ཀ༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་བསྐོ་སྲོལ།

ལེའུ་བཅུ་གསུམ་པ། ནཱ་ལེནྡྲའི་མཁན་པོ་བསྐོ་སྲོལ་དང་མཁན་རབས།

 

ཀ༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་བསྐོ་སྲོལ།

 

དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་བསྐོ་གཞག་གི་ལམ་སྲོལ་ནི། ཡོན་ཏན་མཐོ་དམན་འབའ་ཞིག་ལས། ལོ་ན་རྒན་གཞོན་དང་། རྒྱུ་ནོར་ཆེ་ཆུང་། གོ་ས་མཐོ་དམན་སོགས་མི་གཙོ་བར་བརྗོད་མཁན་ཡོད་ཀྱང་། རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[1]།

དགོན་པའི་མཁན་པོ་ནི་རྒྱུད་ཀྱི་རྟོགས་པ་དང་ཡོན་ཏན་མཐོ་དམན་གྱིས་མི་འཇོག་པར། ལོ་ནའི་བགྲེས་གཞོན་ལ་བལྟས་ནས་བསྐོ་འཇོག་བྱེད། ལོ་ན་བགྲེས་ཤོས་ཀྱི་དགེ་འདུན་པ་དེས་གཙུག་ལག་ཁང་གི་མཁན་པོ་མཛད། མཚན་དུས་སུ་རྒྱུན་ལྟར་སྒོ་ཆེན་དམ་པོར་རྒྱག་པ་དང་། སྒོ་ཟྭའི་ལྡེ་མིག་ལྷ་ཁང་གི་སྟེང་མར་དཔྱངས་ནས་འཇོག །དགོན་པའི་ཁྲི་པ་ལོགས་སུ་བསྐོ་འཇོག་གནང་སྲོལ་མེད་པར་གཙུག་ལག་ཁང་གསར་བཞེངས་གནང་མཁན་ལ་དགོན་བདག་དང་། ལེགས་སྦྱར་སྐད་དུ་བི་ཧར་སྭམཱིན་ (Vihara svamin) ཞེས་འབོད། དགེ་འདུན་པ་རྣམས་ཀྱི་འདུལ་ཁྲིམས་དང་དགོན་པའི་སྒྲིག་ཁྲིམས་སོགས་ལ་ལྟ་རྟོག་བྱེད་མཁན་དང་། གཞན་དགོན་པའི་བསླབ་པ་སློབ་གཉེར་གྱི་གནས་ཚུལ་དང་ཚོགས་ཡུན་སོགས་གསལ་བསྒྲགས་གནང་མཁན་ལ་བི་ཧར་པཱལ་ (Viharapala) ཞེས་འབོད། དོན་བསྒྱུར་དུ་དགོན་སྲུང་མཁན་པོ་ཞེས་བྱ། (གདན་སའི་དགེ་བསྐོས་དང་གཅིག་པར་སྣང་།)   རྒྱ་ནག་གི་དགོན་པའི་ནང་དུ་ཝེ་ན་ཞེས་པའི་ལས་སྣེ་བ་དང་མཚུངས། ཞེས་དཔལ་ནཱ་ལེནྡྲའི་མཁན་པོ་ནི་ལོ་ན་བགྲེས་གཞོན་གྱིས་བསྐོ་གཞག་གནང་བ་ལས། ཐུགས་རྒྱུད་ཀྱི་ཡོན་ཏན་དང་། རྟོགས་པ་མཐོ་དམན། ཤེས་ཡོན་གནས་ཚད་ཀྱིས་བསྐོ་སྲོལ་མེད་པར་གསལ་ལོ།།

དེ་ལྟར་དཔལ་ནཱལཱནྡཱའི་གཙུག་ལག་ཁང་གི་ཆོས་ཀྱི་དབུ་ཁྲིད་ནི་མཁན་པོ་ཡིན་ཅིང་། མཁན་པོས་ཆོས་འཆད་དགོས་པ་དང་། བསླབ་པ་སློབ་གཉེར་དང་དགེ་འདུན་པའི་བྱ་སྤྱོད་དམ་ཆོས་འདུལ་བའི་བཅས་མཚམས་ལས་འགལ་མིན་སོགས་ལ་གཟིགས་རྟོགས་གནང་དགོས་ལ། འདུལ་བའི་བཅས་མཚམས་དང་དགེ་འདུན་པའི་ནང་ཁྲིམས་དང་འགལ་བའི་ཚུལ་མིན་བྱ་སྤྱོད་བྱེད་མཁན་ཡོད་ཚེ་གནས་ནས་བསྐྲད་ཆོག་པའི་དགོན་སྡེའི་སྒྲིག་གཞིའི་ནང་དབང་ཚད་ཆེན་པོ་ཡོད། དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཐོག་མར་ཕྱི་ལོའི་དུས་རབས་གསུམ་པ་ཙམ་ནས་མཐར་དུས་རབས་བཅུ་གསུམ་པའི་བར་དུ་མཁན་པོའི་མཚན་གནས་བཞེས་མྱོང་བའི་པཎ་གྲུབ་ཇི་ཙམ་བྱུང་མིན་དང་། དེ་དག་སུ་དང་སུ་ཡིན། དུས་རབས་གང་དག་ཏུ་བྱུང་མིན་སོགས་ཀྱི་ཐད་ཞིབ་འཇུག་བྱས་པར་གདེང་འཁེལ་བ་ཞིག་རྙེད་སོན་མ་བྱུང་ཡང་། ཇོ་ནང་ཏཱ་ར་ན་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་དུ་གསལ་བར་གཞི་བཅོལ་ནས་བཀོད་ན། དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་ཕྱི་ལོའི་གོང་རོལ་ནས་ཡོད་པར་འདོད་པའི་ལུགས་ལྟར་ན། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་རབས་ཀྱི་ཐོག་མ་ནི་སྒྲ་གཅན་འཛིན་འོད་ཡིན་ཅིང་། དེ་ནས་དཔལ་ནཱ་ལེནྡྲའི་མཁན་རབས་ཀྱི་མཐའ་མ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་བར་མཁན་རབས་རིམ་བྱོན་དྲུག་ཅུ་ལ་ཉེ་བ་བྱུང་ཞིང་། དེ་ལའང་ནཱ་ལེནྡྲའི་གཙུག་ལག་ཁང་དུས་རབས་གསུམ་པར་བྱུང་བ་དང་། དུས་རབས་ལྔ་པར་བྱུང་བ། དུས་རབས་བདུན་པར་བྱུང་བ་བཅས་ཀྱི་བཞེད་པ་མི་མཐུན་ཡོད་པ་ལས། དུས་རབས་གསུམ་པའི་ནང་ཆོས་རྒྱལ་མྱ་ངན་མེད་ཀྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་བཞེངས་པའི་དབང་དུ་བྱས་ཚེ་དཔལ་ནཱ་ལེནྡྲའི་མཁན་པོའི་རིམ་པ་ནི། ཐོག་མ་སྒྲ་གཅན་འཛིན་འོད་དང་། མཐའ་མ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་བར་མཁན་རབས་ཞལ་གྲངས་ ༥༩ བྱོན་ནོ།།

དེ་ཡང་དཔལ་ནཱ་ལེནྡྲའི་མཁན་རབས་རྣམས་ནི། ༡ མཁན་པོའི་ཐོག་མ་སྒྲ་གཅན་འཛིན་འོད་དང་། ༢ དེབ་སྔོན་ལས་སངས་རྒྱས་འདས་ནས་ལོ་སུམ་བརྒྱ་ན་བྱོན་པར་གསུངས་པའི་གྲུབ་ཆེན་ས་ར་ཧ་སྟེ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་དང་། ༣ དེའི་སློབ་མ་མགོན་པོ་ཀླུ་སྒྲུབ་(C.150-250) དང་། ༤ དེའི་སློབ་མ་འཕགས་པ་ལྷ(C.170-270)། ༥ དེའི་སློབ་མ་སྒྲ་གཅན་འཛིན་བཟང་པོ་ཆུང་བ(C.200-300)། ༦ ཀླུ་སྒྲུབ་ཀྱི་དངོས་སློབ་ཤཱཀྱ་བཤེས་གཉེན། ༧ སློབ་དཔོན་རྡོ་རྗེ་མཚོན་ཆ། ༨ ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ཏ་ཐཱ་ག་ཏ་བྷ་དྲ་སྟེ་ཀླུ་བོས་(900 ནང་ཙམ་ཡིན་པར་གསལ་བས་དཔྱད་དགོས།) བཅས་དང་། ༩ སློབ་དཔོན་ཟག་ཟད་སྡེ། ༡༠ སྟོན་པ་འདས་ནས་ལོ་དགུ་བརྒྱའི་རྗེས་སུ་བྱོན་པའི་འཕགས་པ་ཐོགས་མེད་(C.310-390) དང་། ༡༡ དེ་རྗེས་གཅུང་སློབ་དཔོན་དབྱིག་གཉེན་(C.400-480)། ༡༢ དབྱིག་གཉེན་གྱི་སློབ་དཔོན་ཁ་ཆེ་འདུས་བཟང་ (c.450-540ནང་ཙམ།) བཅས་ནཱ་ལེནྡྲའི་མཁན་པོ་རིམ་པར་བྱོན་པའོ།།

 

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་འཁྲུངས་འདས་ལོ་ཚིགས་ནི།

༡ དཔལ་མགོན་འཕགས་པ་ཀླུ་སྒྲུབ།           (C. 150-250)

༢ སློབ་དཔོན་ཨཱརྱ་དེ་ཝ།                       (C.170-210)

༣ སློབ་དཔོན་སངས་རྒྱས་བསྐྱངས།           (C.230-330)

༤ སློབ་དཔོན་ལེགས་ལྡན་འབྱེད།              (C.490-570)

༥ དཔལ་ལྡན་ཟླ་བ་གྲགས་པ།                 (C.600-650)

༦ རྒྱལ་སྲས་ཞི་བ་ལྷ།                           (C.650-700)

༧ མཁན་ཆེན་ཞི་བ་འཚོ།                       (C.725-790)

༨ སློབ་དཔོན་ཀ་མ་ལ་ཤཱི་ལ།                   (C.740-797)

༩ འཕགས་པ་ཐོགས་མེད།                     (C. 395-470)

༡༠ སློབ་དཔོན་དབྱིག་གཉེན།                   (C. 400-480)

༡༡ སློབ་དཔོན་ཕྱོགས་གླང་།                   (C. 480-540)

༡༢ དཔལ་ལྡན་ཆོས་གྲགས།                   (C. 675-700)

༡༣ འཕགས་པ་གྲོལ་སྡེ།                       (C. 500-600)

༡༤ སློབ་དཔོན་སེངྒེ་བཟང་པོ།                 (C.740-796)

༡༥ སློབ་དཔོན་ཡོན་ཏན་འོད།                  (དུས་རབས་ལྔ་པ་དྲུག་པ་ཙམ།)

༡༦ སློབ་དཔོན་ཤཱཀྱ་ཡོན་ཏན་འོད།            (དུས་རབས་བདུན་པ་ཙམ།)

༡༧ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ                (982-1055)

བཅས་རགས་རྩིས་འདི་ལྟར་ཡིན་ལ། པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་ནཱ་ལེནྡྲའི་མཁན་པོའི་ཐུགས་འགན་བཞེས་མིན་རིགས་གཉིས་བྱུང་། དེ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལས། ༡ དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ༢ སློབ་དཔོན་ཨཱརྱ་དེ་ཝ། ༣ དཔལ་ལྡན་ཟླ་བ་གྲགས་པ། ༤ མཁན་ཆེན་ཞི་བ་འཚོ། ༥ འཕགས་པ་ཐོགས་མེད། ༦ སློབ་དཔོན་དབྱིག་གཉེན། ༧ སློབ་དཔོན་ཕྱོགས་གླང་། ༨ དཔལ་ལྡན་ཆོས་གྲགས། ༩ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་པཎ་གྲུབ་ཞལ་གྲངས་ ༩ པོ་འདི་དག་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་ཐུགས་འགན་བཞེས་ཤིང་། དེ་འཕྲོས། ༡ སློབ་དཔོན་སངས་རྒྱས་བསྐྱངས་དང་། ༢ སློབ་དཔོན་ལེགས་ལྡན་འབྱེད། ༣ རྒྱལ་སྲས་ཞི་བ་ལྷ། ༤ སློབ་དཔོན་ཀ་མ་ལ་ཤཱི་ལ། ༥ འཕགས་པ་གྲོལ་སྡེ། ༦ སློབ་དཔོན་སེངྒེ་བཟང་པོ། ༧ སློབ་དཔོན་ཡོན་ཏན་འོད། ༨ སློབ་དཔོན་ཤཱཀྱ་ཡོན་ཏན་འོད་བཅས་པཎ་གྲུབ་ཞལ་གྲངས་ ༨ པོ་འདི་རྣམས་ཀྱིས་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ་རྣམ་ཐར་ཁག་ཏུ་མི་གསལ་ཞིང་། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཞིབ་ཕྲ་ལོགས་སུ་བསྒྲིགས་ཡོད་སྟབས། པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་མཁན་རབས་ ༩ བྱུང་བ་རྣམས་ཀྱི་རྣམ་ཐར་འདིར་མི་དགོས་པ་བྱས་པའོ།།

ནཱ་ལེནྡྲའི་གཙུག་ལག་ཁང་དུས་རབས་ལྔ་པར་གུཔྟའི་རྒྱལ་རབས་སྐབས་གསར་བཞེངས་གནང་བའི་བཞེད་པ་ལྟར་ན། དེ་རྗེས་རིམ་པར་བྱོན་པའི་མཁན་རབས་རྣམས་ནི། ༡༣ དབྱིག་གཉེན་གྱི་དངོས་སློབ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་གླང་ (C.480-540) དང་། ༡༤ དཔལ་ལྡན་ཟླ་བའི་སློབ་དཔོན་པཎྜི་ཏ་ཟླ་བ་མགོན་པོ། ༡༥ དཔལ་ལྡན་ཟླ་བ་གྲགས་པ(C.600-650)། ༡༦ སློབ་ཡོན་ཏན་བློ་གྲོས། ༡༧ སློབ་དཔོན་དུལ་བ་ལྷ། ༡༨ སློབ་དཔོན་ཆོས་ཀྱི་བཤེས་གཉེན། ༡༩ གྲུབ་ཆེན་བིར་ཝ་པའམ་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་(C.530-561)། ༢༠ སློབ་དཔོན་ངང་ཚུལ་བཟང་པོ། ༢༡ དེ་རྗེས་རྒྱལ་སྲས་ཞི་བ་ལྷའི་སློབ་དཔོན་བྷ་བི་དེ་ཝ་སྟེ་རྒྱལ་བའི་ལྷ[2]། ༢༢ སློབ་དཔོན་རྡོ་རྗེ་དྲིལ་བུ་པ(དུས་རབས་8པ།)། ༢༣ རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་གྲགས(C.600-660)། ༢༤ མཁས་པའི་ཁྱུ་མཆོག་མཁན་ཆེན་ཞི་བ་འཚོ(C.725-790)། ༢༥ དེ་རྗེས་སེང་བཟང་གི་སློབ་མ་ཛྙཱ་ན་པཱ་ད་སྟེ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས(དུས་རབས་9པ།)། ༢༦ དེའི་སློབ་མ་དཱི་པཾ་ཀ་ར་བྷ་དྲ་སྟེ་མར་མེ་མཛད་བཟང་པོ། ༢༧ སློབ་དཔོན་ལངྐ་རྒྱལ་བ་བཟང་པོ(དུས་རབས་9པ་ཙམ།)། ༢༨ སློབ་དཔོན་དཔལ་འཛིན་(དུས་རབས་9པ་ཙམ།)། ༢༩ བྷ་ཝ་བྷ་ཌ(དུས་རབས་9པ་ཙམ།)། ༣༠ སྐལ་ལྡན་གྲགས་པ(དུས་རབས་9པ་ཙམ།)། ༣༡ ལི་ལ་བཛྲ(དུས་རབས་10པ།)། ༣༢ མི་ཐུབ་ཟླ་བ(དུས་རབས་10པ་ཙམ།)། ༣༣ ནག་པོ་དམ་ཚིག་རྡོ་རྗེ(དུས་རབས་10པ་ཙམ།)། ༣༤ ཏ་ཐཱ་ག་ཏ་རཀྵི་ཏ(དུས་རབས་10པ་ཙམ།)། ༣༥ བོ་དྷི་བྷ་དྲ(དུས་རབས་10པ་ཙམ།)། ༣༦ སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ(དུས་རབས་10པ་ཙམ།)། ༣༧ ཀ་མ་ལ་རཀྵི་ཏ(དུས་རབས་10པ་ཙམ།)། ༣༨ མཁས་པ་སྒོ་དྲུག་ལས། དང་པོ། ཤར་སྒོ་སྲུང་བ་སློབ་དཔོན་རཏྣ་ཨཱ་ཀ་ར་སྟེ་ཤཱནྟི་པ(དུས་རབས་10པ་ཙམ།)། ༣༩ གཉིས་པ། ལྷོ་སྒོ་སྲུང་བ་པྲཛྙ་ཀ་ར་གུཔྟ་སྟེ་ཤེས་རབ་འབྱུང་གནས་བློ་གྲོས(དུས་རབས་11པ་ཙམ)། ༤༠ གསུམ་པ། ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག(དུས་རབས་11པ་ཙམ།)། ༤༡ བཞི་པ། བྱང་སྒོ་སྲུང་བ་པཎ་ཆེན་ན་རོ་པ(1012/1016-1100)། ༤༢ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་(དུས་རབས་11པ་ཙམ།)། ༤༣ ལྔ་པ། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ(དུས་རབས་11པ་ཙམ།)། ༤༤ དྲུག་པ། དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ(དུས་རབས་11པ་ཙམ།)། ༤༥ དཱི་པཾ་ཀ་ར་ཤྲཱི་ཛྙ་ན་སྟེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ(C.982-1054)[3]། ༤༦ བླ་མ་རྡོ་རྗེ་གདན་པ་ཆེན་པོ(དུས་རབས་11པ་ཙམ།)། ༤༧ ཀ་མ་ལ་ཀུ་ལི་ཤ་སྟེ་པདྨ་རྡོ་རྗེ། ༤༨ ན་རེནྡྲ་ཤྲཱི་ཛྙཱ་ན། ༤༩ དུས་ཞབས་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པ(དུས་རབས་11པ་ཙམ།)། ༥༠ དཱ་ན་རཀྵི་ཏ། ༥༡ ཨ་བྷ་ཡཱ་ཀ་ར་སྟེ་འཇིགས་མེད་འབྱུང་གནས་སྦས་པ(དུས་རབས་11པ་ཙམ།)། ༥༢ ཤུ་བྷ་ཡཱ་ཀ་ར་གུཔྟ་(དུས་རབས་11པ།)། ༥༣ ན་ཡ་ཀ་པ་ཤྲཱི། ༥༤ ཆོས་འབྱུང་ཞི་བ། ༥༥ དཔལ་གོ་མི་འཆི་མེད། ༥༦ ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་(1127-1225)། ༥༧ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་(603-664)། ༥༨ རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་(དུས་རབས་11དུས་སྨད།) ༥༩ པཎ་ཆེན་མན་ཛ་གླིང་པ་བཅས་པཎ་གྲུབ་སྙན་གྲགས་ཅན་ཞལ་གྲངས་ ༥༩ ཙམ་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་མཛད་ཁུར་བཞེས་ཚུལ་རྒྱལ་རབས་ཆོས་འབྱུང་སོགས་སུ་གསལ་བ་རྣམས་ཡིན་ལ། ད་དུང་མ་རྙེད་པའི་རིགས་ཀྱང་ཡོད་ངེས་པས་འདི་དག་ཏུ་མ་ཚུད་པ་ཇི་ཡོད་འཚོལ་ཞིབ་ཀྱིས་ཆད་པ་ཁ་སྐོང་མཛད་པར་ཞུ།

འདིར་བཀོད་པ་རྣམས་ཀྱང་བྱོན་སྔ་ཕྱི་སོགས་ཞིབ་གསལ་མ་རྙེད་ལ། རྙེད་པ་འགའ་ཞིག་ཀྱང་ཐེ་ཚོམ་གྱི་གཞིར་སྣང་བས་དཔྱད་གཞི་ཙམ་ལགས་ཤིང་། གོང་གསལ་དེ་དག་གི་ཁྲོད་ནས་པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་ཞིབ་རྒྱས་ལོགས་སུ་བཀོད་ཡོད་པར་མ་ཟད། གཞན་ཡང་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ཆེ་བ་དང་། དམངས་རིགས་སྒྲ་གཅན་འཛིན་བཟང་པོ་ཆུང་བ་གཉིས་ཀྱི་རྣམ་ཐར་ཡང་ནཱ་ལེནྡྲའི་བྱུང་རབས་ལོ་རྒྱུས་ཀྱི་སྐབས་སོ་སོར་བཀོད་ཟིན་སྟབས་འདིར་མི་དགོས་པར་བྱས་ཐོག །དེ་འཕྲོས་མཁན་རབས་རྣམས་ཀྱི་རྣམ་ཐར་སྙིང་བསྡུས་རེ་རིམ་པར་འགོད་པར་བྱའོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༠༨

[2] འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ (1561-1637) ཀྱིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་། (སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ༢༠༡༦ ལོ། ཤོག་ ༢༠༣) ལས། ནཱ་ལེནྡྲའི་མཁན་པོ་རྒྱལ་བའི་ལྷའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་གིས་གྲུབ་པ་ཐོབ་པས་གཤེད་དམར་རྣམས་དར། ཞེས་བྱུང་།

[3] པཎ་གྲུབ་བཅུ་བདུན་ལས། སངས་རྒྱས་བསྐྱངས་དང་། ལེགས་ལྡན། ཞི་བ་ལྷ། པདྨའི་ངང་ཚུལ། འཕགས་པ་གྲོལ་སྡེ། སེངྒེ་བཟང་པོ། ཡོན་ཏན་འོད། ཤཱཀྱ་འོད་བཅས་ཀྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་པའི་རྣམ་ཐར་དམིགས་བསལ་མི་གསལ་ལོ།།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༧༩ ནས་ ༨༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *