༨༽ ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

༨༽ ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན།

 

ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་མཆོག་ནི། འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་ཆ་མ་རྙེད་མོད། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་དུས་མཉམ་པས། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་ལོ་རབས་བཞི་བཅུ་པའི་ཡས་མས་སུ་ལ་སྟོད་སྤྱང་ལུང་ཤར་ཁའི་བོང་ར་ལ་ཞེས་པར་ཕྱི་ལོ་ ༡༢༤༠ ཙམ་ལ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཆེན་པོ་ཞིག་སྟེ། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང༌། གོ་ལུང་པ་མདོ་སྡེ་རྒྱལ་མཚན་གྱི་དྲུང་ནས་དུས་འཁོར་ཆག་ལུགས་དང་།

བདེ་ཀྱཻ་ཕྲེང་བའི་སྐོར་གསུམ་སོགས་རྒྱུད་སྡེའི་ཆོས་མང་དུ་གསན། གར་ཐིག་དང་རྩིས་ལ་སོགས་པར་མཁས་པར་སྦྱངས་པས། གཟའ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་ཀྱི་བསྟན་བཅོས་མཛད། ཚ་ནར་བླ་མ་སྲག་བདེ་བའི་དྲུང་ནས་ཕར་ཕྱིན་དང་། ཚད་མ། མངོན་པ། འབྲོ་ལུགས་ཀྱི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་གསན་བསམ་ལེགས་པར་མཛད།

རབ་བྱུང་བཞི་པའི་ཤིང་གླང་ཕྱི་ལོ་ ༡༢༦༥ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་གནང་བ་ཞུས་ནས་བལ་ཡུལ་དུ་ཕེབས་ཏེ་པཎྜི་ཏ་མ་ཧེནྡྲ་བྷ་དྲ་སྟེ་ས་དབང་བཟང་པོ་ལོ་ངོ་ལྔ་ཙམ་བསྟེན་ནས་སྒྲ་དང་། སྙན་ངག །སྡེབ་སྦྱོར། ཟློས་གར། མངོན་བརྗོད་སོགས་རིག་གནས་ཆེ་ཆུང་ལ་གཙོ་བོར་སྦྱངས་པ་དཔྱིས་ཕྱིན་པ་མཛད། ཁྱད་པར་དུ་སྒྲ་རིག་ལ་ཤིན་ཏུ་མཁས་པར་སྦྱངས་ཏེ་ས་སྐྱར་བྱོན་རྗེས་ཐོག་མར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་ཡོངས་སུ་གྲགས་པ་མཁས་པ་ཐམས་ཅད་ཀྱིས་འགྱུར་ལེགས་པ་རང་དུ་བརྩི་བ་འདི་མཛད། འཕགས་པ་རིན་པོ་ཆེས་མཆོག་ཏུ་གྱུར་པའི་ཡོན་ཏན་གྱི་བསྔགས་པ་དང་ལྡན་པའི་བཀའ་ཤོག་ཀྱང་གནང་། དེ་ནས་ཡང་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་ནས་མཧཱ་བོདྷི་ལ་མཆོད་པ་དང་སྐོར་བ་མཛད་ཅིང་། རྒྱ་གར་གྱི་པཎྜི་ཏ་ལཀྵིམ་ཀ་ར་བོད་དུ་གདན་དྲངས་ཏེ་ཁོང་དང་ལྷན་དུ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྒྲ་སྒྱུར་མཛད་ཅིང་། སྒྲ་སྙན་ངག་དང་མིང་གི་མངོན་བརྗོད་རྣམས་ཀྱི་སྲོལ་ལེགས་པར་བཙུགས། སློབ་མ་གཙོ་བོ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཤོང་དཔང་རྣམ་གཉིས་ཞེས་ཉི་ཟླ་ལྟ་བུར་མཚན་སྟན་ཡོངས་སུ་གྲགས་པར་གྱུར་པས་མཛད་རྗེས་ལྷག་པར་ཆེ།

རྣམ་ཐར་ཅུང་རྒྱས་པ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[1]། དེ་ཡང་ཐོག་མར་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནི། ལ་སྟོད་ལྷོའི་དཔྱད་ལུང་ཤར་གྱི་བོང་ར་ཞེས་པར་སྐུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་། གོ་ཡུལ་བ་མདོ་སྡེ་རྒྱལ་མཚན་གྱི་དྲུང་དུ་དུས་འཁོར་ཆག་ལུགས། བདེ་ཀྱཻ་ཕྲེང་བ་སྐོར་གསུམ་སོགས་མང་དུ་གསན་ཅིང་། གར་ཐིག་རྩིས་ལ་མཁས་པར་སྦྱངས། གཟའ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་ཀྱི་བསྟན་བཅོས་མང་དུ་མཛད། དེ་ནས་ཚ་ནར་སྲག་བདེ་བའི་དྲུང་དུ་ཕར་ཚད་མངོན་གསུམ་ལ་མཁས་པར་སྦྱངས། དུས་འཁོར་གྱི་སྐོར་ཤོག་ལྡེབས་བཞི་བཅུ་ཙམ་ཕྱག་བྲིས་སུ་བྲིས་ནས་ཡོན་དུ་ཕུལ་ཏེ། འབྲོ་ལུགས་ཀྱི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་གསན། འཕགས་པ་རིན་པོ་ཆེས་སྔ་རེས་ས་སྐྱར་བྱོན་པ་ན་བསྟོད་པའི་ཚིགས་སུ་བཅད་པ་སྤེལ་ལེགས་ཕུལ་ནས་ལོ་ཙཱ་སློབ་ཏུ་འགྲོ་བས་རྫོང་བར་ཞུ་ཞུས་པས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། རེ་ཞིག་གཞུང་ལུགས་གསར་པ་བསྒྱུར་བའི་ནུས་པ་མ་བྱུང་ཡང་། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག །ཁོ་བོས་ཀྱང་ཆོས་རྗེ་པ་བརྟེན་ཡུན་ཐུངས་པས། སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང་། ཚིག་གཏེར་སོགས་ཚུལ་བཞིན་མི་ཤེས་པར། འདི་དག་ཤེས་པ་ཞིག་ཅིས་ཀྱང་གྱིས་ཤིག །མཁས་པར་གྱུར་པའི་ཚེ་ངེད་ལ་ཆོས་རྗེ་པའི་དགོངས་པ་སྐོང་དགོས་ཀྱི་འགྱུར་འདྲ་ཡང་དགོས་པ་ཡོད་དེ་རྗེས་སུ་བྱེད་དོ་གསུངས་ནས། དེ་དག་གི་དཔེ་དང་གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང་བྱུང་སྟེ། རྟེན་འབྲེལ་ཡོད་པས་དོ་ནུབ་རྗེ་བཙུན་གོང་མའི་གཟིམས་ཁང་དཔེ་ཁང་དུ་ཉོལ་ལ་སོང་། སླར་འཁོར་བ་ན་ཤོག་ཅིག་གསུངས་ནས་བརྫངས་སོ།།

ཤོང་གི་ཐུགས་ལ་སྐྱེས་སྟོབས་ཀྱི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱོར་བྱུང་གི་ནན་ཏན་མཆོག་ཏུ་གྱུར་ན་ལེགས་བཤད་གསར་པ་མང་དུ་བསྒྱུར་བ་ཅིས་མི་ནུས་སྙམ་དུ་དགོངས་ཏེ་འཕགས་པའི་གཟིམས་གཡོག་པ་མདོ་སྨད་པ་བློ་གྲོས་རྒྱལ་པོ་དང་འགྲོགས་ནས་བལ་ཡུལ་དུ་བྱོན་ཏེ། པཎྜི་ཏ་ས་དབང་བཟང་པོའི་དྲུང་དུ་སྒྲ་སྙན་ངག་སྡེབ་སྦྱོར་ཟློས་གར་མངོན་བརྗོད་ལ་བྱང་བར་མཛད་ནས་ས་སྐྱར་བྱོན། འཕགས་པ་རིན་པོ་ཆེའི་དྲུང་དུ་ཕེབས། ཤིན་ཏུ་དགྱེས་པར་གྱུར། ངེད་ཀྱི་ཆོས་རྗེ་པ་བྱང་ཕྱོགས་སྤྲུལ་པའི་སྡེར་སྐུའི་བཀོད་པ་བསྡུ་བའི་ཚེ། མཐའ་མའི་གསུང་དུ་བཀའ་སྩལ་པ་ལ། ད་ནི་སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བར་བྱས། བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་དོད། ཐ་སྙད་རིག་གནས་ཀྱི་ཚུལ་འདི་ལ་ཡང་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཕྲེང་བ་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མ་འགྱུར་བ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་འགྱུར་བ་གསུམ་ཙམ་མོ། །ཞེས་གསུངས་པ་ཞིག་ཡོད་ནའང་བསྙེན་པར་རྫོགས་ཟིན། འགྱུར་གཉིས་སྔར་མ་བྱུང་བས་ད་ཁྱེད་ཀྱིས་གྱིས་ཤིག །དེའི་གྲོགས་དཔོན་ཆེན་ཤཱཀྱ་བཟང་པོས་ཀྱང་བྱེད་པ་ཡོད་དོ། །ཞེས་དགྱེས་བཞིན་བཀའ་སྩལ་པས། ས་སྐྱར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཐམས་ཅད་འགྱུར་ལེགས་པ་རང་དུ་མཛད་པ་འདི་མཛད། སླར་རྡོ་རྗེ་གདན་དུ་བྱོན་ནས་མཧཱ་བོ་དྷི་ལ་མཆོད་པ་དང་སྐོར་བ་མཛད། པཎྜི་ཏ་ལཀྵྨི་ཀ་ར་སྤྱན་དྲངས་ནས་དཔག་བསམ་འཁྲི་ཤིང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར། སྙན་ངག་མེ་ལོང་། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། འཇམ་དཔལ་གྱི་བསྟོད་པ་བྲི་ཏ་མ་ལ། ཙནྡྲ་པའི་མདོ་སྦྱོར་བའི་རྩ་འགྲེལ། བཟློག་པ་བསྡུས་པ་རྩ་འགྲེལ། སློབ་དཔོན་སུ་པ་རཀྵི་ཏས་མཛད་པའི་སྨྲ་བ་ཀུན་ལ་འཇུག་པ་རྩ་འགྲེལ། སློབ་དཔོན་སེངྒེས་བཟང་པོས་མཛད་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་ལ་སོགས་པ་སྔོན་མ་འགྱུར་བ་བསྒྱུར། འཆི་མེད་མཛོད་ལ་འགྱུར་མཆན་མཛད་ནས་སྒྲ་སྙན་ངག་གི་བཤད་རྒྱུན་སྤེལ། འཕགས་པ་རིན་པོ་ཆེས་ཀྱང་སྡེ་སྣོད་འཛིན་པ་ཤོང་ལོ་ཙཱ་བའི་སྙན་དུ་གསོལ་བ་ཞེས་པའི་འཕྲིན་ཡིག་མཛད་པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་པར་དཀའ་བ། ཚིག་བརླིང་ཞིང་སྡེབ་སྦྱོར་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་ལེན་དཀའ་བས་སྔོན་བྱུང་གི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་། ལོག་པར་བསྒྱུར་བ་དང་། རྣམ་གྲངས་གཞན་དང་ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་བ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་ངེས་ཏེ། ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བས། དགེ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས་ཞེས་རབ་ཏུ་བསྔགས། སྒྲ་བསྒྱུར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ།།

སྒྱུར་རྩོམ་ནི་བསྟན་འགྱུར་ལས། བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་དང་། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། རིག་པ་འཛིན་པ་སྤྲིན་གྱི་བཞོན་པའི་སྐྱེས་རབས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་། ཀ་ལཱ་པའི་ཏི་ལ་སོགས་མཐའི་བྱ་བ་རྣམ་པར་དཔྱད་པ། ལུང་སྟོན་པ་ཙནྡྲ་པའི་མདོ། སྡེབ་སྦྱོར་རིན་ཆེན་ཕྲེང་བའི་བསྟོད་པ། འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲི་ཏ་མ་སོགས་རིག་གནས་ཀྱི་གཞུང་ལུགས་དང་། བསྟན་བཅོས་མང་དུ་བསྒྱུར་བར་མ་ཟད། གཞན་ཡང་སྙན་ངག་མེ་ལོང་། རྣམ་དབྱེའི་ལེའུར་བྱས་པ་སོགས་བཞུགས་ལ། མངོན་བརྗོད་འཆི་མེད་མཛོད་[2]ལ་འགྱུར་མཆན་ཡང་མཛད་ཅིང་། བོད་དུ་སྙན་ངག་བཤད་རྒྱུན་དངོས་སུ་སྤེལ་ནས་སློབ་མ་མང་པོ་གསོ་སྐྱོང་མཛད[3]། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[4]།  དཔག་བསམ་འཁྲི་ཤིང་བསྒྱུར། གཞན་ཡང་སྙན་ངག་མེ་ལོང་དང༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། བསྟོད་པ་བརྒྱ་པ་ལ་སོགས་པ་བསྒྱུར། སྙན་ངག་དང་མིང་གི་མངོན་བརྗོད་རྣམས་ཀྱི་སྲོལ་ལེགས་པར་བཙུགས། ཞེས་ཀྱང་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༩༦

[2] སློབ་དཔོན་འཆི་མེད་སེང་གེ་ནི། པཎྜི་ཏ་ཆེན་པོར་གྱུར་ཏེ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་བ་མེད་པའི་མཛོད་མཛད་དོ།།

[3] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༢༧། ༢༦༦། ༣༡༧། ༣༠༣། ༣༠༩། ༢༢༠། ༣༢༦། ༢༣༥། ༣༠༨། བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།

[4] བོད་རྒྱ་ཚིག་མཛོད་ཆེན་མོ། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༨༧༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༦ ནས་ ༤༥༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *