ཏ༽ ཀླུ་སྒྲུབ་ཀྱིས་གསང་སྔགས་རྫུན་སྒྲིག་བྱས་མིན།

ཏ༽ ཀླུ་སྒྲུབ་ཀྱིས་གསང་སྔགས་རྫུན་སྒྲིག་བྱས་མིན།

 

དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[1]།

རྣམ་ཀུན་མཆོག་ལྡན་འཇའ་ལུས་རྡོ་རྗེའི་སྐུ། །སྒྲིབ་བྲལ་འོད་གསལ་དབྱིངས་དང་རོ་གཅིག་པ། །

ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་མཛད་དེ། །ཁམས་གསུམ་འགྲོ་བའི་སྐྱབས་གྱུར་ཁྱོད་ཕྱག་འཚལ། །

ཞེས་བསྔགས་པ་མཛད་ལ། འདིར་དོ་སྣང་བྱེད་དགོས་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པས་བྲམ་ཟེ་ས་ར་ཧ་ལས་སྔགས་ཀྱི་དབང་དང༌། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ལས་དགེ་སློང་གི་སྡོམ་པ་ཞུས་པར་གསུངས་པས། དང་པོ། ཀླུ་སྒྲུབ་ཀྱིས་གྲུབ་ཆེན་ས་ར་ཧ་ལས་སྔགས་ཀྱི་དབང་དང་སྡོམ་པ་ཞུས་པའི་སྐོར་ལ་ཉེ་དུས་ཀྱི་མཁས་པ་རྣམས་ལ་ལྟ་ཚུལ་མི་འདྲ་བ་མང་པོ་ཞིག་བྱུང་ཡོད། དེ་དག་སོ་སོར་ཕྱེ་ན། རྩུབ་པོར་སྨྲ་བ་དང༌། འཇམ་པོར་སྨྲ་བ་གཉིས་སུ་འདུ་ལ། རྩུབ་པོར་སྨྲ་བ་རྣམས་ནི་གསང་སྔགས་པ་རྣམས་ཀྱིས་ས་ར་ཧ་ཀླུ་སྒྲུབ་ཀྱི་སློབ་དཔོན་ཡིན་པར་སྨྲ་བ་དང༌། ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་གཞུང༌། མདོར་བྱས། མདོ་བསྲེ། རིམ་ལྔ་སོགས་མཛད་པར་སྨྲ་བ་ནི་གསང་སྔགས་ཀྱི་ཆོས་དེ་ཁུངས་བཙན་པོ་ཡིན་པར་སྒྲོག་པའི་སླད་དུ་དེ་དག་རང་ཉིད་ཀྱིས་ལྐོག་ཏུ་རྫུན་སྒྲིག་བྱས་ཏེ་ཀླུ་སྒྲུབ་ལ་ཁ་གཡར་བ་ཁོ་ནའོ་ཞེས་སྨྲ་སྟེ། འདི་དག་རྣམས་ནི་ཕ་རོལ་པོས་རྫུན་སྒྲིག་བྱས་པར་སྔར་ནས་ཐག་བཅད་ཟིན་ནས། སུས་རྫུན་སྒྲིག་བྱས་པ་དང༌། དེས་ཇི་ལྟར་རྫུན་སྒྲིག་བྱས་པའི་ཚུལ། དེའི་སྒྲུབ་བྱེད་རྣམས་རྗེས་སུ་བཙལ་དགོས་པ་རྣམས་སོ།།

འཇམ་པོར་སྨྲ་བ་རྣམས་ནི་ཞེ་ཕུག་ལ་གསང་སྔགས་ཕྱིས་སུ་བྱུང་བ་སྨྲ་བར་མོས་མཐུན་ཡོད་ཀྱང༌། གསང་སྔགས་པ་རྣམས་དང་རྒྱབ་འགལ་བྱེད་པར་མོས་མཐུན་མེད་པས། རེ་ཞིག་གསང་སྔགས་པ་རྣམས་ལ་སེམས་གསོ་བྱེད་པའི་ཆེད་དུ། རང་ཉིད་ཀྱིས་ཀླུ་སྒྲུབ་སྔ་མ་དང་ཀླུ་སྒྲུབ་ཕྱི་མ་གཉིས་[2]སུ་རྫུན་སྒྲིག་བྱས་ཏེ། ཀླུ་སྒྲུབ་སྔ་མ་ནི་དབུ་མའི་ཤིང་རྟའི་སྲོལ་འབྱེད་དང་། ཕྱི་མ་ནི་གསང་སྔགས་ཀྱི་སློབ་དཔོན་ཡིན་པར་བཤད་དེ། དེ་དག་ནི་འཇམ་པོའི་ཐབས་ཀྱིས་གསང་སྔགས་པ་རྣམས་ཀྱི་རྫུན་ཕུག་བརྟོལ་བར་འདོད་ནས། དེའི་ཆེད་དུ་རང་ཉིད་རྫུན་སྒྲིག་བྱེད་པར་བརྩོན་པ་རྣམས་སོ།།

བདག་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་སྔགས་ཀྱི་དབང་ཞུས་ཤིང་སྔགས་ཀྱི་གཞུང་འདི་དག་བརྩམས་པར་འདོད་དེ། གཞོན་ནུ་སྲོག་གིས་གསང་ཚིག་དང་རིག་སྔགས་ལ་མངའ་བརྙེས་པར་གྱུར་ཏོ་ཞེས་གསུངས་པའི་ཕྱིར་དང༌། ཧན་རྒྱལ་རབས་མཇུག་གི་རྒྱལ་ཁབ་གསུམ་གྱི་དུས་ཏེ། ཕྱི་ལོ་ ༢༢༠ ནས་ ༢༦༥ བར་དུ་རྒྱ་ནག་སྐད་དུ་གསང་སྔགས་ཀྱི་གཞུང་མང་པོ་བསྒྱུར་བར་གསུངས་པས། ཀླུ་སྒྲུབ་ཀྱི་སྐུ་ཚེ་སྨད་ཙམ་ལ་གསང་སྔགས་རྒྱ་གར་དུ་ཤིན་ཏུ་དར་བར་མ་ཟད། རྒྱ་ནག་སྐད་དུའང་བསྒྱུར་བས་ཀླུ་སྒྲུབ་ཀྱི་སྐུ་དུས་སུ་གསང་སྔགས་མེད་པར་འདོད་པ་ནི་ཧ་ཅང་ཐལ་ལོ། །གཞན་ཡང་སྒྲུབ་བྱེད་ཤིན་ཏུ་མང་ཡང་ཡི་གེ་མང་བར་དོགས་ནས་མ་བྲིས་སོ།།

དེའི་དུས་སུ་དར་ཡང་ཀླུ་སྒྲུབ་ཀྱིས་མི་མཁྱེན་པའམ་ཐུགས་མི་མཉེས་སོ་གསུངས་ན། དེའི་སྒྲུབ་བྱེད་ནི་རང་ཉིད་གསང་སྔགས་ལ་མི་མོས་པ་ཙམ་དུ་ཟད་པས། ཉི་ཟླ་དཔང་པོར་བཅོལ་ཏེ་མནའ་བསྐྱལ་ན་ལེགས་སོ། །འོ་ན་འདི་དག་གིས་དེ་ལྟར་འདོད་པའི་རྒྱུ་མཚན་གང་ལ་ཐུག་ཅེ་ན། འདི་དག་གི་ཁྲོད་དུ་སངས་རྒྱས་ཀྱིས་ནི་ཉན་ཐོས་སྡེ་པའི་གཞུང་ཁོ་ན་གསུངས་པ་ལས། ཐེག་ཆེན་གྱི་མདོ་གཏན་ནས་མ་གསུངས་ཤིང༌། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ནི་ཕྱི་ལོའི་དུས་རབས་དང་པོའི་སྔོན་རྗེས་ནས་རིམ་བཞིན་རྫུན་སྒྲིག་བྱས་པ་ཡིན་ལ། དེ་ཡང་བྱེད་པོའི་གཙོ་བོ་ཀླུ་སྒྲུབ་ལ་སོགས་པ་ཡིན་པར་དོགས་སོ།།

གསང་སྔགས་ནི་དུས་རབས་བདུན་པ་བརྒྱད་པ་ཙམ་ནས་བྲམ་ཟེའི་ཆོས་ལ་དཔེར་བླངས་ནས་རིམ་བཞིན་རྫུན་སྒྲིག་བྱས་པ་ཡིན་པར་འདོད་དེ། དེའི་རྒྱུ་མཚན་ཡང་མཐར་གཏུགས་ན་དམ་ཆོས་གང་ནས་གདན་དྲངས་པའི་ལྷ་ཀླུ་སོགས་མི་མ་ཡིན་པའི་འགྲོ་བ་ཁས་མི་ལེན་པ་ལ་ཐུག་ཅིང༌། དེའང་མཐར་གཏུགས་ནས་འཇལ་བྱེད་ཀྱི་ཚད་མ་ལ་མངོན་སུམ་ཚད་མ་ཁོ་ན་ལས་རྗེས་དཔག་ཚད་མ་གཏན་ནས་ཁས་མི་ལེན་པ་ལ་ཐུག་པས། ཆོས་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ཡང་འཇིག་རྟེན་ཕྱི་མའི་མངོན་མཐོ་དང་མཐར་ཐུག་གི་ངེས་ལེགས་ལ་སོགས་པ་དོན་དུ་གཉེར་བ་ནི་གཏན་ནས་མིན་པས། དེ་དག་ནི་ཆོས་ལ་དད་པ་བྱེད་མཁན་ཡིན་ན། ཆོས་ཀྱི་ཞིབ་འཇུག་པ་ཚད་ལྡན་མ་ཡིན་པས་ཁྱབ་པར་ཁས་ལེན་པས། ཆོས་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་གང་ཡིན་པའང་ཤེས་སླའོ།།

གཉིས་པ། ཀླུ་སྒྲུབ་ཀྱིས་སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ལས་དགེ་སློང་གི་སྡོམ་པ་ཞུས་པའི་སྐོར་ནི། ཇོ་ནང་ཏཱ་ར་ནཱ་ཐས་ཀྱང་བཤད་ལ། ཀླུ་སྒྲུབ་ཀྱིས་མཛད་པའི་ཤེར་ཕྱིན་མན་ངག་ནའང་སྒྲ་གཅན་འཛིན་བཟང་པོའི་གཞུང་དྲངས་པ་སྔར་བཤད་ཟིན་པ་ལྟར་རོ།།

གླིང་བར་ནས་གསེར་འགྱུར་གྱི་རྩི་བླངས་ཏེ་གསེར་འགྱུར་བྱས་ནས་དགེ་འདུན་གྱི་གདུགས་ཚོད་སྦྱར་ནས་མུ་གེ་ལས་བསྐྱབས་པའི་རྐྱེན་གྱིས། ཀླུ་སྒྲུབ་གནས་ནས་ཕྱུང་ཞིང༌། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་བཞེངས་དགོས་བྱུང་བར་གསུངས་ཏེ། གཞོན་ནུ་སྲོག་གིས་བསྒྱུར་བའི་རྣམ་ཐར་ལྟར་ན། དགོན་པ་དེར་ཞག་དགུ་བཅུ་ཙམ་ལས་མ་བཞུགས་ལ། དགོན་པ་འདི་དེའི་དུས་ཀྱི་དགོན་པ་ཆེ་ཤོས་ནི་མིན་པ་འདྲ་བས། དུས་གང་ཞིག་གི་ཚེ་དགོན་པ་གང་དུ་དེ་ལྟར་གནང་བ་ཡིན་པར་འཆད་དཀའོ།།

ཡང་དགེ་སློང་བདེ་བྱེད་ཀྱིས་རིག་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་ཕྱུང་བ་བྱུང་བས་དེ་གདུལ་བའི་དོན་དུ་ནཱ་ལེནྡྲར་ཆོས་གསུངས་སོ། །ཞེས་གསུངས་པར་ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། བོད་ཀྱི་ལོ་རྒྱུས་རྣམས་ལ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཐེག་ཆེན་སུན་འབྱིན་པའི་ཕྱིར་བརྩམས་པ་ཤློ་ཀ་འབུམ་ཕྲག་བཅུ་གཉིས་ཡོད་པ་བྱས་ཟེར་བ་སྣང་ཡང་ངག་སྒྲོས་འཕྱུག་པ་སྟེ། ཤློ་ཀ་སྟོང་ཕྲག་བཅུ་གཉིས་ཡིན་པར་རྒྱ་གར་བའི་ལོ་རྒྱུས་ཀྱི་ཡི་གེ་གསུམ་ལས་མཐུན་པར་བྱུང་ངོ་། །ཞེས་དག་བཅོས་གནང་ཞིང་། ད་ཆར་རིག་པའི་རྒྱན་དང་། དེའི་དགག་ལན་གྱི་གཞུང་གཉིས་ཀ་རྩ་བརླག་ཏུ་ཕྱིན་ཏེ་མཇལ་སྐལ་དུ་མ་མཆིས་སོ།།

ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་རྣམ་ཐར་ལས་[4]ཀྱང༌། དགེ་སློང་བདེ་བྱེད་ལ་སོགས་པ་ཐེག་པ་ཆེན་པོ་ལ་སྡང་བ་ཐམས་ཅད་རྩོད་པས་སུན་ཕྱུང༌། ལར་ཉན་ཐོས་སེན་དྷ་པས་བརྩམས་པའི་རྟོག་གེ་ཐེག་ཆེན་ལ་རྩོད་པའི་གཞུང་མང་པོ་བྱུང་བ་དེ་དག་གི་དཔེ་ཐམས་ཅད་བསྡུས་ནས་ས་འོག་ཏུ་སྦས་སོ། །ཞེས་གསུངས་ལ། གཞོན་ནུ་སྲོག་གིས་བསྒྱུར་བའི་རྣམ་ཐར་དུའང་དེའི་ཚེ་ཐེག་པ་དམན་པའི་དགེ་སློང་ཞིག་ཡོད་དེ། རྟག་ཏུ་སློབ་དཔོན་ལ་ཁོང་ཁྲོ་ཞིང་ཕྲག་དོག་དང་བཅས་ཏེ་ཡོད་པ་ལ། ཞེས་གསུངས་པས། དེའི་དུས་སུ་ཐེག་ཆེན་ལ་སྡང་ཞིང་རྩོད་པའི་ཉན་ཐོས་སྡེ་པའི་དགེ་སློང་རེ་གཉིས་ཡོད་ཀྱང༌། ཐེག་ཆེན་ལ་དོན་གཉེར་ལྡན་པ་ཤིན་ཏུ་མང་ཞིང༌། དེ་དག་ཀྱང་ལུང་རྟོགས་ཀྱི་ཡོན་ཏན་དང༌། འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་དང༌། འགྲོ་ཕན་གྱི་མཛད་འཕྲིན་ཧ་ཅང་ཆེ་ལ། གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་ཤ་སྟག་ཡིན་པས་ན། དེའི་དུས་སུ་ཐེག་པ་ཆེན་པོའི་སྟོན་པ་དང་བསྟན་པ་དང་དེ་ཚུལ་བཞིན་དུ་སྒྲུབ་པའི་དགེ་འདུན་དང་བཅས་པ་ཡང་དག་པའི་རིགས་པའི་ལམ་ནས་སྐྱོན་མེད་ཁོ་ནར་སྒྲུབ་པར་མཛད་པའི་སྐྱེས་བུ་དམ་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་བྱོན་ནས། རང་གཞན་གྱི་སྡེ་པ་བློ་གཟུ་བོར་གནས་པ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པ་ཡིན་གྱི། དེ་དུས་སུ་རྫུན་སྒྲིག་བྱས་ནས་གཞན་ལ་བསྟན་མ་ཕོད་པར་ལྐོག་ཏུ་སྦས་ནས་བཞག་པ་དེ་འདྲ་ག་ལ་ཡིན། དེས་ན་དུས་རབས་ཉེར་གཅིག་པའི་མི་རེ་གཉིས་བློ་གྲོས་མཆོག་ཏུ་ཟབ་པས། ལོ་ངོ་ཉིས་སྟོང་ལ་ཉེ་བའི་སྔོན་གྱི་ཉན་ཐོས་ཀྱི་དགེ་སློང་བདེ་བྱེད་ལ་སོགས་པ་ཀླུ་སྒྲུབ་དངོས་སུ་མཇལ་མྱོང་བ་རྣམས་ཀྱིས་ཀྱང་འགོག་མ་ནུས་པའི་ཐེག་ཆེན་དང་གསང་སྔགས་ཀྱི་ཆོས་དེ་དག་གི་རྫུན་ཕུག་བརྟོལ་བར་རློམ་པ་ནི་མུན་སྤྲུལ་ཁོ་ནའོ།།

ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ལ། གཞོན་ནུ་སྲོག་གི་རྣམ་ཐར་ལས་བསྟན་བཅོས་ལྔའི་[5]མཚན་དངོས་སུ་བྱུང་ཞིང་། དེ་ལ་སོགས་པ་རྒྱ་ཆེར་བརྩམས་པར་གསུངས་པ་དང༌། དཔལ་ལྡན་ཟླ་བས་དབུ་མའི་དོན་སྟོན་པའི་བསྟན་བཅོས་མཚན་དངོས་བཏགས་པ་བརྒྱད་དང་། གཞན་དེའི་གསུང་རབ་དབུ་མའི་དོན་ཟབ་སྟོན་པ་གསལ་ཞིང་རྒྱས་པ་དག་ཡོད་ཀྱང༌། ཕྱིས་སུ་རིམ་བཞིན་ཉམས་ནས་གང་དུ་བཙལ་ཡང་མ་རྙེད་པར་གསུངས་པ་དང༌། སྔགས་ཕྱོགས་ཀྱི་གཞུང་མང་པོ་དང༌། བུ་སྟོན་གྱིས་རིགས་ཚོགས་སོ་སོར་བརྩིས་ན་མདོ་ཕྱོགས་བཅུ་གཉིས་དང༌། སྔགས་ཕྱོགས་བདུན་དང༌། དེ་མིན་གསོ་བ་སོགས་ཐ་སྙད་རིག་པ་དང་བསླབ་བྱ་སོགས་ལྔ་བཅས་གསུངས་སོ།།[6]

དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་གསང་སྔགས་ཀྱི་གཞུང་ལུགས་མཛད་མིན་ཐད་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་བཀའ་ཁྲིད་སྩལ་བའི་གྲུབ་མཐའ་རིན་ཆེན་ཕྲེང་བའི་བཀའ་ཁྲིད་ལས[7]། དེ་ནས་གསང་སྔགས་ཀྱི་ཆོས་དེ། སངས་རྒྱས་ཀྱི་བཀའ་མ་རེད་ཅེས་གསུང་མཁན་རྣམས་ཀྱིས་ཀླུ་སྒྲུབ་ཀྱིས་མཛད་པའི་སྔགས་ཀྱི་བསྟན་བཅོས་དང༌། ཨརྱཱ་དེ་ཝས་མཛད་པའི་སྔགས་ཀྱི་བསྟན་བཅོས། ཟླ་བ་གྲགས་པས་མཛད་པའི་སྔགས་ཀྱི་བསྟན་བཅོས་ལ་སོགས་པ་དེ་དག་མཚན་མཐུན་པ་ཙམ་ལས། རྩ་བ་ཤེས་རབ་ལ་སོགས་པ་མཛད་མཁན་གྱི་ནང་པའི་མཁས་པ་ཆེན་པོ་དེ་དག་མ་རེད་ཅེས་རྗོད་ཀྱི་འདུག །གལ་ཏེ་སྔགས་ཀྱི་བསྟན་བཅོས་མཛད་མཁན་ཚང་མ་ནང་པའི་སློབ་དཔོན་ཡོངས་གྲགས་ཀྱི་སྐད་གྲགས་ཆེན་པོ་དེ་དག་མ་རེད་ཅེས་བརྗོད་དགོས་བྱུང་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་ཏེ་ལམ་སྒྲོན་མཛད་ཡོད་ཅིང༌། ལམ་སྒྲོན་གྱི་ནང་གསང་སྔགས་ཀྱི་ཆོས་འཁོར་དེ་དག་གསུངས་ཡོད། གསང་སྔགས་བླ་མེད་ཀྱི་ཆོས་སྐོར་གྱི་ལག་ལེན་སྐྱེལ་རྒྱུའི་སྐོར་ཏེ། ལས་དང་པོ་བའི་གནས་སྐབས་སུ་སྒྲ་ཇི་བཞིན་པ་བྱས་ན་མི་འགྲིགས་ཞེས་གསུངས་པ་ལས། གསང་སྔགས་བླ་མེད་ཀྱི་ཆོས་སྐབས་དེ་དུས་ནས་བོད་དུ་དར་ཡོད་ཅིང༌། དེ་ནོར་འཁྲུལ་རེད་ཅེས་ཇོ་བོ་རྗེས་གསུངས་མི་འདུག །དེར་བརྟེན་འུ་ཐུག་ན། ལམ་སྒྲོན་མཛད་པ་པོའི་ཇོ་བོ་རྗེ་དང༌། བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་གྱི་བླ་མར་བརྩི་བའི་ཇོ་བོ་རྗེ་དེ་གཉིས་ཀྱང་ཐ་དད་རེད་ཅེས་བརྗོད་དགོས་བྱུང་ན། དེ་སུས་ཀྱང་ཡིད་ཆེས་ཀྱི་མ་རེད། འབྲོམ་སྟོན་པའི་བླ་མར་བརྩི་བའི་ཇོ་བོ་དེ་ཉིད་མངའ་རིས་སུ་ཕེབས་ནས་ལམ་སྒྲོན་མཛད་པ་ནི་རྩོད་མེད་ཡོངས་གྲགས་རེད། ཁོང་གིས་ལམ་སྒྲོན་གྱི་ནང་དུ་སྔགས་བླ་མེད་དེ་ཆོས་ཡང་དག་པ་ཡིན་པ་ཞིག་གསུངས་འདུག །དེར་བརྟེན་མི་བདེ་བ་ཡོད།

གལ་ཆེ་བ་གཅིག་ནི། སྔར་ལོ་ཉི་ཤུ་ཙམ་གྱི་གོང་དུ་ཨུ་པ་དེ་ཝ་ཞེས་ལེགས་སྦྱར་མཁས་པ་ཞིག་ཡོད། ཁོང་རང་བྲམ་ཟེའི་རིགས་ཡིན་ཀྱང་ཕྱིས་སུ་ནང་པ་བྱས་པ་རེད། ནང་པ་ལ་ཤེས་ནས་དད་པ་ཐོབ་སྟེ་ནང་པ་བྱེད་མཁན་གྱི་གྲས་ཤིག་རེད། ཁོང་གིས་གསུངས་གསལ་ལྟར་ན། བལ་ཡུལ་དུ་ལེགས་སྦྱར་གྱི་སྐད་ཐོག་ཡོད་པའི་ཕྱག་དཔེ་ཤོག་གཅིག་མ་ཞིག་རྙེད་སོན་བྱུང་ཞིང༌། ཕྱག་དཔེ་ཤོག་རྐྱང་དེའི་ནང་སྔགས་བླ་མེད་ཀྱི་ཉོན་མོངས་ལམ་དུ་བྱེད་ཚུལ་སྐོར་གསུངས་འདུག་ལ། དེའི་ཚིག་བཅད་ཀྱི་འབྲི་སྟངས་དང༌། ལེགས་སྦྱར་གྱི་བྱིང་རྐྱེན་ལ་སོགས་པ་དེ་དག་གི་འགྲོ་ཚུལ་ནི་དབུ་མ་བཞི་བརྒྱ་པ་དང་གཅིག་པ་རེད་འདུག །དེ་བས་ཁོང་གིས་ལེགས་སྦྱར་གྱི་ཡི་གེ་འབྲི་སྟངས་འདིའི་ཐོག་ནས་བལྟས་ན། དེ་ནི་བཞི་བརྒྱ་པ་མཛད་མཁན་གྱི་སློབ་དཔོན་ཨརྱཱ་དེ་ཝ་རང་ཉིད་ཀྱི་གསུང་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་ཀྱི་འདུག་ཅེས་ཁོང་གིས་དེ་མཐོང་བས་ཨརྱཱ་དེ་ཝས་སྔགས་ཀྱི་བསྟན་བཅོས་མཛད་འདུག་ཅེས་ཤོད་ཀྱི་འདུག

ད་ལམ་ཉེ་ཆར་ཀླུ་སྒྲུབ་ལ་སོགས་པ་དེ་དག་གི་གསུང་དང་རྣམ་ཐར་ཞིབ་འཇུག་བྱ་རྒྱུའི་ཆེད་དུ་ཝཱ་རཱ་ཎ་སཱིར་བྱ་དོ་རིན་པོ་ཆེ་གོ་བསྡུར་བྱེད་པར་བཏང་བ་རེད། ཝཱ་རཱ་ཎ་སཱིར་རྒྱ་གར་ལེགས་སྦྱར་མཁས་པ་དེ་འདྲ་དང་ཐུག་ནས་གོ་བསྡུར་བྱུང་འདུག །སྐབས་དེར་རྒྱ་གར་བ་ལེགས་སྦྱར་མཁས་པ་ཞིག་གིས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་ཚིག་བཅད་ཀྱི་འགྲོ་སྟངས་དེ་དང༌། གསང་བ་འདུས་པའི་རིམ་ལྔའི་ཚིག་གི་འགྲོ་སྟངས་དེ་གཉིས་གཅིག་པ་གཅིག་རྐྱང་རེད་འདུག །དེས་ན་ཀླུ་སྒྲུབ་གཅིག་ལས་འགྲོ་ས་མི་འདུག་ཅེས་དང༌། དེ་མིན་ཟླ་བ་གྲགས་པའི་ཚིག་གསལ་དང༌། སྒྲོན་གསལ་གཉིས་ཀྱང་ཟླ་བའི་ཚིག་གསལ་གྱི་ནང་དུ་བྱིང་གི་འགྲོ་སྟངས་དམིགས་བསལ་ཞིག་ཡོད་པ་རེད། བྱིང་གི་འགྲོ་སྟངས་དེ་ཟླ་བ་གྲགས་པའི་གསུང་ལས་དེ་མིན་བླ་མ་གཞན་གྱི་གསུང་ནང་མི་འདུག །དེ་མིན་ཟླ་བ་གྲགས་པ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་སམ་འབྲི་སྟངས་ཤིག་ཡོད་འདུག་པས། སྒྲོན་གསལ་གྱི་ནང་དུ་དེ་དང་གཅིག་མཚུངས་འདུག་པས་སྒྲོན་གསལ་མཛད་པ་པོ་དང༌། ཚིག་གསལ་མཛད་པ་པོ་གཉིས་ཟླ་བ་གྲགས་པ་མི་གཅིག་རང་རེད་འདུག་ཅེས་ཐག་བཅད་ནས་སྐད་ཆ་བྱུང་འདུག །དེར་བརྟེན་དཔལ་གསང་བ་འདུས་པ་གཙོ་བོར་གྱུར་པའི་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་དེ་ཐེག་ཆེན་གྱི་ཆོས་ཡིན་པ་དང༌། སངས་རྒྱས་ཀྱི་བཀའ་ཡིན་པ་དེ་ཀླུ་སྒྲུབ་ཀྱིས་ཞལ་གྱིས་བཞེས་པ་དང༌། ཟླ་བ་གྲགས་པས་ཞལ་གྱིས་བཞེས་པ་དེ་ཧ་ཅང་གསལ་པོ་ཆགས་ཀྱི་ཡོད། ཅེས་བཀའ་སྩལ་བའོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤

[2]  དབུ་མའི་ཤིང་རྟའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་དང་། གསང་སྔགས་ཀྱི་སློབ་དཔོན་ཀླུ་སྒྲུབ་ཐ་དད་དུ་འདོད་པ་དང་། ཡང་རྩ་ཤེས་ལ་སོགས་པ་རིགས་ཚོགས་དྲུག་མཛད་པ་པོའི་ཀླུ་སྒྲུབ་དང་། རིམ་ལྔ་ལ་སོགས་པ་གསང་སྔགས་ཀྱི་གཞུང་མཛད་པ་པོའི་ཀླུ་སྒྲུབ། སྦྱོར་བ་བརྒྱ་པ་ལ་སོགས་པ་སྨན་གཞུང་མཛད་པ་པོའི་ཀླུ་སྒྲུབ། གསེར་འགྱུར་གྱི་རྩིའི་ཆོ་ག་ལ་མཁས་པའི་ཀླུ་སྒྲུབ་བཅས་རྒྱུད་ཐ་དད་དུ་འདོད་མཁན་ཡང་ཡོད།

[3]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༩༥

[4]  བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༣

[5]  ཤེར་ཕྱིན་མན་ངག་ཤོ་ལོ་ཀ་འབུམ་པ་དང་། སངས་རྒྱས་ལམ་གྱི་རྒྱན་ཞེས་པ་ས་བཅུ་པའི་མདོའི་འགྲེལ་པ་ཤོ་ལོ་ཀ་ལྔ་སྟོང་ཡོད་པ། སྙིང་རྗེ་ཆེན་པོའི་ཐབས་ཀྱི་བསྟན་བཅོས་ཤོ་ལོ་ཀ་ལྔ་སྟོང་པ། དབུ་མའི་བསྟན་བཅོས་ཤོ་ལོ་ཀ་ལྔ་བརྒྱ་པ། ག་ལས་འཇིགས་མེད་ཤོ་ལོ་ཀ་འབུམ་པ་བཅས་ལྔའོ།།

[6]  ཀླུ་སྒྲུབ་ཀྱི་རྣམ་ཐར་ལུང་རིགས་རྒྱ་མཚོའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༡༨༨

[7]  གྲུབ་མཐའ་རིན་ཆེན་ཕྲེང་བའི་བཀའ་ཁྲིད། རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས། ༢༠༠༩ ལོ། ཤོག་ ༡༤༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༩ ནས་ ༡༩༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *