ཅ༽ མཁན་ཆེན་ཞི་བ་འཚོའི་ཡབ་ལ་བཞེད་ཚུལ།

ཅ༽ མཁན་ཆེན་ཞི་བ་འཚོའི་ཡབ་ལ་བཞེད་ཚུལ།

 

དེ་ཡང་ཡོངས་གྲགས་མཁན་ཆེན་ཞི་བ་འཚོ་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་སུ་སྐུ་བལྟམས་པར་གསལ་ནའང་། ཡོངས་གྲགས་དང་མི་མཐུན་པ་ཞིག་ནི། གཞན་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ (742-797) གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་ལས[1]།

ཟ་ཧོར་གྱི་བིཀྵུ་ཐེག་པ་ཆེན་པོ་པ་ཡུལ་ཁ་ག་ས་ར་ཉར་སྐྱེས་པ་དྷརྨ་ཤཱནྟི་གྷོ་ཥ་ཞེས་བྱ་བ་འཇིག་རྟེན་གྱིས་ཨཱ་ཙརྱ་བོ་དྷི་སཏྭ་ཞེས་བཏགས་པ། ཞེས་མཁན་ཆེན་ཞི་བ་འཚོའི་འཁྲུངས་ཡུལ་ཟ་ཧོར་གྱི་ཁ་ག་ས་ར་ཉར་ཞེས་གཞན་དུ་མི་གསལ་བ་ཞིག་བཀོད་པ་འདུག་པ་ནི། ཟ་ཧོར་གྱི་ནང་གསེས་ཡུལ་ལུང་གི་མིང་ཡིན་མིན་སོགས་ལ་ཞིབ་ཏུ་དཔྱད་དགོས་སོ།།

དེ་བཞིན་ཨོ་རྒྱན་གླིང་པས་ (1323-) གཏེར་ནས་བཞེས་པའི་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག་ལས་ཀྱང་[2]།

ང་ནི་མྱ་ངན་འདས་འོག་ཏུ༔ ལོ་ནི་ལྔ་བརྒྱ་ལྔ་བཅུ་ན༔

ཟ་ཧོར་གནྡུ་ཞེས་བྱ་བར༔ རྒྱལ་པོ་གོ་མ་དེ་བྱིའི་བུ༔

བོ་དྷི་ས་ཏྭ་ཞེས་བྱ་འབྱུང༔

ཞེས་གསུངས་ལ། དེ་བཞིན་སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་ངམ་མཁན་པོ་ངག་ཆུང་  (1879-1940) མཆོག་གིས[3]། བོད་འབངས་ཐམས་ཅད་ཀྱིས་འཐད་དི་རེ་བས་གཙུག་ལག་ཁང་བརྩིགས་པར་གྲོས་འཆམས་པས་ས་འདུལ་གྱི་སློབ་དཔོན་ཆོས་རྒྱལ་གོ་མ་དེ་བྱིའི་སྲས་མཁན་ཆེན་ཞི་བ་འཚོ་གདན་དྲངས་ཤིང་ས་བརྟགས་པ་དང་ས་འདུལ་མཛད་དེ་རྒྱལ་པོ་ཉིད་ཀྱི་སྐུ་ལ་དར་ཁ་དོག་ལྔའི་ན་བཟའ་གསོལ། ཞེས་གསལ་བ་ལྟར་ཡབ་ཀྱི་མཚན་ལ་ཆོས་རྒྱལ་གོ་མ་དེ་བྱི་ཞེས་བྱུང་བ་ལྟར་འཁྲུངས་ཡུལ་ཟ་ཧོར་ཡིན་ནའང་། ཡབ་ཀྱི་མཚན་ལ་ཡོངས་གྲགས་གཙུག་ལག་འཛིན་ཞེས་གསལ་བ་དང་མི་མཐུན་པར་ཡབ་རྒྱལ་པོ་གོ་མ་དེ་བྱིའི་སྲས་སུ་སྐུ་འཁྲུངས་ཚུལ་གསལ་བ་འདི་ཡང་དཔྱད་པར་བྱ་བའི་གཞི་ལགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཅ༽ དེབ་ཨང་ ༡༡༥ པ། ཤོག་གྲངས་ ༤༦༧

[2]  པདྨ་བཀའི་ཐང་ཡིག །སྐུ་འབུམ་བྱམས་པ་གླིང་གི་ཤིང་དཔར། ཧྲཱིཿ ཤོག་གྲངས་ ༧༦བ༡

[3]  སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་གི་གསུང་འབུམ། ༼༣༽ དཔེ་རིང་། ཤོག་གྲངས་ ༡ན༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༣ ནས་ ༡༩༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *