༄༅། །རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་རྣམ་ཐར།
༈ རྗེ་བཙུན་མི་འགྱུར་དཔལ་གྱི་སྒྲོན་མ་ནི། དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་མོ་ཉིད་རྣམ་པ་གངས་ཅན་མི་མོའི་ཚུལ་གྱིས་གླིང་འདིར་བྱོན་པར་གསུངས་ཏེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ངན་དར། །དེ་ནས་མི་གནས་རང་ས་འོ། །ཞེས་དང་། ཤ་འུག་གཏེར་བྱོན་གབ་རྒྱའི་ལུང་བྱང་དུམ་བུ་མཐའ་མ་ལས་ཀྱང་། ཁྱད་པར་བདེ་གཤེགས་ཀུན་འདུས་མན་ངག་འདི༔ འཆང་བྱེད་སྣོད་ལྡན་ཆོས་ཀྱི་བདག་པོ་ནི༔
གསང་ཆེན་སྙིང་ཐིག་མན་ངག་བསྟན་པའི་བདག༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་མོ་དང༔ པོ་ཏཱ་ལ་རུ་ཨརྱ་ཏཱ་རེ་མ༔ དཔལ་རི་པདྨར་ཡེ་ཤེས་མཚོ་རྒྱལ་སྟེ༔ ཨོ་རྒྱན་གཟུགས་མ་ད་ལྟའི་མཁར་ཆེན་གཟའ༔ སྐྱེ་བ་འདི་ནས་ཆོ་འཕྲུལ་གྲངས་མེད་འབྱེད༔ མ་གཅིག་ལབ་སྒྲོན་སྣང་ས་འོད་དེ་འབུམ༔ ཟུར་མོ་དགེ་འབུམ་ལ་སོགས་དུ་མའི་མཐར༔ བསམ་ཡས་ལྷོ་ཕྱོགས་གྲྭ་ཞེས་གཡོར་པོའི་ཆར༔ མཚན་རྟགས་ལས་ཅན་བཻ་རོའི་སྐྱེ་མཐའ་ཡི༔ བརྒྱུད་འཛིན་ཌཱ་ཀྐཱིའི་སྒྲོལ་མའི་མིང་འཆང་མ༔ མདོ་རྒྱུད་ལུང་གི་གདམས་པས་རྒྱུད་ཕྱུག་པའི༔རབ་འབྱམས་རྒྱུད་སྡེའི་ཕ་མཐར་བརྒལ་བ་འབྱུང༔ ཞེས་དང་། རང་བཞིན་དབྱིངས་ཀྱིས་རྒྱུད་བཏམས་པའི༔ གནས་ལུགས་དོན་གྱི་མཁའ་འགྲོ་མ༔ གཡོ་རུ་གྲྭ་ཡི་ཕྱོགས་སུ་འབྱུང༔ ཞེས་ལུང་གིས་ཟིན་པའི་རྗེ་བཙུན་མ་འདི་ཉིད་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་ནས་བརྩིས་པའི་ལྷོ་ཕྱོགས་གཡོར་པོའི་ཆར་གཏོགས་པ། སྔར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་གདན་ས་གྲྭ་ཕྱི་ཐར་པ་གླིང་ཞེས་དཔལ་ཨོ་རྒྱན་ཆེན་པོས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ། འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་བསྟི་གནས་དགའ་ཚལ་ཡངས་པོར་ཡབ་རྗེ་གཏེར་བདག་གླིང་པ་དང་། ཡུམ་རྡོ་རྗེ་ཕག་མོའི་སྒྱུ་འཕྲུལ་ཕུན་ཚོགས་དཔལ་འཛོམས་གཉིས་ཀྱི་སྲས་མོར་སྨྱོས་ལྡན་ས་མོ་ཡོས་ཀྱི་ལོ། ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔའི་ནུབ་ཌཱཀྐཱི་འདུ་བའི་ཐུན་མཚམས་ཁྱད་པར་ཅན་ལ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་བཀྲ་ཤིས་སྣང་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དེའི་ཚེ་ཡབ་རྗེ་མཆོག་ནས་སྐུ་དྲུང་པ་རྣམས་ལ་བརྒྱུད་འཛིན་འདི་ཉིད་དཀྱུས་མར་མི་ཡོང་བས་གཙང་སྦྲ་ལ་འབད་དགོས་གསུངས་པ་ལྟར་སྐུ་བལྟམས་མ་ཐག་ཁུ་བོ་ལོ་ཆེན་དྷམ་ཤྲཱིས་ཁྲོ་བོ་སྨེ་བ་བརྩེགས་པའི་བྱབས་ཁྲུས་དང་། ནངས་པར་གཏེར་ཆེན་བླ་མ་ཉིད་ནས་གཏེར་གསར་དྲག་དམར་གྱི་སྐུ་གསུང་ཐུགས་དབང་དང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་སྩལ། ཆུང་ངུའི་དུས་ནས་ཀྱང་དཔལ་ཨ་རྒྱན་ཆེན་པོ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར། གསང་བདག་འཕྲིན་ལས་ལྷུན་གྲུབ་རྣམས་ཀྱི་སྐུ་རྟེན་རྣམས་མཇལ་དུས་ཞབས་རིམ་པ་རྣམས་ཀྱིས་ཞུ་མི་དགོས་པར་རྗེ་བཙུན་ཉིད་ཀྱིས་ངོས་འཛིན་མཛད་ཅིང་བྱིན་རླབས་ཞུ་བའི་ཚུལ་དང་། གཞོན་ནུ་རོལ་རྩེད་ཀྱི་དུས་རྣམས་སུ་བྱིས་པ་ཕལ་གྱི་སྤྱོད་ཡུལ་ལས་འདས་པ་དམ་པའི་ངང་ཚུལ་བཟང་པོ་རང་ཆས་སུ་མངའ།
སྐབས་ཤིག་རས་གོས་ལྗང་ཁུ་རྒྱན་ལྡན་ཞིག་ཕྱག་བསྟར་གྱིས་བཟོ་བར་མཛད་དེ་གཟིམས་དཔོན་འགྱུར་མེད་ཆོས་སྒྲོན་ལ་གལ་ཏེ་འདི་ངེད་རང་གཉིས་ནམ་ཞིག་མཐའ་འཁོབ་ཏུ་བྲོས་ནས་འགྲོ་དགོས་པ་ཡོང་། དེའི་ཚེ་འཚོ་བ་བླུགས་པའི་སྣོད་བྱེད་པ་ཡིན་ཞེས་གཅེས་སྤྲས་སུ་མཛད། གནས་སྐབས་ཀུན་ཏུ་རང་ཉིད་དམན་པའི་ཚུལ་བཟུང་ཞིང་ཕུན་ཚོགས་ཀྱི་དངོས་པོ་ཐམས་ཅད་བླ་མའི་མཐུ་ལས་འབྱུང་བར་ཡང་ཡང་དྲན་བཞིན་ངེས་ཤེས་འཁྲུངས།
དེ་ནས་དགུང་ལོ་བཅུ་གཉིས་བཞེས་པ་ལྕགས་སྟག་ཟླ་བ་ལྔ་པའི་ཚེས་བཅུ་དཔལ་ཨོ་རྒྱན་ཐོད་འཕྲེང་རྩལ་གྱི་དུས་མཆོད་ལ། བླ་བྲང་ཆོས་འཁོར་ལྷུན་པོའི་གཟིམས་ཆུང་ཀུན་བཟང་ཕོ་བྲང་དུ་མི་ཤིགས་གཞོམ་མེད་རྡོ་རྗེའི་ཁྲིར་རང་གི་ཡབ་དཔལ་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ། ཆོས་ཉིད་རྣལ་མ་ཤེས་རབ་ཀྱི་སྤུ་གྲིས་གཙུག་ཕུད་བཞེས་ཏེ་མཚན་མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་ཞིང་རབ་ཏུ་གནས་པའི་མེ་ཏོག་མཐོར་བའི་ཚེ། འོག་མིན་ཡང་རྩེའི་རྒྱ་ཕིབས་ཀྱི་རྩེར་འཇའ་འོད་མདུང་ཚུགས་སུ་ཟུག་པ་སོགས་ངོ་མཚར་བའི་རྟགས་སྣང་མང་དུ་བྱུང་། ཡབ་རྗེའི་དྲུང་དུ་ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་དཀྱིལ་འཁོར་དུ་དབང་བཞིའི་ཆུ་རྒྱུན་གྱིས་སྨིན་པར་མཛད། གྲོལ་བྱེད་ཁྲིད་ཀྱི་རིམ་པ་རྣམས་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནས་བཟུང་རེ་རེ་ནས་རྟགས་ཐོན་དུ་སྒོམ་ཁྲིད་འདེབས་པར་མཛད་ཅིང་། སྐུ་ནར་སོན་པ་ནས་སྡོམ་གསུམ་འགལ་མེད་དུ་དྲིལ་ནས་ཐུགས་ཉམས་སུ་བཞེས། ཁྱད་པར་བསྐྱེད་རིམ་དང་རྫོགས་རིམ་ལ་ནན་ཏན་གྱི་ཞལ་ཏ་ཡང་ཡང་ཕེབས་པར་ལམ་འདི་ཐོས་པས་མི་གྲོལ་བས་ངེས་པར་ནན་ཏན་སྒོམ་དགོས་ཞེས་གསུངས་པ་ལྟར་ཉམས་སུ་བླངས་པས་བསྐྱེད་རྫོགས་ཀྱི་འཆར་སྒོ་མ་འགགས་པའི་གསལ་སྣང་འཛིན་མེད་བདེ་བ་ཆེན་པོར་འཆར།
དགུང་ལོ་བཅུ་གསུམ་བཞེས་པ་ལྕགས་ཡོས་ཟླ་བ་གསུམ་པའི་ནང། ཡབ་རྗེ་བླ་མ་དམ་པའི་ཞབས་དྲུང་དུ་གཏེར་གསར་ཨ་ཏི་ཟབ་དོན་སྙིང་པོའི་གདམས་པ་ལྷག་མེད་ཟླ་བ་བཞི་ལ་ཉེ་བའི་བར་རྗེ་བཙུན་ཉིད་ལ་སྐུ་རྐྱང་དུ་སྩལ་ཞིང་ཉམས་རྟོགས་ཀྱང་རང་རྒྱུད་ལ་བློ་དང་འཚམ་པའི་བརྟན་པ་ཐོབ། ཁྱད་པར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རྩ་ཁྲིད་ཡོངས་རྫོགས། རྒྱབ་རྟེན་ལུང་དང་བཀའ་སྲུང་གི་སྲོག་གཏད་རྣམས་ཀྱང་རྫོགས་པར་སྩལ།
དེ་ནས་དགུང་ལོ་བཅུ་བཞི་བཞེས་པ་ཆུ་འབྲུག་ཟླ་བ་གཉིས་པའི་ནང་ཡབ་ཀྱི་དྲུང་དུ་ཞལ་ཏ་མ་འགྱུར་མེད་ཆོས་སྒྲོན་དང་། གསོལ་ཐབ་འགྱུར་མེད་གཡང་འཛོམས་སོགས་དཔོན་གཡོག་བཞིས་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་དང་། སྤྲོས་མེད་མཆོག་དབང་གོང་མ་གསུམ་དྲོད་རྟགས་གཏོར་མའི་དབང་བསྐུར་བཅས་སྨིན་པར་ཞུ་ཞིང་། གསང་མཚན་པདྨ་དབང་ཕྱུག་ཏུ་གསོལ། ལོ་ཆེན་དྷམ་ཤྲཱིས་ཀྱང་རྗེ་བཙུན་དཔོན་གཡོག་གཉིས་ལ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་འཁྲུལ་འཁོར་སྐུ་ལུས་ཀྱི་འགྱུར་དང་སྒོ་གནད་རྩ་ཐིག་རླུང་གསུམ་གྱི་མན་ངག་ཟླ་བ་གཉིས་སུ་ཉེ་བར་སྩལ། དེ་ལྟར་གདམས་དོན་དང་མན་ངག་མཐའ་དག་རྒྱུད་ཐོག་ཏུ་མ་རྨོངས་པར་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ཅིང་བརྩོན་འགྲུས་གཞུ་བརྡུང་པ་ལྟ་བུས་ཉམས་སུ་བླངས། གཞན་ཡང་ཡབ་རྗེ་རིག་འཛིན་ཆེན་པོ་ལས་གཤིན་རྗེ་དྲེགས་འཇོམས་ཀྱིས་མཚོན་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་དང་། གསུང་འབུམ་པོད་ཆེན་བཅུ་གསུམ་གྱི་ལུང་། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། ཕུར་པ་ཡང་གསང་སྤུ་གྲི། བཀའ་བརྒྱད་རྫོང་འཕྲང་། རྟ་མགྲིན། འདུས་པ་མདོ། སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། ན་རག་དོང་སྤྲུགས་ཀྱི་དབང་དང་སྒྲུབ་ཐབས་ཀྱི་ལུང་། སེམས་ཀློང་སྡེ་གཉིས་ཀྱི་དབང་དང་ཁྲིད་ལུང་། ཁྱད་པར་མན་ངག་གི་སྡེ་ལ་རིམ་པ་མང་ཡང་གཙོ་བོར་སྙིང་ཐིག་རྣམ་གཉིས་སོགས་རྫོགས་པར་ཞུས།
དགུང་ལོ་བཅོ་ལྔར་ཕེབས་པའི་ཚེ་ཤ་འུག་གཏེར་བྱོན་མཁའ་འགྲོའི་ཆོས་སྐོར་རྣམས་ཤོག་སེར་ལས་ཕབ་པར་མཛད་དེ། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོར་དབང་ལུང་གཏད་རྒྱ་དང་བཅས་པ་སྩལ། དེ་མ་ཐག་སླར་དབང་ལུང་རྣམས་རྗེ་བཙུན་ཉིད་ལ་གཅེན་རྒྱལ་སྲས་རིན་པོ་ཆེ་ནས་སྩལ་ཞིང། དེ་ནས་བཟུང་ཆོས་བཀའ་འདིའི་ཟབ་ཁྲིད་ཀྱི་གདམས་པ་རྣམས་ཡབ་རྗེ་གཏེར་ཆེན་གྱི་དྲུང་ནས་ཞག་ལྔ་ལ་རྫོགས་པར་སྩལ་བའི་བཀའ་དྲིན་ཐོབ། བར་སྐབས་ལོ་ཆེན་དྷརྨ་ཤྲཱི་ལས་རབ་ཏུ་བྱུང་སྟེ་ཡབ་རྗེའི་གཏེར་གསར་ཡོངས་རྫོགས་ཀྱི་དབང་དང་ཁྲིད་ལུང་། ན་རག་དོང་སྤྲུགས། འདུས་པ་མདོའི་དབང་སོགས་མང་པོ་གསན། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་ལས། ཨ་ཏིའི་རིག་པའི་རྩལ་དབང་། ཕྱག་རྡོར་དྲེགས་འདུལ་གཏེར་ཁ་གསུམ་ལྡན་གྱི་དབང་ལུང་སོགས་མཐའ་ཡས་པ་གསན།
དགུང་ལོ་བཅུ་དྲུག་ལ་ཕེབས་པ་ཧོར་ཟླ་གཉིས་པའི་ཚེས་གཉིས་ལ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་གདུལ་བྱ་གཞན་དོན་དུ་ངོ་མཚར་བའི་རྟགས་དང་བཅས་དག་པའི་ཞིང་དུ་གཤེགས་པ་ལ་ཐུགས་སྐྱོ་ཚད་མེད་པ་ཤར་བའི་ནུབ་མོ་སྲོད་གདོང་ནག་གི་དུས་སུ། མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་ན་ཡབ་རྗེ་རིག་འཛིན་ཆེན་པོའི་སྐུའི་སྣང་བརྙན་གསལ་བར་མཇལ།
དེ་ནས་མེ་བྱ་དགུང་ལོ་བཅུ་དགུའི་བར་ལོ་གསུམ་དུ་བཅད་རྒྱ་དམ་པར་བཞུགས། ས་ཕོ་ཁྱིའི་ལོར་ཧོར་དམག་བོད་དུ་ལྷགས་ཏེ་སྔ་འགྱུར་གྱི་བསྟན་པ་ཉམས་ཉེས་པར་བཏང་། རྗེ་བཙུན་ཉིད་སྐུ་མཚམས་ལས་ཧར་ཐོན་གྱིས་དབུ་སྐྲ་སྦད་མགོ་དང་སྐུ་ལ་སྣམ་བུ་རྒྱ་ཁྲའི་ན་བཟའ་བཞེས་ཏེ། སྐྱ་ཆས་སུ་བསྒྱུར་ནས་ཞབས་རིམ་མ་འགྱུར་མེད་ཆོས་སྒྲོན་སོགས་དཔོན་གཡོག་ལྔ་གཏེར་བདག་གི་རྒྱབ་རིའི་བརྒྱུད་ནས་བཙན་ཡུལ་སྡེ་པ་དབང་འདུས་པའི་སར་ཞལ་གཏད་ནས་ཕེབས། དེའི་སྐབས་ཧོར་དམག་གིས་དགོན་པ་བདག་ཏུ་བཟུང་། གསང་སྔགས་ཕོ་བྲང་མ་གཏོགས་གཙུག་ལག་ཁང་དང་ཆོས་འཁོར་ལྷུན་པོའི་སྤེན་བད་ཡན། མཆོད་རྟེན་ཆེན་པོའི་ཆོས་འཁོར་ཡན་ཆད་བཤིག །དེ་ནས་བཙན་ཡུལ་དུ་ཕེབས་པའི་ནུབ་སོག་པོས་བཙན་ཡུལ་མནན་པ་ན་སྡེ་པ་དབང་འདུས་ཀྱིས་རྗེ་བཙུན་དཔོན་གཡོག་རྣམས་ཐག་ཤུར་ལ་གདན་དྲངས། དེ་ནས་རིམ་པར་འབྲས་ལྗོངས་སུ་ཡབ་རྗེའི་ལུང་བསྟན་ལྟར་ཕེབས་རྒྱུར་ཕག་རིའི་ཕྱོགས་སུ་ཞལ་གཟིགས་ཏེ་སྤྲང་ཆས་ཀྱིས་ཉིན་མཚན་བར་མེད་སྐུ་ངལ་ཆེན་པོས་བྱོན། དེའི་ཚེ་ལྷ་སར་ལོ་ཆེན་རིན་པོ་ཆེ་དང་། གཅེན་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ་བཀྲོངས་པའི་གཏམ་ངན་གསན་པ་ལ་ཐུགས་སྐྱོ་ཚད་མེད་པའི་ངང་ནས་སྤྱན་ཆབ་བསིལ་ཞིང་མགུར་འདི་གསུངས་སོ། །
རྗེ་ན་མོ་གུ་རུ།
སྐྱབས་གནས་བསླུ་མེད་ཀྱི་བདག་ཉིད། །དྲིན་ཅན་མཚོ་སྐྱེས་ཀྱི་རྡོ་རྗེ། །
ཕ་གཅིག་འགྲན་ཟླ་དང་བྲལ་བ། །ཆོས་རྒྱལ་གཏེར་བདག་གི་གླིང་པ། །
ཞེས་སོགས་གདུང་དབྱངས་ཀྱི་རྒྱང་འབོད་མཛད་པས་ཨོ་རྒྱན་ཡབ་ཡུམ་དང་རྗེ་བླ་མ་དམ་པའི་སྐུ་ཡི་སྣང་བརྙན་མདུན་གྱི་ནམ་མཁར་འཇའ་འོད་ཀྱི་ཀློང་དུ་གསལ་བར་གཟིགས་ཤིང་གདུང་བ་སེལ་བའི་ལུང་དང་། བར་ཆད་དུས་ཀྱི་འགྱུར་ལྡོག་སོགས་ལུང་བསྟན་མང་པོ་གནང་། དེ་ནས་འབྲས་ལྗོངས་བླ་བྲང་ནས་རྫོགས་ཆེན་ཁྲག་འཐུང་དཔའ་བོ་འཇིགས་མེད་རྡོ་རྗེས་སེར་སྦྲེངས་ཀྱིས་བཀུར་སྟི་ཕུན་སུམ་ཚོགས་པས་གསང་སྔགས་ཕོ་བྲང་དུ་གདན་དྲངས་ཏེ་ཞབས་ཏོག་ཚད་མེད་པས་ངལ་བསོ་ཐོབ། དེའི་སང་ཉིན་དགེ་སློང་ཨོ་རྒྱན་རབ་བརྟན་གྱིས་དབུ་སྐྲ་བསིལ་བར་མཛད་དེ་སྔར་བཞིན་རབ་བྱུང་དུ་སྐུ་ལུས་བསྒྱུར། དེ་ཡང་ཡུལ་ཕྱོགས་དེར་རྫོགས་ཆེན་པ་དང་མི་དབང་ས་སྐྱོང་གི་བཀས་ཟིན་ན་མ་གཏོགས་བླ་མ་གཞན་གྱིས་བསྒྱུར་ཁ་དཀའ་ཡང་། རྫོགས་ཆེན་པ་དང་ཆོས་རྒྱལ་ཟུང་ནས་རང་རེ་འབྲས་ལྗོངས་ཀྱི་འོག་ཏུ་ཆུད་པའི་སྐྱེ་བོ་ཀུན། རྗེ་བཙུན་རིན་པོ་ཆེ་ཡུལ་ཕྱོགས་འདིར་ཕེབས་པ་སྐལ་བ་ཤིན་ཏུ་བཟང་། དབང་ལུང་གདམས་པ་རྣམས་སོ་སོའི་གང་འདོད་བཞིན་ཞུ་ཆོག་ཅེས་བཀའ་ཤོག་བཀྲམས། དེའི་ཚེ་དད་ཅན་གྱི་སྐྱེ་བོ་ཕོ་མོ་སྟོང་ཚོ་ཙམ་འདུས་པ་ལ། གཏེར་གསར་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་སྩལ་པའི་ཚེ་རྗེ་བཙུན་བཞུགས་པའི་དབུ་ཐོག་ཏུ་འཇའ་ཚོན་ཁ་དོག་ལྔ་ལྡན་མདུང་ཚུགས་སུ་ཟུག །ཚེ་དབང་ཚུགས་ནས་མ་གྲོལ་གྱི་བར་རྗེའི་དབུ་ཐོག་གི་ནམ་མཁར་བྱ་རྒོད་ཅིག་གཡས་བསྐོར་དུ་འཕུར་ཞིང་ལྡིང་བ་བྱུང་། དེ་ལྟར་མཚན་ལྡན་ཤར་བ་ལས་གདུལ་བྱ་ཀུན་ཡི་རངས་ཤིང་དད་པའི་ས་བོན་བསྐྲུན་པར་མཛད་པ་དང་། རྗེ་བཙུན་ཉིད་ཀྱི་མཚན་ནས་འབོད་ཅིང་འུར་འདིར་གྱིས་རྐྱང་ཕྱག་འཚལ་བ་སོགས་དད་དམ་འགྱུར་བ་མེད་པའི་སྣང་ཚུལ་གསལ་བར་བསྟན། ཁྱད་པར་རྫོགས་ཆེན་པ་དང་མི་རྗེ་ས་བདག་རྒྱལ་པོས་མཚོན་ཞབས་རིམ་ཐུ་བོར་གྱུར་པ་རྣམས་ལ་སྨིན་གླིང་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་དང་། ཨ་ཏིའི་ཟབ་དོན་སྙིང་པོའི་དབང་དང་ཁྲིད་ལུང་སོགས་གནང་། རྫོགས་ཆེན་རིན་པོ་ཆེ་ལས་དཀོན་མཆོག་སྤྱི་འདུས་དང་། རིག་འཛིན་སྲོག་སྒྲུབ་ཀྱི་དབང་ལུང་ཚང་བར་གསན།
དེ་ནས་རེ་ཞིག་སྨིན་གླིང་གི་དུས་ཟིང་ལྷིང་འཇགས་བྱུང་བ་དང་བསྟུན། སླར་ཡང་རྗེ་བཙུན་དཔོན་གཡོག་སྔར་རྒྱུན་སྟེང་གྲྭ་རིགས་རྙིང་པ་འགའ་དང་བཅས་འབྲས་ལྗོངས་ནས་བོད་དུ་ཆིབས་ཞལ་བསྒྱུར། སྨིན་གླིང་རི་གཞོལ་དུ་སླེབས་མ་ཐག་སྔར་ལྷའི་དགའ་ཚལ་དང་མཉམ་པའི་གནས་དེ་གསང་སྔགས་ཕོ་བྲང་ཙམ་མ་གཏོགས་བླ་བྲང་ཟུང་དང་། མཆོད་རྟེན། གྲྭ་ཤག་གིས་མཚོན་གྱང་སྟོང་དུ་རོང་ངེར་འདུག་པ་ལ། ཡབ་རྗེ་ཁུ་དབོན་རྣམས་ཀྱི་སྐུ་དུས་སུ་ཡོད་པའི་སྟོབས་འབྱོར་ལོངས་སྤྱོད་རྣམས་དྲན་ཏེ་བཟོད་བརླག་མེད་པའི་སྡུག་བསྔལ་གྱིས་མནར་བར་གསུངས། དེའི་ཚེ་མི་དབང་ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱལ་ནས་རྗེ་བཙུན་ཉིད་ལ་མི་ཕྱེད་པའི་དད་གདུང་དྲག་པོས་མཇལ་བར་བྱོན་ཏེ་དབུ་ཞྭ་དང་ན་བཟའ་གསོལ་ཞིང་། ཆིབས་རྟ་དཀར་པོ་སྒ་སྲབ་རྒྱན་གྱིས་སྤྲས་པ་བཅས་ཕུལ། དེ་ནས་དབུ་ཆོས་བགྲེས་པ་རྣམས་ཀྱིས་བཀུར་སྟིའི་ཞབས་ཏོག་དང་བཅས་གཟིམས་ཆུང་བདེ་ཆེན་ཡང་རྩེར་སྤྱན་དྲངས་ཏེ་མཇལ་འཕྲད་དང་། གྲྭ་ཚང་འདུས་ཚོགས་སུ་མང་འགྱེད་དང་སྦྱོར་འཇགས་མཛད། དེ་རྗེས་ཀླུ་སྡིངས་ལྷ་དབང་དགའ་ཚལ་གྱི་ཞིག་གསོ་ཚུགས་ཤིང་ལེགས་པར་གྲུབ་རྗེས་རབ་གནས་ཀྱི་ཆོ་ག་བསྐྱངས། དེ་ནས་ཀོང་པོར་ཕེབས་རྒྱུར་ཡང་རེ་ཞིག་དམ་པའི་ཆོས་ཀྱི་སྦྱིན་པས་དབུས་གཙང་། མངའ་རིས། ལྷོ་མོན། ལྷོ་བྲག །དྭགས་པོ་དང་ཁམས་སྟོད་སྨད་བར་གསུམ། དབུ་རུ་དང་གཡོ་རུ་ཕྱོགས་ཀྱི་དད་ཅན་ཕོ་མོ་ཆོས་སྤྱན་ལྡན་པ་མང་པོའི་རེ་འདོད་སྐོང་བར་མཛད་པས་ཕྱོགས་ཀུན་ཏུ་གྲགས་སྙན་གྱིས་ཁྱབ།
དེ་ནས་ཀོང་པོར་བྱོན་ཏེ་འགྲོ་དོན་བསྐྱངས་ཤིང་རིམ་པར་ལྷ་ལྡན་དུ་ཆིབས་ཁ་བསྒྱུར། དེར་༸རྒྱལ་བའི་དབང་པོ་སྐལ་བཟང་རྒྱ་མཚོ་མཇལ་ཕྱག་ཏུ་བྱོན། གཙུག་ཕུད་འབུལ་བར་མཛད་དེ་མཚན་རྗེ་བཙུན་ཤེས་རབ་སྒྲོན་མ་ཞེས་སྩལ་ཏེ་མེ་ཏོག་འཐོར་བར་མཛད། རྩེའི་འཕགས་པ་ལོ་ཀེ་ཤྭ་ར་སོགས་གནས་རྟེན་ངོ་མཚར་རྣམས་མཇལ། བོད་འབངས་ཡུན་དུ་བདེ་བའི་སྨོན་ལམ་གསུངས་ཤིང་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་སྒོ་ནས་ཚེ་སྒྲུབ་དང་། གདུལ་བྱ་དད་ཅན་རེ་ལ་ཚེ་དབང་བརྒྱ་རྩ་གཏེར་གསར་དྲག་དམར་གྱི་སྨིན་བྱེད་དབང་དང་པོ་ཏིའི་ལུང་རྣམས་སྩལ། གཞན་ཡང་སྐལ་ལྡན་འགའ་ཞིག་ལ་རིག་འཛིན་ཐུགས་ཐིག་འགྱུར་མེད་ཚེ་དབང་ཕུན་ཚོགས་ལ་བྱད་གྲོལ་དང་ཚེ་དབང་རྣམས་སྩལ། དེ་སྐབས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཞིག་གསོའི་ཨར་ལས་ཚུགས་ཤིང་མཆོད་རྟེན་ཙམ་མ་གཏོགས་ཕལ་ཆེར་གྲུབ།
དེ་ནས་མཁའ་སྤྱོད་བདེ་ཆེན་གླིང་མ་ཡུམ་ཕུན་ཚོགས་དཔལ་འཛོམས་ཀྱི་གཟིམས་སྤྱིལ་ཕྱིས་ལོ་ཆེན་དྷརྨ་ཤྲཱིས་བདེ་གཤེགས་ཀུན་འདུས་ཀྱི་བསྙེན་སྒྲུབ་མཛད་པ་ཉིད་ཧ་ཅང་ཆུང་དྲགས་པ་ལ། རྗེ་བཙུན་ཌཱཀྐཱིའི་གཙོ་མོ་མཆོག་གི་གཟིམས་སྤྱིལ་དུ་ལས་དཔོན་དགེ་སློང་གྲགས་པས་མཛད་དེ་བཞེངས། གཅེན་ཁྲི་རཏྣ་བི་ཛ་དང་། རྗེ་བཙུན་མཆོག་གིས་དབུས་གྲྭ་ཚང་དགེ་བཤེས་རྣམས་ཀྱིས་གཏེར་གསར་བླ་མ་ཞི་བའི་སྒོ་ནས་རབ་གནས་ཀྱི་ཆོ་ག་མཛད་ཅིང་བཀྲ་ཤིས་པའི་མེ་ཏོག་འཐོར། དེའི་ཚེ་ནམ་མཁའ་དྭངས་ཤིང་ཉི་ཁྱིམ་ཀྱི་འཇའ་སྐོར་ཤར་བ་སོགས་དགེ་མཚན་མང་དུ་བྱུང་།
དེ་ནས་ལོ་གསུམ་དུ་བཅད་རྒྱ་དམ་པར་བཞུགས་ཤིང་གཏེར་གསར་དྲག་དམར་གྱི་ལྗགས་བསྒེན་བསྐྱར་གདབ་དང་། གཙོ་བོར་རྫོགས་རིམ་གྱི་ཏིང་ངེ་འཛིན་ཁོ་ན་ལས་མ་གཡེངས་པར་ཐུན་མཚམས་རྒྱུན་གྱི་རྣལ་འབྱོར་དང་སྦྲགས་ཤ་འུག་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཟབ་ལམ་བདེ་གཤེགས་ཀུན་འདུས་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་རྣམས་སྨིན་པར་མཛང། དེ་ལྟར་ལོ་གསུམ་གྱི་བཅད་རྒྱ་གྲོལ་རྗེས་སྐལ་ལྔན་རྣམས་ལ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་དང་མཁའ་འགྲོའི་སྙིང་ཐིག་རྣམས་ཀྱི་ཁྲིད་བཀའ་སྩལ།
དགུང་ལོ་སོ་བཞིར་ཕེབས་པ་མེ་བྱིའི་ལོར་ཡབ་རྗེའི་ཞལ་སློབ་འགྱུར་མེད་རྣམ་གྲོལ་དང་འགྱུར་མེད་མཐར་ཕྱིན་རྣམས་ལ་མཁའ་འགྲོའི་ཟབ་ཁྲིད་གསུངས། དགུང་གྲངས་སོ་དགུར་ཕེབས་པ་ན་སླར་ཡང་ཤ་འུག་སྟག་སྒོར་ཆིབས་བསྒྱུར་ཐོག་བསྟན་འགྲོའི་བདེ་ཐབས་ཆེད་བདེ་གཤེགས་ཀུན་འདུས་ཀྱི་སྒོ་ནས་སྦྱིན་སྲེག་དང་ཚོགས་བརྒྱ་རབ་གནས། མཁའ་འགྲོའི་མེ་མཆོད། འཕྲིན་བཅོལ་གཉེར་གཏད། དར་དཀར་པོ་དྲི་མ་མེད་པ་ལ་བཀའ་རྩོམ་ཐོག་བོད་འབངས་བདེ་བའི་སྨོན་ལམ་བཅས་མཛད། དེར་ཚོགས་པའི་སྐྱེ་འགྲོ་དད་ཅན་རྣམས་ལ་འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་དང་ཆོས་དང་དམ་རྫས་ཀྱི་སྦྱིན་པས་ཚིམས་པར་མཛད་པ་སོགས་བསྟན་འགྲོ་ལ་སྨན་པའི་མཛད་པ་མང་དུ་མངའ།
དེ་ནས་ཚུར་ཆིབས་བསྒྱུར་གྱིས་ས་རྟ་དགུང་ལོ་བཞི་བཅུར་ཕེབས་པའི་ཚེ་སྐལ་ལྔན་རྡོ་རྗེའི་སྤུན་གྲོགས་ཉིས་བརྒྱ་བདུན་ཅུ་ཙམ་ལ་རྫོགས་ཆེན་ཨ་ཏི་ཟབ་དོན་སྙིང་པོའི་དབང་ཁྲིད་དང་། རིག་འཛིན་ཐུགས་ཐིག །རྡོར་སེམས་ཐུགས་ཀྱི་སྒྲུབ་པ། བདེ་གཤེགས་ཀུན་འདུས་བཅས་ཀྱི་དབང་དང་ཁྲིད་ལུང་རྫོགས་པར་སྩལ། འདིའི་སྐབས་འབྲས་ལྗོངས་རྫོགས་ཆེན་པ་བྱོན་ཏེ་མཇལ་འཕྲད་མཛད། དེ་ནས་མདོ་ཁམས་ནས་བླ་མ་རྟ་མགྲིན་ཕེབས་པ་ལ་གཏེར་གསར་དང་། མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད། དོང་སྤྲུགས་དང་ཁྲོས་ནག་གི་དབང་རྣམས་རྒྱས་པར་སྩལ་ཏེ་ལོ་གཅིག་ཏུ་བཅད་རྒྱར་བཞུགས།
ལྕགས་སྤྲེལ་དགུང་ལོ་ཞེ་གཉིས་པ་ཟླ་བ་གསུམ་པའི་ཚེས་གསུམ་ནས་ལྔ་པའི་ཚེས་ལྔའི་བར། ཞལ་སློབ་ལྔ་བརྒྱ་དང་དྲུག་ཅུའི་སྐོར་ལ་གསང་བ་སྙིང་ཐིག་མ་བུའི་དབང་དང་ཟབ་ཁྲིད་སྨིན་པར་སྩལ་བའི་སྐལ་བཟང་ཐོབ། དེ་རྗེས་རྡོ་རྗེ་ཕུར་བུ་ཡང་གསང་སྤུ་གྲིའི་བསྙེན་སྒྲུབ་ལོ་གཅིག་ཏུ་མཛད། སྔ་ཕྱི་ཀུན་ཏུ་བླ་མ་གསང་འདུས། རྡོར་སེམས་ཐུགས་སྒྲུབ། འཇམ་དཔལ་དྲེགས་འཇོམས་རྣམས་ཀྱི་བསྙེན་སྒྲུབ་སྨིན་པར་མཛད་དེ་མཚན་མའི་དགེ་ལྟས་བཟང་པོ་ཅི་རིགས་པ་བྱུང་། ཁྱད་པར་རིག་པའི་རྒྱལ་པོའི་ལྗགས་བསྙེན་མཛད་པའི་སྲོད་ཐུན་ཞིག་ལ་མདུན་གྱི་ནམ་མཁར་རིག་པའི་རྒྱ་མཚོ་སྐུ་གཡོ་མེད་དུ་ཆུ་ཚོད་གཅིག་གི་བར་བསྟན་ཅིང་། རྗེ་བཙུན་ཉིད་སྔོན་རྒྱ་གར་དུ་བྲམ་ཟེ་མོ་གཟུགས་ཀྱི་ཉི་མ་དང་། དགེ་སློང་མ་དཔལ་མོ་རྣམས་ཀྱི་སྐྱེ་འཕྲེང་དུ་གཟིགས་ཤིང་ལུང་བསྟན་ཐོབ། སྙིང་ཐིག་མ་བུ་གཅིག་དྲིལ་གྱི་གདམས་པ་ཁྲིད་ཡིག་བདེ་ཆེན་ལམ་བཟང་། དེའི་སྔོན་འགྲོ་ཆོས་སྤྱོད་དང་། གཞན་ཡང་རྗེ་བཙུན་ཉིད་ཀྱི་བླ་མའི་རྣལ་འབྱོར་གདུང་བའི་མུན་སེལ། གར་དབང་ཚེ་དཔག་མེད་ཀྱི་བརྒྱུད་འདེབས། རྡོར་སེམས་ཐུགས་སྒྲུབ། གཅོད་ཁྲིད་ཀྱི་བརྒྱུད་འདེབས། ཐུགས་ཐིག་སོགས་གཏེར་གསར་རྣམས་ཀྱི་བརྒྱུད་འདེབས། དཀོན་མཆོག་སྤྱི་འདུས་ཀྱི་དབང་ཆོག་སྐལ་བཟང་དགའ་བྱེད། དེའི་ཁྲིད་ཡིག་མན་ངག་གསལ་སྒྲོན། རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་བསྐང་གསོ་ཀུན་བཟང་རོལ་མཚོ་སོགས་སྔ་ཕྱིར་བཀའ་རྩོམ་གསར་དུ་མཛད་པ་མང་དུ་མཆིས། དེ་ལྟར་ཞབས་རིམ་པ་རྣམས་ལེ་ལོའི་དབང་བཞི་པས་ཟིན་ཐོར་མ་བཀོད་པ་ལས་མངའ་རིས་དང་འབྲས་ལྗོངས་སོགས་ཡུལ་གྲུ་དུ་མར་ཞབས་ཀྱིས་བཅགས་ཤིང་གསོལ་འདེབས། ཞལ་གདམས། གསུང་མགུར། དཀར་ཕྱོགས་ཀྱི་ལྷའི་གསོལ་མཆོད་སོགས་མང་པོ་ཡོད་ཅེས་རྗེ་བཙུན་ཉིད་ནས་གསུངས་པར་གྲགས།
དེ་ནས་ས་འབྲུག་ལོར་མངའ་རིས་གུང་ཐང་རྒྱལ་པོའི་གདུང་ཐ་སྲས་ལྕམ་སྐུ་ཞབས་དཔོན་གཡོག་རྣམས་ལ་མཇལ་ཁ་དང་། ཚེ་བདག་དྲག་དམར་གྱི་དབང་། སྤྱན་རས་གཟིགས་ཡི་གེ་དྲུག་མའི་ལྷ་ཁྲིད་རྣམས་སྩལ། གཞན་ཡང་འབྲས་ལྗོངས་རྫོགས་ཆེན་སྤྲུལ་སྐུའི་ཡང་སྲིད་དཔོན་གཡོག་རྣམས་ཆེད་བཅར་ཕེབས་པ་ལ་སྙིང་ཐིག་ཆེན་མོ་དང་། མཁའ་འགྲོ་སྙིང་ཐིག །དཀོན་མཆོག་སྤྱི་འདུས། རིག་འཛིན་སྲོག་སྒྲུབ། ཡབ་རྗེ་བླ་མའི་གཏེར་གསར་བཅས་ཀྱི་དབང་དང་ཟབ་ཁྲིད་སྨིན་པར་གནང་། དེ་ནས་སྒྲུབ་སྡེ་འཆི་མེད་བཀོད་དུ་ཕེབས་ཏེ་ལོ་ལྟར་ཧོར་ཟླ་བཞི་པ་ནས་དགུ་པའི་བར་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ཀྱི་བཤད་པ་མཛད་དེ་བློ་གསར་རྣམས་ལ་ཐོལ་བྱུང་གི་ཤེས་རབ་བསྐྱེད་པའི་ཐབས་སུ་སྐུ་ངལ་བསྐྱངས། དེའི་ཚེ་འཁོར་རྣམས་ལ་ཀྱེ་མ་རང་རེའི་མ་དགོན་དུ་དོན་མཐར་ཕྱིན་པ་ཤིན་ཏུ་དཀོན་ལ་བྱེད་ལོ་ཐོས་ལོ་ཙམ་ལས་མི་འདུག་ཅེས་གསུངས་ཤིང་། རང་གནས་སུ་ཕེབས་ཏེ་ཕལ་ཆེར་བཅད་རྒྱ་མཛད། ལོ་ལྟར་ཟླ་བ་གསུམ་པ་ཤར་མཚམས་སུ་ཕྱོགས་འདུས་ཀྱི་ཆོས་ཞུ་བ་རྣམས་ཀྱི་བློ་དང་འཚམ་པའི་རེ་འདོད་ལྟར་དམ་པའི་ཆོས་ཀྱི་སྦྱིན་པས་སྨིན་པར་མཛད། དེ་དག་གི་སྐབས་ཤིག་ལ་མདོ་ཁམས་པ་རྫོགས་ཆེན་བླ་མ་དཔོན་གཡོག་རྣམས་ལ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་དང་། རི་ཆོས་ཟབ་དོན་གྱི་ལུང་རྣམས་གསུངས།
མེ་ཕག་ཧོར་ཟླ་བཞི་པའི་ཚེས་བརྒྱད་ནས་བཟུང་དོ་ནང་པད་གླིང་སྤྲུལ་སྐུ་དཔོན་གཡོག་གསུམ། སྨིན་གླིང་གྲྭ་མང་དང་། སོག་བུ་བསམ་གཏན་ཆོས་གླིང་གི་བཙུན་མ་མང་པོ། དབུས་གཙང་གི་ཞལ་སློབ་སོགས་འདུས་པ་བརྒྱ་དང་ཞེ་བདུན་སྐོར་ལ་ཐུགས་ཐིག་གི་ཟབ་ཁྲིད་སྨིན་པར་སྩལ།
ས་བྱི་ཧོར་ཟླ་གཉིས་པར་ཡབ་རྗེ་འགྲོ་འདུལ་གཏེར་བདག་གླིང་པའི་དུས་མཆོད་དུ་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་མཆོད་སྔར་སྲོལ་ལས་ལྷག་པའི་ཞབས་ཏོག་དང་འབུལ་ཚན་གྱ་ནོམ་པའི་སྟ་གོན་ཐོག་དངོས་གཞིའི་ཉིན་ཚོགས་ཕེབས་ངོས་འདུས་ཚོགས་ཡོངས་ལ་ཕྱག་འགྱེད་དང་བསྟན་རྒྱུན་སྦྱོར་འཇགས་སོགས་མཆོད་འབུལ་བསྙེན་བཀུར་རྒྱས་པར་མཛད། ལུང་ལས་རེ་ཞིག་གླིང་འདིར་མཛད་པ་རྫོགས་ནས་སླར་སྐྱེ་བ་མི་འབྱོན་པ་ལྟར་གསུངས་ནའང་། བུ་སློབ་གདུལ་བྱ་རྣམས་ནས་བསྟན་འགྲོ་སྤྱི་དང་། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་དགོངས་ཏེ། ཐུགས་རྗེའི་གཟིགས་པ་མི་གཡོ་བར་སྐུ་སྐྱེ་ཚར་གཅིག་ཅིས་ཀྱང་ཕེབས་མཛོད་ཅེས་ནན་གྱིས་ཞུས་པ་ལ། རྗེ་བཙུན་ཉིད་ནས་རེ་ཞིག་སྐྱེ་རྒྱུན་འདིས་ཆོད་པ་ཡིན། འོན་ཀྱང་འདིའི་འོག་ཏུ་ལན་གཅིག་རྟེན་དགེ་སློང་ཞིག་ཏུ་སྐྱེ་བ་ལེན། དེ་ཡང་འཕྲལ་དུ་ཡོང་བའི་ངེས་པ་མེད། དེ་དུས་ངེད་རང་རྣམས་འཛོམས་པ་ཡོང་གསུངས།
དེ་ནས་དགུང་ལོ་དོན་གཅིག་བཞེས་པ་ས་གླང་ཟླ་བ་བཞི་པའི་འགོར་གྲྭ་ཚང་དང་། བསམ་གཏན་ཆོས་གླིང་སོགས་འདུས་པ་བརྒྱ་དང་དྲུག་ཅུའི་སྐོར་ལ་ཟབ་ཁྲིད་ཀྱི་གདམས་པ་རྒྱས་པར་གནང་། ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་ནས་དོ་ནང་པད་གླིང་སྤྲུལ་སྐུ་སོགས་དོན་གཉེར་ལྡན་པའི་སྐལ་ལྡན་བརྒྱ་ཕྲག་ཙམ་ལ་བདེ་གཤེགས་ཀུན་འདུས་ཀྱི་ཟབ་ཁྲིད་མ་ལུས་པ་རྫོགས་པར་སྩལ་ནས་བཀའ་ལས། སྤྱིར་རྒྱལ་བའི་བསྟན་ཞབས་དང་སྙིང་པོའི་བསྟན་པ་ནི་ཉག་ཤིན་ཏུ་ཕྲ་བས་ནུབ་མ་རག་ལ་ཐུག་འདུག་པས། ཁྱེད་རྣམས་ཀྱིས་ཉམས་ལེན་ལ་ནན་ཏན་མཛད་དགོས། ཁྱད་པར་རང་རེའི་ཆོས་རྒྱུན་རྗེ་གཏེར་ཆེན་བླ་མའི་ཞལ་སློབ་འཆད་སྤེལ་ནུས་པ་ད་རང་ངེད་ཙམ་ལས་མེད་པ་ལྟར་འདུག་པས། ངེད་རྒས་གཤིས་དཀའ་སྦྱོང་ཆེ་ཡང་ཆོས་རྒྱུན་ལ་བསམ་པའི་ངང་ཁྱད་དུ་བསད་ནས་ད་རེས་གདམས་པ་ལྷག་མ་མ་ལུས་པ་ཕུལ་བ་ཡིན་པས། ད་ནི་ལུས་ངལ་ཞིང་མིག་དབང་ཡང་འགྲིབས་འགྲོ་བ་འདུག་པས་རེ་ཞིག་སྡོད་སྲིད་ཀྱང་། ད་རེས་ལྟ་བུའི་སྨིན་ཁྲིད་བྱེད་པ་ཞིག་ཡོང་མི་འགྲོ། དེས་ན་གཞན་དོན་གྱི་སྔོན་དུ་རང་རྒྱུད་སྨིན་དགོས་པས་ཐམས་ཅད་ཀྱིས་གཙོ་བོར་ཉམས་ལེན་ལ་རང་བྱན་ཆུད་པ་ཞིག་མཛད་དགོས། དེ་ཐོག་ནས་འཆད་སྤེལ་གང་ནུས་ཀྱི་འབད་པ་འདོན་དགོས་ཞེས་བཀའ་སྩལ་བས་དེར་འདུས་ཚོགས་རྣམས་མིག་མཆི་མས་གང་ཞིང་ཡིད་དྲན་པ་སྟོར་བ་ལྟར་གྱུར།
མདོར་ན་བདེ་ཆེན་ཌཱཀྐཱིའི་གཙོ་མོ་དེ་ཉིད་ཀྱིས་འདུལ་བྱར་གྱུར་པའི་སྐལ་ལྡན་རྣམས་གསང་ཆེན་རྡོ་རྗེ་ཐེག་པའི་གདམས་པ་བདུད་རྩི་ལྟ་བུས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། ཟླ་བ་བདུན་པའི་ཚེས་གཅིག་ནས་ཅུང་ཟད་སྙུན་གྱིས་ཟིན་པའི་ཚུལ་བསྟན་པ་ལ། དེར་ཞབས་བརྟན་དང་འཚོ་བྱེད་ཀྱི་སྨན་དཔྱད་སོགས་ཞུས་པར་མི་བཞེས་ཤིང་། ད་རིམ་འགྲོ་མ་བྱེད་ཅི་བྱེད་པ་ཡིན་གསུངས། གཟིམས་དཔོན་འགྱུར་མེད་གཡང་འཛོམས་ལ་ང་ཡི་རྗེས་གཅོད་ཁྱོད་ཀྱིས་གྱིས། ང་རང་གཉིས་འབྲེལ་བ་ནམ་ཡང་མི་སྤོང་ཞེས་དང་། དེ་ནས་གསུང་བཅད་དེ་ཏིང་ངེ་འཛིན་ཁོ་ན་ལ་གནས་ཤིང་སྤྱན་གྱེན་དུ་དྲིལ་བའི་ལྟ་སྟངས་ལས་མི་གཡེལ་བར་བཞུགས་པ་ནི། དོན་ལ་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ལས།
ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །
རྒྱལ་མཚན་བ་དན་སྣ་ཚོགས་དང་། །སིལ་སྙན་སྒྲ་ནི་སྣ་ཚོགས་ཀྱིས། །
འཆི་བ་ཞེས་པ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །
ཅེས་འབྱུང་བ་ལྟར། ཚེས་བཅུའི་ཐོ་རེངས་ཀྱི་ཆར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། སྐུ་གཞོན་ཉམས་རྒྱས་ལ་གཟི་བྱིན་ལྡན་པས་སྐྱིལ་ཀྲུང་དང་། ཕྱག་གཡས་པ་སྙན་གོང་གཡས་ཀྱི་ཐད་སེ་གོལ་མཛད་པའི་བརྡ་དང་། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། སྤྱན་གྱེན་དུ་ཧྲིལ་གྱིས་དྲིལ་བ་དང་འཛུམ་མདངས་ལྡན་པའི་ངང་ཆོས་སྐུའི་ལྟ་སྟངས་ཀྱིས་དབུ་གཙུག་ཆེར་འཕགས་པའི་དྭངས་མའི་ཟིལ་པ་རླུང་དང་བཅས་པ་ཁོལ་ཞིང་ལུད་པ་སོགས་ཡེ་ཤེས་གོང་འཕོའི་རྟགས་ངོ་མཚར་བ་ཀུན་གྱི་སྤྱོད་ཡུལ་དུ་བསྟན་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཞི་དབྱིངས་ཀ་དག་ཆེན་པོའི་ཀློང་དུ་བསྡུས་ཏེ། རང་སྣང་འོད་གསལ་གྱི་ཞིང་ཁམས་མཁའ་སྤྱོད་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་རིག་པ་འཛིན་པའི་དཔའ་བོ་དང་། རྣལ་འབྱོར་མ་རྣམས་ཀྱི་ཚོགས་དཔོན་དུ་གཤེགས་སོ། །
རྒྱུ་དང་འབྲས་བུ་གསང་སྔགས་ཐེག་པ་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །
ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།[1] །།
[1] སྨིན་གྲོལ་གླིང་གི་གདན་རབས་མཁན་བརྒྱུད་རིམ་བྱོན་གྱི་རྣམ་ཐར་གཡུལ་ལས་རྣམ་པར་རྒྱལ་བའི་དགའ་སྟོན། དེབ་གཟུགས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། ༢༠༠༢ ལོ། ཤོག་གྲངས་ ༧༩ ནས་ ༡༠༢ བར་བཞུགས་པ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།