ལྔ་པ། སེམས་ཙམ་སྐོར།
༡༠༽ སེམས་ཙམ་ ༼ཧི༽ པ་ལ། རྒྱ་གར་སྐད་དུ། ཡོ་ག་ཨ་བ་ཏ་ར། བོད་སྐད་དུ། རྣལ་འབྱོར་ལ་འཇུག་པ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[1]། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་རྣལ་འབྱོར་སྒོམ་པ་ལ་འཇུག་པ་རིན་ཆེན་བཟང་པོའི་འགྱུར།
ཞེས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་ (1697-1774) མཛད་པའི་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར་ལས[2]། སློབ་དཔོན་ཆོས་ཀྱི་དབང་པོས་མཛད་པའི་རྣལ་འབྱོར་ལ་འཇུག་པའི་མན་ངག་སློབ་དཔོན་ཛ་ལནྡ་ར་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། ཕྱོགས་གླང་གིས་མཛད་པ་དང་འདི་གཉིས་བསྟན་བཅོས་རྒྱ་ཆེན་པོ་ནི་ཐོས་ནས་ཀྱང་ཞེས་པ་ནས་བཟུང་སྟེ་མང་པོ་རྣམས་ནི་ཡང་དག་པར་རྫོགས་པར་འགྱུར། ཞེས་པའི་བར་འདྲ་བར་ཡོད་ཀྱང་མགོ་མཇུག་མི་གཅིག་པས་སོ་སོར་བཞེད་དོ། །ཞེས་དང་། དེ་བཞིན་༸རྒྱལ་མཆོག་པ་ལྔ་ཆེན་པོའི་གསན་ཡིག་གངྒཱའི་ཆུ་རྒྱུན་ལས་ཀྱང་། འགྱུར་ཞེས་པའི་བར་ཞུས་དག་ཕེར་ཁུང་མགོ་མཇུག་མི་གཅིག་ཅེས་གསུངས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཧི༽ ཚན་གྲངས་ ༥ ལྡེབ་ ༡༢༦བ༧ ནས་ ༡༢༧བ༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༩-༤༡ ཚེག་ཁྱིམ་ ༤༣༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼ཀུ༽ ཚན་གྲངས་ ༥ ལྡེབ་ ༡༤༥བ༦ ནས་ ༡༤༦ན༨ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༩-༤༡ ཚེག་ཁྱིམ་ ༤༣༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀུ༽ ཚན་གྲངས་ ༥ ལྡེབ་ ༡༤༨ན༦ ནས་ ༡༤༩ན༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༩-༤༡ ཚེག་ཁྱིམ་ ༤༣༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཧི༽ ཚན་གྲངས་ ༥ ལྡེབ་ ༡༢༦བ༧ ནས་ ༡༢༧བ༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༩-༤༡ ཚེག་ཁྱིམ་ ༤༨༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཧི༽ དེབ་ཨང་ ༧༨ པ། ཤོག་གྲངས་ ༣༣༡ ནས་ ༣༣༢ བར་བཞུགས་པ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༤༣
[2] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༨༦ན༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༥ ནས་ ༣༥༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།