༢༽ ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས།

༢༽ ལོ་ཙཱ་བ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས།

 

ལོ་ཙཱ་བ་དགེ་བཤེས་སྟོན་པ་སྟེ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོག་ནི། བཀའ་གདམས་པའི་སྲོལ་གཏོད་པ་པོ་དང་། བཀའ་གདམས་ཀྱི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་ཡིན་ལ། ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་ཡང་ཡིན་ཅིང་། རབ་བྱུང་དང་པོའི་གོང་གི་ལོ་སྐོར་མཐའ་མའི་ཤིང་འབྲུག་ཕྱི་ལོ་ ༡༠༠༤ ལོར་དབུ་རུ་བྱང་ཕྱོགས་ཀྱི་སྟོད་ལུང་ཕུའི་རྩྭ་སྒྱེ་མོར་ཡབ་སྐུ་གཤེན་ཡག་གཞེར་འཕེན་དང་།

ཡུམ་ཁུ་འོད་བཟའ་ལན་གཅིག་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་སུ་ཆོས་འཕེལ་ཞེས་མཚན་གསོལ། དགེ་བཤེས་གཡུང་ཆོས་མགོན་ལས་ཡི་གེའི་འབྲི་ཀློག་བསླབས་ཏེ་ལོ་བཞིར་བཞུགས། རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་རྒྱལ་བའི་འབྱུང་གནས་ཞེས་གསོལ། དགུང་ལོ་བཅུ་དགུ་པར་གྲུམ་གྱི་མཁན་བུ་ཆེན་པོ་སེ་བཙུན་བསྟེན་ནས་དབུ་མ་དང་། སྤྱོད་ཕྱོགས། སྔགས་རྙིང་མ་སོགས་ལ་ལེགས་པར་སྦྱངས། པཎྜི་ཏ་སྨྲི་ཏི་ལས་སྒྲ་རིག་པ་དང་སཾ་སྐྲི་ཏའི་སྐད་ལ་བསླབས། དགུང་ལོ་སོ་བརྒྱད་ལ་ཕེབས་པ་ཕྱི་ལོ་ ༡༠༤༢ ལོར་ཁམས་ནས་མངའ་རིས་སུ་ཇོ་བོ་རྗེ་མཇལ་དུ་ཕེབས། སྤུ་ཧྲེངས་སུ་ཇོ་བོ་དང་མཇལ་ནས་བླ་མར་བསྟེན་ཏེ་བཀའ་ཆོས་མང་དུ་གསན། དགུང་ལོ་ང་བཞི་པ་སྟེ་ཕྱི་ལོ་ ༡༠༥༧ ལོར་འཕྲང་ཁ་བེར་ཆུང་སྦྱིན་བདག་གཙོ་བོ་བྱས་ཏེ་རྭ་སྒྲེང་དགོན་པ་ཕྱག་བཏབ། ཇོ་བོའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དུ་བཞེངས། དེ་ནས་ཇོ་བོའི་སློབ་མ་རྣམས་རྗེ་འདིས་ཆོས་དང་འཚོ་བ་གཉིས་ཀའི་སྒོ་ནས་བསྐྱངས་ཏེ་བཀའ་གདམས་བསྟན་པའི་བདག་པོར་གྱུར།

མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[1]། འབྲོམ་སྟོན་པ། སུམ་སྟོང་བརྒྱ་དང་ཞེ་དགུ་འདས་པའི་ལྔ་བཅུ་པ་མེ་མོ་སྦྲུལ་ (ཕྱི་ལོ་ 1017) ལ་འབྲོམ་སྟོན་པ་བལྟམས། ལོ་དེ་ནས་ལྔ་བརྒྱ་དང་ཞེ་བདུན་སོང་ཞིང་། ཕྱི་དར་ས་མོ་བྱ་ནས་དྲུག་ཅུ་རྩ་དགུ་ལོན། འདི་མར་པ་ལོ་ཙཱ་བས་ལོ་ལྔས་གཞོན། རྒྱལ་བའི་བཀའ་ཐམས་ཅད་ཀྱི་སྙིང་པོ། སྐྱེས་བུ་གསུམ་གྱི་ལམ་རིམ། གདམས་ངག་ཏུ་དྲིལ་ནས་ཉམས་སུ་ལེན་པའི་བཀའ་གདམས་ཞེས་པའི་སྙན་གྲགས་ཅན་དེ་ཁོང་གི་བཀའ་དྲིན་ལས་དར་བ་ཡིན་ལ། འདིའི་བརྒྱུད་འཛིན་ལ་ཕྱིས་བཀའ་གདམས་གཞུང་པ་དང་། གདམས་ངག་པ་གཉིས་སུ་གྲགས་ཏེ། དེང་སང་འདིའི་སློབ་མའི་གཙོ་བོ་ཐུགས་སྲས་སྐུ་མཆེད་གསུམ་ཞེས་གྲགས་པའི་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། པུ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ་ཚུལ་ཁྲིམས་འབར་དང་གསུམ་ལས། པུ་ཏོ་བ་ནི་བཀའ་གདམས་གཞུང་དྲུག་ལ་འཆད་ཉན་དང་། སྐྱེས་བུ་གསུམ་གྱི་ལམ་རིམ་ལ་སྒྲུབ་པ་ཟུང་འཇུག་ཏུ་མཛད་པས་གཞུང་པ་དང་། སྤྱན་སྔ་བ་ནི་སྒྲུབ་པ་གཙོ་བོར་མཛད་པས་གདམས་ངག་པ་ཞེས་བྱའོ།།

དེ་ལ་གཞུང་དྲུག་ནི། སྐྱེས་ཚོམས་དད་པའི་གཞུང་། ས་རྒྱན་ཏིང་ངེ་འཛིན་གྱི་གཞུང་། སྤྱོད་བཏུས་སྤྱོད་པའི་གཞུང་སྟེ་རིམ་པ་ལྟར། སྐྱེས་རབས་དང་ཆེད་དུ་བརྗོད་པའི་ཚོམས་གཉིས། བྱང་ས་དང་མདོ་སྡེ་རྒྱན་གཉིས། སྤྱོད་འཇུག་དང་བསླབ་བཏུས་གཉིས་སོ།།

སྐྱེས་བུ་གསུམ་གྱི་ལམ་རིམ་ནི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་གསུམ་གྱི་སྒོ་ནས་འབྲས་བུ་ལྷ་མིའི་གོ་འཕང་ཐོབ་པའི་ཕྱིར་དུ་ལས་འབྲས་ཀྱི་སྤང་བླང་ཚུལ་བཞིན་བྱེད་པ་ནི། མངོན་མཐོའི་ཐེག་པ་སྟེ་སྐྱེས་བུ་ཆུང་ངུའི་ལམ། འཁོར་བའི་ཉེས་དམིགས་བསམ་པའི་སྒོ་ནས་ལྟ་བ་བདེན་བཞི་དང་རྟེན་འབྲེལ་བཅུ་གཉིས་རྟོགས་ཏེ། འབྲས་བུ་འཁོར་བ་སྤངས་པའི་མྱང་འདས་ཙམ་ཐོབ་པར་བྱེད་པ་ནི། ཐེག་དམན་གྱི་ལམ་སྟེ་སྐྱེས་བུ་འབྲིང་གི་ལམ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་སྦྱངས་ནས་འབྲས་བུ་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱེད་པ་ནི། ཐེག་ཆེན་གྱི་ལམ་སྟེ་སྐྱེས་བུ་ཆེན་པོའི་ལམ་ཞེས་བྱ་བ་ཡིན་ནོ།།

ཁ་ཅིག་འབྲོམ་ནས་པུ་ཏོ་བ་ལས་བརྒྱུད་པ་ལ་གཞུང་པ་དང་། དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་ལ་གདམས་ངག་པ་ཟེར་རོ། །དེ་ལྟ་བུའི་འབྲོམ་དེས་རང་ལོ་སོ་བརྒྱད་པ་ལ་མངའ་རིས་སུ་ཇོ་བོ་རྗེ་དང་མཇལ། དེ་ནས་བརྩམས་ཏེ་ཇོ་བོ་གཤེགས་ཀྱི་བར་ལོ་བཅུ་གསུམ་དུ་ཇོ་བོ་དང་འབྲལ་མེད་མཛད། ཇོ་བོ་གཤེགས་པའི་ཕྱི་དེ་ལུག་གི་ལོ་ལ་སྙེ་ཐང་དུ་དགོངས་རྫོགས་སོགས་བསྒྲུབས། དེའི་ཕྱི་དེ་སྤྲེལ་ལོར་རྭ་སྒྲེང་བཏབ་ནས། རང་ལོ་དྲུག་ཅུའི་བར་ལོ་དགུའི་རིང་ལ་བཀའ་གདམས་པ་རིན་པོ་ཆེའི་བསྟན་པ་གསལ་བར་མཛད་དོ། །ཞེས་བྱུང་བ་ལྟར་རོ།།

སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། ཚོགས་ཀྱི་བདག་པོའི་རྒྱུད་ལེའུ་བཅོ་ལྔ་པ་དང་། བསྟན་འགྱུར་ལས། དཔལ་མགོན་པོའི་གཏོར་ཆོག་དང་། དཱི་པཾ་ཀ་ར་ཛྙཱ་ཤྲཱི་ནས་མཛད་པ་སོགས་དང་། ལྷག་པར་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་འཕགས་པ་བྱམས་པའི་སྒྲུབ་ཐབས་ཇོ་བོ་ལྷན་དུ་ཐོག་མར་སྒྲ་སྒྱུར་མཛད། དགེ་བཤེས་སྟོན་པའི་འགྱུར་ལ། དུས་ཕྱིས་གནུབས་ལོ་ཙཱ་བས་དག་པར་བཅོས་པ། རྒྱལ་པོ་ཆེན་པོ་བཞིའི་གཏོར་མ། གསུང་རྩོམ་ནི། མི་ཆོས་གནད་ཀྱི་ཕྲེང་བ་སོགས་ས་དཔྱད་དང་། ལོ་རྒྱུས། རྣམ་ཐར། བཅའ་ཡིག །འཕྲིན་ཡིག་སོགས་བསྟན་བཅོས་མང་པོ་བཞུགས་པར་མ་ཟད། བརྒྱད་སྟོང་པ་དང་། བརྒྱད་སྟོང་འགྲེལ་ཆེན། འགྲེལ་ཆུང་། ཉི་ཁྲི་སྣང་བ་ལ་སོགས་པའི་མདོ་ཕྱོགས་ཀྱི་སྐོར་དང་། ཡེ་ཤེས་གྲུབ་པ་ལ་སོགས་པའི་སྔགས་ཕྱོགས་ཀྱི་སྐོར་ལ་འགྱུར་བཅོས་དང་ཞུས་དག་མང་དུ་མཛད་དོ།།[2]  །།

[1] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༨༧

[2] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༩༦། ༢༦༧། ༢༧༢། ༢༧༦ བཅས་ལས་བཏུས་ཏེ་ལེགས་བསྒྲིགས་ཞུས་པའོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༨ ནས་ ༢༥༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *