༢༦༽ ལོ་ཙཱ་བ་དོར་ཞི་གདོང་དྲུག་སྙེམས་བློ།
ལོ་ཙཱ་བ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློ་ནི། མཚན་ཆ་ཚང་ལ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཞུ་ཞིང་། ཕྱི་ལོ་ ༡༩༣༥ ལོར་ཀན་སུའུ་དཔའ་རིས་སུ་སྐུ་འཁྲུངས། དགུང་ལོ་ ༡༢ སྟེང་དཔའ་རིས་མཆོད་རྟེན་ཐང་གི་བཤད་གྲྭར་ཞུགས་ནས་བསྡུས་ཚད་རྒྱན་འཇུག་སོགས་མཚན་ཉིད་དང་། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་གནས་ལ་གསན་སྦྱོང་ལེགས་པར་མཛད།
དགུང་ལོ་ ༡༨ ཀྱི་ཐོག་མཐར་ཕྱིན་འཛིན་གྲྭ་ལས་ཐོན་ནས་བོད་ཡིག་དགེ་རྒན་མཛད། རྒྱ་ཡིག་དང་དབྱིན་ཇི། ཨུ་རུ་སུའི་ཡི་གེ་སོགས་བསླབ་པའི་གོ་སྐབས་རྙེད། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་བསང་ཁོག་འཇིགས་མེད་ཚང་དང་། ལྷ་མོ་ཚུལ་ཁྲིམས་ཚང་སོགས་དགེ་བཤེས་མང་པོའི་མདུན་ནས་ཆོས་དང་རིག་གནས་གཉིས་ཆར་སྦྱངས། ཕྱི་ལོ་ ༡༩༨༣ ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གླིང་དུ་ཕྱག་ལས་གནང་ཞིང་། སྔ་ཕྱིར་དགེ་རྒན་ཆེན་མོ་གཞོན་པ་དང་དགེ་རྒན་ཆེན་མོའི་གོ་མིང་ཐོབ།
ཁོང་ཉིད་ཕྱི་ལོ་ ༡༩༩༣ ལོར་ཟླ་བ་ ༤ པར་ཕྱི་སོག་དང་། ཕྱི་ལོ་ ༡༩༩༣ ལོའི་ཟླ་བ་ ༥ པར་འཇར་པན། ཕྱི་ལོ་ ༢༠༠༠ ལོར་ཨ་རི་བཅས་སུ་འཚམས་འདྲིར་ཕེབས་སྐབས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་འཆད་ཁྲིད་དང་། བོད་རིག་པའི་ཞིབ་འཇུག་མཁས་ཅན་དང་རིག་གཞུང་སྐོར་གྱི་ཞལ་ཏ་གནང་། ཕྱི་ལོ་ ༡༩༥༦ ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་དང་། ཕྱི་ལོ་ ༡༩༨༦ ལོར་ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང་ཅན། ཕྱི་ལོ་ ༡༩༨༧ ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་དཔེ་ཁྲིད་དང་སློབ་བུ་གསོ་སྐྱོང་ཕུལ་བྱུང་ཅན་སོགས་བྱ་དགའ་མང་པོའང་བཞེས་མྱོང་། ཁོང་གི་བརྩམས་ཆོས་ལ་སྙིང་རྗེ་ལས་བལྟམས་པའི་ཤེས་རབ་དང་། དུག་སྡོང་གཅོད་པའི་སྟ་རེ། བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་སོགས་ཤིན་ཏུ་མང་།[1] དེ་ཡང་ཁོང་གི་གསུང་འབུམ་ནི། པོད་དང་པོ། སྙན་རྩོམ་སེང་གེ་དཀར་མོའི་བཞད་སྒྲ་དང་། པོད་གཉིས་པ། སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས། པོད་གསུམ་པ། དབུ་ཚད་གསུང་བཏུས་རིན་ཆེན་སྒྲོམ་བུ། པོད་བཞི་པ། སངས་རྒྱས་ཆོས་ལུགས་སྤྱི་བཤད་བློ་གསལ་འཇུག་ངོགས། པོད་ལྔ་པ། ཐོར་རྩོམ་ཕྱོགས་བསྡུས་མ་ལི་ཀའི་དོ་ཤལ། པོད་དྲུག་པ། དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ། པོད་བདུན་པ། གྲགས་རྩོམ་ཚིག་འགྲེལ་བློ་གསལ་དགའ་སྟོན། པོད་བརྒྱད་པ། བརྡ་སྤྲོད་རིག་པའི་རྣམ་བཤད་གསར་སློབ་བདེ་ལམ། པོད་དགུ་པ། ནང་བསྟན་ཆོ་ག་མདོར་གསལ་དགེ་ལེགས་དཔལ་སྟེར། པོད་བཅུ་པ། དག་ཡིག་ཤེས་བྱ་རབ་གསལ་གྱི་མཆན་འགྲེལ་རབ་གསལ་སྣང་བ་བཅས་པོད་བཅུ་ལྷག་བཞུགས་སོ།།
ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཆེན་མོ་ཡིན། ད་དུང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་ཞིབ་འཇུག་པ་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་ཚོགས་པའི་ལས་འཛིན། ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཚོགས་པའི་འགན་ཁུར་བ་གཞོན་པ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་རིགས་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞང་ཁང་བོད་ཀྱི་ཤེས་རིག་ཚོགས་པའི་ཐེངས་གཉིས་པའི་མཚན་འཛིན་འགན་ཁུར་བ། ཨ་རིའི་རྒྱལ་སྤྱིའི་རིག་གནས་བརྗེ་རེས་ཐེབས་རྩ་ཚོགས་པའི་ལས་འཛིན་པ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཐེངས་ལྔ་པ་དང་། དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་ཨུ་ཡོན་སོགས་ཀྱི་འགན་ཡང་བཞེས་ཡོད། ཁོང་ནི་དེང་རབས་བོད་ཀྱི་མཁས་ཆེན་དང་སློབ་གསོ་བ་སྙན་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན།
སྒྱུར་རྩོམ་ལ་མཚོན་ནའང་། སློབ་དཔོན་གཞོན་ནུ་སྲོག་གིས་རྒྱ་ཡིག་ཏུ་བསྒྱུར་བའི་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་བྱུང་བ་བརྗོད་པ་རྒྱ་ཡིག་ནས་བོད་བསྒྱུར་མཛད་པ་དང་། ལྷག་པར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ། ཕྱི་ལོ་ ༡༩༨༠ ལོར་རྒྱའི་ལོ་ཙཱ་བ་ཧྲི་ཧོས་ཞེས་པས་ལེགས་སྦྱར་སྐད་ལས་རྒྱ་ཡིག་ཏུ་ཐོག་མར་བསྒྱུར་ཅིང་། ཕྱི་ལོ་ ༡༩༩༧ ལོར་ལེགས་སྦྱར་སྐད་ལ་མཁས་པའི་རྒྱ་རིགས་མཁས་པ་ཝུ་པེ་ཧོས་ཞེས་པས་སླར་ཡང་མ་དཔེ་དང་དག་གཏུགས་བྱས་ནས་འགྱུར་བཅོས་བྱས་ཏེ་རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་རྩོམ་དེབ་ཏུ་བཀོད་པ་དེ་ལ་གཞིར་བྱས་ནས། བོད་འགྱུར་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་ཚོགས་ཀྱི་ཆད་བསབ་དང་། རང་གིས་ཀྱང་གཞུང་འདི་ལ་བག་ཆགས་འཇོག་ཕྱིར། གངས་ཅན་རིག་སྨྲའི་ཐ་ཤལ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་དུ་འབོད་པས་ཕྱི་ལོ་ ༢༠༠༣ ལོའི་རྒྱ་ནག་ལུགས་ཀྱི་སངས་རྒྱས་འཁྲུངས་སྐར་ཡོས་ཟླའི་ཚེས་བརྒྱད་ལ་བོད་ཡིག་ཏུ་བསྒྱུར་ཅིང་གཏན་ལ་ཕབ་པོ། །ཞེས་འགྱུར་བྱང་དུ་གསལ་བ་ལྟར་རོ།། །།
དཔྱད་གཞིའི་ཡིག་ཆ།
[1] bo.wikipedia.org/wiki/དོར་ཞི་གདོང་དྲུག་སྙེམས་བློ།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༡ ནས་ ༣༧༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།