་གཏན་ལ་འབེབས་པ་མངོན་པའི་བསྟན་བཅོས་བརྩམས། བསྟན་པའི་བདག་པོ་མཛད་དེ། ལོ་སྟོང་ཉེ་བ་ན་རྒྱལ་པོའི་རིགས།

ཐོགས་མེད་སྐྱེས་བུ་དམ་པ་བྱོན། །

མི་ཕམ་མགོན་པོའི་བཀའ་བཞིན་དུ། །ཤིང་རྟ་ཆེན་པོའི་ཤུལ་ལམ་ཕྱེ། །

ཞེས་གསུངས་པ་ལྟར་ཤིང་རྟའི་སྲོལ་འབྱེད་ཅེས་པའི་སྒྲ་བཤད་ནི། སྔར་གྱི་རྒྱ་ལམ་ལྟ་བུའི་སྲོལ་དེ་ཉིད་བར་སྐབས་སུ་ཕལ་ཆེར་ནུབ་སྟེ་རྐང་ལམ་ལྟ་བུར་གྱུར་པ་ལ། སླར་ཡང་སོར་ཆུད་དེ་ཤིང་རྟ་འགྲོ་བསྐྱོད་བྱེད་ཆོག་པའི་ལམ་ཆེན་ལྟ་བུར་འགྱུར་བར་བྱེད་པ་པོ་ལྟ་བུ་ཞིག་གམ། ཡང་ན་ཤིང་རྟ་སོང་བའི་འཕང་ལོས་བཏོད་པའི་ལམ་ལྟ་བུ་འབྱེད་མཁན་ལ་ཤིང་རྟའི་སྲོལ་འབྱེད་ཅེས་བརྗོད་ཀྱང་རུང་བར་སེམས་ཏེ། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས[4]། ལམ་ཞེས་བྱ་བ་ནི་ལམ་པོ་ཆེའོ། །བགྲོད་པ་ཞེས་བྱ་བ་ནི་བགྲོད་པ་གཅིག་པའོ། །ལམ་སྲོལ་ཞེས་བྱ་བ་ནི་ཤིང་རྟ་འགྲོ་བའི་འཕང་ལོས་དྲངས་པའི་རྗེས་སོ། །དེ་དག་གིས་ནི་ལམ་པོ་ཆེ་ཉིད་དུ་བསྟན་ཏེ། དེ་ལྟར་ཡང་ལམ་འདིས་ཆུ་བོ་ལས་རྒལ་བར་གྱུར་ཅིང་། བརྒལ་བར་འགྱུར། རྒལ་བར་བྱེད་དོ། །ཞེས་གསུངས་པ་ལྟར་ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་སྒྲོན་མེ་རབ་གསལ་ལས་[5]ཀྱང་། ཤིང་རྟའི་སྲོལ་འབྱེད་ཅེས་པའི་སྒྲ་དོན་ཡོད་དེ། དཔེར་ན་འཇིག་རྟེན་ན་ལམ་དོག་པ་དང་མི་བདེ་བ་ལ་ཤིང་རྟ་འགྲོ་མི་ནུས་ཤིང༌། བགྲོད་ལམ་ཡངས་པ་ལ་ཤིང་རྟ་འགྲོ་ནུས་པ་ལྟར། སློབ་དཔོན་འདི་གཉིས་མ་བྱོན་གོང་དུ་རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་ཕྱོགས་རེ་ཙམ་རང་སྟོབས་ཀྱིས་འགྲེལ་བའི་སྲོལ་བྱུང་ཡང༌། སློབ་དཔོན་འདི་གཉིས་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རྒྱལ་བས་གསུངས་པ་ལྟར་ཚུལ་གཉིས་རང་སྟོབས་ཀྱིས་ལེགས་པར་ཕྱེ་བའི་སྲོལ་ཆེན་པོ་བཏོད་ཅིང་ཕྱེ་བས་ན་དེ་སྐད་དུ་བརྗོད་པའི་ཕྱིར། ཞེས་གསུངས་པ་ལྟར་རོ།།

ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་དང་གྲངས་ངེས་ནི། རྗེ་བཙུན་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་སྤྱི་དོན་སྒྲོན་མེ་རབ་གསལ་ལས[6]། ཤིང་རྟའི་སྲོལ་འབྱེད་ནི་འཛམ་གླིང་འདིར་མིའི་རྣམ་པར་བསྟན་ནས་མདོ་དོན་འགྲེལ་པ་པོ་ཞིག་ལ་འཇོག་དགོས་པའི་ཕྱིར། དེས་ན་རང་ལུགས་ལ་ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ལ་མགོན་པོ་ཀླུ་སྒྲུབ་དང༌། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ལ་འཕགས་པ་ཐོགས་མེད་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས[7]།

བདེར་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། །ལེགས་པར་ཕྱེ་བས་རྒྱལ་བའི་བསྟན་པ་མཆོག །

ས་གསུམ་འགྲོ་ན་ཉི་ལྟར་གསལ་མཛད་པ། །ཀླུ་སྒྲུབ་ཐོགས་མེད་ཞབས་ལ་སྤྱི་བོས་འདུད། །

ཅེས་བྱུང་བ་ལྟར་ཡིན་པའི་ཕྱིར། ཞེས་གསུངས་ལ། དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ལས[8]།

གདམས་ངག་མང་གསན་བྱམས་པའི་ཆོས་སྡེ་ལྔ། །སྐྱེས་སུ་བསྣམས་ནས་འཕགས་པའི་ཡུལ་དུ་འོངས། །

རྒྱལ་བའི་ཞལ་ཀླུང་གསེར་གྱི་བཀའ་ཡིག་ལྟར། །ཤིང་རྟའི་སྲོལ་ཆེན་ཕྱེ་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ནི། རྫོང་དཀར་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོའི་བསྡུས་དོན་དྲང་ངེས་འཇུག་ངོགས་ལས[9]། རྒྱལ་བས་ལུང་བསྟན་པ་ལྟར་མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འགྲེལ་བ་ལ་གནོད་བྱེད་དང་གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་བསྟན་པའི་སྒོ་ནས་གསུང་རབ་ལ་ཤིང་རྟའི་ལམ་སྲོལ་ལྟ་བུའི་དྲང་ངེས་ཀྱི་དོན་ལེགས་པར་ཕྱེ་བའི་གང་ཟག་དེ། ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ཡིན་ཏེ། གཞུང་ལས[10]། གསུང་རབ་ཀྱི་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་ཀྱི་དགོངས་པ་བཀྲལ་ཅིང་། དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང་། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས་ལེགས་པར་གཏན་ལ་ཕབ། ཅེས་དང་། དབྱངས་ཅན་དགའ་བའི་བློ་གྲོས་ (1740-1740) ཀྱིས་མཛད་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུལ་རྒྱན་ལས[11]། དེ་ལྟར་གྲགས་ཀྱང་བརྒྱད་སྟོང་དོན་བསྡུས་ཀྱི་བརྗོད་བྱའི་གཙོ་བོ་སྟོང་ཉིད་བཅུ་དྲུག །རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་སྒྲུབ་པ་ལ་གདམས་པའི་མདོའི་འགྲེལ་ཚུལ་དང་། ནས། དབུས་མཐའ་དང་ཐེག་པ་ཆེན་པོ་བསྡུས་པ་ཇི་ལྟ་བ་བཞིན་དུ་སྣང་བས། བྱམས་ཆོས་ལས་ལོགས་སུ་སྲོལ་བཏོད་པ་མིན་ཞིང་། གཞུང་འགྲེལ་ནི་སྟོང་ཉིད་བཅུ་དྲུག་དང་སྐྱེ་འགག་ཀུན་བྱང་མེད་པའི་སྐབས་སུ་རྩ་ཤེའི་ལུང་དྲངས་ནས་ཀླུ་སྒྲུབ་ཞབས་ཀྱི་རིགས་པ་ཇི་ལྟ་བ་བཞིན་དུ་འཆད་འདོད་པར་འདུག་པས། ཀླུ་སྒྲུབ་ཀྱི་རིགས་ཚོགས་ལས་བཤད་སྲོལ་ཟུར་དུ་བྱེད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

ལུང་སྔ་མ་འདིའི་ཤེས་བྱེད་དུ་སྦྱར་བའི་དོན་དོགས་དཔྱོད་དུ་འཆད་ལ། ཕྱི་མ་ནི་དེ་ལ་མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་ཕྱེ་བ་ཞིག་དགོས་པའི་ཤེས་བྱེད་དུ་དྲངས་སོ། །ཤིང་རྟ་ཆེན་པོ་གཉིས་རྒྱལ་བས་ལུང་བསྟན་པའི་ཚུལ་ནི། ལང་གཤེགས་ལས[12]།

ལྷོ་ཕྱོགས་བཻ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །

དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །

ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །

རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །

ཞེས་མཐའ་གཉིས་འཇིག་པའི་དབུ་མའི་དྲང་ངེས་འབྱེད་པར་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་ལས[13]།

དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །

དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །

རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །

རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །

བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །

ཅེས་སྣ་ཚོགས་པའི་དོན་ཏེ་དྲང་དོན་དང་། དངོས་པོ་མེད་པའི་དོན་ཏེ་ངེས་དོན་གསལ་བར་བྱེད་པར་གསུངས་པས་ཀླུ་སྒྲུབ་དང་། དེ་ཉིད་ལས[14]།

ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །

མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །

ཅེས་རྣམ་རིག་པ་དང་མཐུན་པའི་དྲང་ངེས་གསལ་བར་འབྱེད་པར་གསུངས་པས་ཐོགས་མེད་ལུང་བསྟན་པ་ཡིན་ནོ། །

ཤིང་རྟའི་སྲོལ་འབྱེད་ལ་དབྱེ་ན། དབུ་མ་བ་དང་། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་གཉིས་ཏེ། དང་པོ་དང་རིགས་ཚོགས་མཛད་པ་པོའི་ཀླུ་སྒྲུབ་དོན་གཅིག །གཉིས་པ་དང་ས་སྡེ་མཛད་པ་པོའི་ཐོགས་མེད་དོན་གཅིག་གོ །དེ་ལྟར་དུ་གཞུང་ལས[15]། རྒྱུ་རྐྱེན་ལ་རག་ལས་པ་ཉིད་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་ཡིན་པ་ལ། རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་བཅིངས་གྲོལ་དང་བླང་དོར་དང་རྒྱུ་འབྲས་སོགས་མེད་པར་འགྱུར་རོ་ཞེས་སྨྲ་བ་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་པའི་སྒྲུབ་བྱེད་མཐར་ཐུག་པ་ལ་གནོད་བྱེད་མཐར་ཐུག་པར་འཛིན་པ་ཡིན་ནོ་ཞེས་འཆད་པ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་མདོ་དང་དེ་དང་རྗེས་སུ་མཐུན་པའི་གསུང་རབ་རྣམས་ཀྱི་དོན་གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་ངེས་དོན་དུ་སྒྲུབ་པའི་སྒྲུབ་བྱེད་ཀྱི་རིགས་པ་དང་། དེ་དག་དང་མི་མཐུན་པར་སྟོན་པའི་མདོ་རྣམས་ཀྱི་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་སྟོན་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ནོ། །ཞེས་དང་། མཁས་གྲུབ་རིན་པོ་ཆེའི་ (1385-1438) སྟོང་ཐུན་ལས[16]། དེ་བས་ན་འཕགས་པའི་གཞུང་འདི་དག་གིས་དགག་སྒྲུབ་ལ་སོགས་པའི་བྱ་བྱེད་ཐམས་ཅད་ཀུན་རྫོབ་མིང་དུ་བཏགས་པ་ཙམ་ལ་འཇོག་གི །རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བཞག་ཏུ་མི་རུང་བ་དང་། ཆོས་གང་ལ་ཡང་རང་བཞིན་ཅུང་ཟད་ཀྱང་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་དམ་པའི་བདེན་པ་གཉིས་རྒྱས་པར་གཏན་ལ་ཕབ་ཅིང་། ཚུལ་དེ་ལྟར་རྟོགས་པ་ནི་སངས་རྒྱས་ཐོབ་པ་ལྟ་ཅི་སྨོས། འཁོར་བ་ལས་གྲོལ་བ་ལ་ཡང་མེད་དུ་མི་རུང་ངོ་། །ཞེས་ལུང་དང་རིགས་པ་མཐའ་ཡས་པའི་སྒོ་ནས་བསྟན་པས། བདག་ཉིད་ཆེན་པོ་འདིས་སྐལ་བ་དང་ལྡན་པ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་རྒྱལ་བའི་དགོངས་པ་བཞིན་དུ་གསལ་བར་མཛད་པའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བ་ཡིན་ནོ། །ཞེས་ཀླུ་སྒྲུབ་དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་དུ་གསུངས་ཤིང་། དྲང་ངེས་ལེགས་བཤད་སྙིང་པོ་ལས[17]། བདག་ཉིད་ཆེན་པོ་ཐོགས་མེད་ཀྱིས་རྣམ་པར་རིག་པ་ཙམ་གྱི་ཚུལ་གྱི་ཤིང་རྟ་ཆེན་པོའི་སྲོལ་ཕྱེ། ཞེས་ཐོགས་མེད་རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་དུ་གསུངས་སོ།།

དེ་ལྟར་ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཞུང་ལས[18]། བདེར་གཤེགས་གསུང་རབ་ཚུལ་གཉིས་ཤིང་རྟའི་སྲོལ། ། ནས། ཀླུ་སྒྲུབ་ཐོགས་མེད་ཅེས་དང་། ཤིང་རྟ་ཆེན་པོའི་སྲོལ་གཉིས་ལེགས་བཟུང་ནས། །ཞེས་དང་། གསུང་རབ་ཀྱི་དྲང་ངེས་ཕྱེ་ནས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཤིང་རྟའི་སྲོལ་གཉིས། ཞེས་དང་།

སྨྲ་བའི་ཁྱུ་མཆོག་ཀླུ་སྒྲུབ་ཐོགས་མེད་ཀྱིས། །ཇི་བཞིན་བཀྲལ་བའི་ཚུལ་གཉིས་ཤིང་རྟའི་སྲོལ། །

ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ངོ་བོ་ཉིད་མེད་པའི་ཚུལ་དང་། བདག་ཉིད་ཆེན་པོ་ཐོགས་མེད་ཀྱིས་རྣམ་པར་རིག་པ་ཙམ་གྱི་ཚུལ་གྱི་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཕྱེ། ཞེས་དང་། ལམ་རིམ་ཆེན་མོར[19]།

ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །

ཞེས་དང་། ལམ་རིམ་ཆེ་ཆུང་གཉིས་ཀའི་ཐོག་མཐའ་གཉིས་ཀར། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀའི་ལམ་སྲོལ། ཞེས་སོགས་རྗེའི་ལེགས་བཤད་མང་པོ་དང་། སྟོང་ཐུན་ལས[20]། གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚུལ་ལ་ཐེག་པ་ཆེན་པོའི་ཤིང་རྟའི་སྲོལ་ནི་གཉིས་ཏེ། ཞེས་དང་། རྒྱུད་བླ་དར་ཊཱིཀ་དང་། ཕར་ཕྱིན་རྣམ་བཤད་སོགས་སྲས་ཀྱི་ཐུ་བོ་རྣམས་ཀྱི་གསུང་ལས་ཀྱང་ཤིང་རྟ་ཆེན་པོ་གཉིས་སུ་གསུངས་པའི་ཕྱིར་རོ།།

མིའི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་རྒྱ་ཆེ་བའི་རྣམ་གཞག་གི་ཤིང་རྟའི་ལམ་སྲོལ་ལྟ་བུའི་སྲོལ་ཆེན་པོ་ཕྱེ་བའི་གང་ཟག་དེ། རྒྱ་ཆེ་བའི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད། དེ་དང་རྒྱན་རྩོམ་པ་པོ་དོན་གཅིག །དེས་ཟབ་མོའི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་དང་རྣམ་གྲངས་ཀྱང་ཤེས་ནུས་སོ། །དེ་སྐད་དུ་གསེར་ཕྲེང་ལས། དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང་། ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེ་བའི་རིམ་པ་རྣམས་རྒྱན་གྱིས་བཀྲལ་བས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱི་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ་། །ཞེས་བྱ་བར་ཡང་གནས་སོ། །ཞེས་གསུངས་སོ།།

རྣམ་རིག་ཙམ་གྱི་གཞི་ལམ་འབྲས་གསུམ་གྱི་ཤིང་རྟའི་ལམ་སྲོལ་ལྟ་བུའི་སྲོལ་ཆེན་པོ་གསར་དུ་ཕྱེ་བའི་ཆ་ནས་བཞག་པའི་གང་ཟག་དེ། རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད། དེས་ཐལ་འགྱུར་པ་དང་རང་རྒྱུད་པ་སྤྱི་བྱེ་བྲག་གི་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་ཀྱང་རིགས་བསྒྲེའོ། །ཐལ་འགྱུར་པའི་ཤིང་རྟའི་སྲོལ་འབྱེད་ལ་ཟླ་བ་གྲགས་པ་འཇོག་དགོས་ཏེ། གཞུང་ལས[21]། རང་སྡེའི་གཞུང་འགྱུར་བ་རྣམས་ལས་ཐལ་རང་གང་འདོད་བརྟགས་ནས་རང་རྒྱུད་མི་འཐད་ཐལ་འགྱུར་འཐད་ཅེས་པ་ནི་ཟླ་བའི་གཞུང་རྗེས་འབྲང་དང་བཅས་པ་མིན་པ་ནས་དངོས་སུ་མ་བྱུང་ངོ་། །ཞེས་དང་། བྱུང་ཚུལ་ནི། སངས་རྒྱས་བསྐྱངས་ཀྱིས[22]།

བདག་ལས་མ་ཡིན་གཞན་ལས་མིན། །

ཞེས་སོགས་ཀྱི་ཚིགས་བཅད་ཀྱི་དོན་བཀྲལ་བ་ལ་ལེགས་ལྡན་གྱིས་སྐྱོན་བཟུང་བ་མི་འཇུག་པར་སྟོན་པའི་སྐབས་སུ་ཚིག་གསལ་ལས་སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང་། དབུ་མ་བས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང་། ལྡོག་ཕྱོགས་ལ་གནོད་བྱེད་མང་དུ་བསྟན་ནས་ཤིང་རྟའི་སྲོལ་ཕྱེ་ལ། ཞེས་གསུངས་པའི་ཕྱིར་རོ།།

ལེགས་ལྡན་གྱིས་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེ་བ་ནི། སྟོང་ཐུན་ལས[23]། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་པ་མཛད་ནས། སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་དུ་བཀྲལ་བ་ལ་དགག་པ་མང་དུ་མཛད་དེ། རང་རྒྱུད་ཀྱི་སྲོལ་ཐོག་མར་ཕྱེ་བ་ཡིན་ལ། ཞེས་གསུངས་ཏེ། ཐལ་བཟློག་གི་དགག་གཞག་བྱེད་ལུགས་ཀྱིས་ཀྱང་ཤེས་ནུས་སོ། །སློབ་དཔོན་འདི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཀྱང་ཡིན་ཏེ། གཞུང་ལས[24]། དགོངས་འགྲེལ་ལས་མཚན་ཉིད་གསུམ་གསུངས་པའི་དོན་རྣལ་འབྱོར་སྤྱོད་པ་བ་དག་གིས་ཇི་ལྟར་བཀྲལ་བ་མདོའི་དོན་མིན་པར་དབུ་མའི་དོན་དུ་འགྲེལ་བའི་ལམ་སྲོལ་འདི་ནི་ལེགས་ལྡན་འབྱེད་ཀྱིས་ཕྱེ་བ་ཞིབ་ཏུ་ནི་དབུ་མ་སྣང་བ་ལས་བཤད། ཅེས་གསུངས་པའི་ཕྱིར།

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཞི་བ་འཚོ་ཡིན་པ་ནི། གཞུང་ལས། གཞུང་རྒྱས་པར་བརྩམས་ནས་ཐ་སྙད་དུ་ཕྱི་རོལ་མེད་པའི་ཚུལ་གྱི་དབུ་མའི་གྲུབ་མཐའ་ནི་སློབ་དཔོན་ཞི་བ་འཚོས་སྲོལ་ཕྱེ་བར་སློབ་དཔོན་ཡེ་ཤེས་སྡེས་བཞེད་པ་ལྟར་ལེགས་སོ། །ཞེས་དང་། སྟོང་ཐུན་ལས[25]། སློབ་དཔོན་ཞི་བ་འཚོས་ཐ་སྙད་དུ་ཕྱི་དོན་མེད་ཅིང་རང་རིག་ཡོད་པ་དང་ཤེས་པ་བདེན་པར་མ་གྲུབ་པའི་དབུ་མའི་ལུགས་ཀྱི་སྲོལ་ཐོག་མར་ཕྱེ་ནས་དབུ་མ་རྒྱན་མཛད། ཅེས་བྱུང་བ་ལྟར། དབུ་མའི་རྒྱན་གྱུར་འཕགས་པ་ཀླུ་སྒྲུབ་དང་། མངོན་པའི་རྒྱན་གྱུར་སློབ་དཔོན་ཐོགས་མེད་རྣམ་པ་གཉིས་ནི་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་དུ་ཡོངས་སུ་གྲགས་པ་ལྟར་བཀའ་དྲིན་ཤིན་ཏུ་ཆེ་བས། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་སྙིང་པོ་ལས[26]།

རེས་འགའ་རྒྱལ་ལ་དད་པའི་དགའ་བ་རྒྱས། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །

གཞན་ཚེ་མཁས་པའི་བཤེས་ལ་གུས་པ་དང་། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང་། །

བསྟན་པ་རིན་ཆེན་རིང་དུ་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་ཞིང་འཕེལ་བར་འགྱུར། །

ཞེས་གསུངས་ལ། དེ་བཞིན་མཁས་པའི་བཤེས་ལ་གུས་དགོས་པའི་རྒྱུ་མཚན་ནི། རྗེ་བདག་ཉིད་ཆེན་པོའི་ (1357-1419) གསུང་ལེགས་བཤད་སྙིང་པོ་ལས་[27]ཀྱང་།

ཤིང་རྟ་ཆེན་པོའི་སྲོལ་ནི་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །

འཕགས་པ་ལྷ་དང་དཔའ་བོ་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་ཞབས། །

 

དབྱིག་གཉེན་ཞབས་དང་བློ་བརྟན་ཕྱོགས་གླང་དང་། །ཆོས་ཀྱི་གྲགས་པའི་ཞབས་སོགས་འཛམ་གླིང་རྒྱན། །

ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །མཁས་པའི་དབང་པོ་རྣམས་ལ་གུས་པས་འདུད། །

ཅེས་གསུངས་པ་ལྟར་ཤིང་རྟའི་སྲོལ་འཛིན་པའི་པཎྜི་ཏ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པ་རྣམས་ཀྱི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཐོགས་མེད་དེ་ཤིང་རྟ་ཆེན་པོ་རྣམ་གཉིས་ནི་བསྟན་པ་འདི་ལ་ཉི་མ་དང་ཟླ་བ་ལྟར་གྲགས་པས་ན། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལམ་རིམ་ཉམས་མགུར་ལས[28]།

འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །

སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས།

ཞེས་སོགས་བསྔགས་བརྗོད་མཛད་ལ། དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[29]།

ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །

ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །

ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་བའི་ལམ། །

མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །

ཅེས་གསུངས་པ་ལྟར་རོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད། ༢༠༠༤ ལོ། ཤོག་གྲངས་ ༡༦

[2]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༥བ༢

[3]  རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༦༠

[4]  བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཙུ༽ དེབ་ཨང་། ༨༧ པ། ༢༠༠༨ ལོ། ཤོག་གྲངས་ ༧༨༢

[5]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༣༽  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༩ ལོ། ཤོག་ ༥

[6]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༣༽  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༩ ལོ། ཤོག་ ༥

[7]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་གྲངས་ ༢༩༩

[8]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཐོགས་མེད་བསྟོད་པ། དཔེ་རིང་། ཤོག་ ༡ན༡

[9]  དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༠

[10]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༠༠

[11]  དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༣༣༤

[12]  བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཅ༽ དེབ་ཨང་ ༤༩ པ། ༡༩༩༤ ལོ། ཤོག་གྲངས་ ༤༠༦

[13]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ༡༩༩༤ ལོ། ཤོག་གྲངས་ ༨༧༩

[14]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༨༨༠

[15]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༦༡

[16]  མཁས་གྲུབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༥༢

[17]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤༦༤

[18]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༩༩

[19]  རྗེ་ཙོང་ཁ་པའི་གསུང་འབུམ། ༼པ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡

[20]  མཁས་གྲུབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༤

[21]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤༡༧

[22]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༤༥༡

[23]  མཁས་གྲུབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༥༣

[24]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༨༥

[25]  མཁས་གྲུབ་རྗེའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༥༤

[26]  དྲང་ངེས་ལེགས་བཤད་སྙིང་པོ། ཐེ་ཝན་དེབ་གཟུགས། རྣམ་རྒྱལ་གྲྭ་ཚང་། ༢༠༠༥ ལོ། ཤོག་གྲངས་ ༡༦༦

[27]  དྲང་ངེས་ལེགས་བཤད་སྙིང་པོ། ཐེ་ཝན་དེབ་གཟུགས། རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་གྲངས་ ༡

[28]  བྱང་ཆུབ་ལམ་རིམ་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༨༡༠

[29]  བྱང་ཆུབ་ལམ་རིམ་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༧༡ ནས་ ༥༨༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *