ཏ༽ ནཱ་ལེནྡྲའི་པཎ་གྲུབ་ཀྱི་བླ་སློབ་ཏུ་གྱུར་པའི་པཎ་གྲུབ།
དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱི་བླ་སློབ་ཏུ་གྱུར་པའི་སྙན་གྲགས་ཅན་གྱི་པཎ་གྲུབ་ལ་མཚོན་ནའང་། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོའི་སློབ་མ་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ་དང་། སྒྲོལ་མའི་ཞལ་མཐོང་ནཱ་ག་བོ་དྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྒི་པ་བཞི་དང་། ཉེ་བའི་ཐུགས་སྲས་གསུམ་ནི།
སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་གསུམ་སོགས་མང་དུ་བྱུང་ཞིང་། འཕགས་པ་ལྷའི་སློབ་མ་དམངས་རིགས་སྒྲ་གཅན་འཛིན་བཟང་པོ། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སློབ་མ་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་དཔལ་སྦས། དཔལ་ལྡན་ཟླ་བ་གྲགས་པའི་སློབ་མ་རིགས་པའི་ཁུ་བྱུག་ཆེ་བ། རྒྱལ་སྲས་ཞི་བ་ལྷའི་སློབ་མ་སློབ་དཔོན་ཨེ་ལ་དྷ་རི། མཁན་ཆེན་ཞི་བ་འཚོའི་སློབ་མ་རྒྱལ་སྲས་སེངྒེ་བཟང་པོ་དང་། ཀ་མ་ལ་ཤཱི་ལ་སོགས་བསྟན་འཛིན་གྱི་སྐྱེས་བུ་པཎ་གྲུབ་ཉི་ཟླ་དང་མཚུངས་པ་མང་དུ་བྱོན།
དེ་བཞིན་འཕགས་པ་ཐོགས་མེད་ཀྱི་སློབ་མ་གཅུང་སློབ་དཔོན་དབྱིག་གཉེན་དང་། སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞི་སྟེ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་གླང་པོ་དང་། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་བཅས་དང་། སློབ་དཔོན་ཕྱོགས་གླང་གི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་དང་། དཔལ་ལྡན་ཆོས་སྐྱོང་། དཔལ་ལྡན་ཆོས་གྲགས་ཀྱི་སློབ་མ་ལྷ་དབང་བློ། འཕགས་པ་གྲོལ་སྡེའི་སློབ་མ་སློབ་དཔོན་མཆོག་གི་སྡེ་དང༌། བཙུན་པ་རྣམ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས། སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མ་སློབ་དཔོན་ཤཱཀྱ་བཤེས་གཉེན། སློབ་དཔོན་ཤཱཀྱ་འོད་ཀྱིས་སློབ་མ་སེངྒེའི་གདོང་ཅན། སློབ་དཔོན་པདྨ་འབྱུང་གནས། དཱ་ན་ཤཱི་ལ། ཛི་ན་མི་ཏྲ་སོགས་བསྟན་འགྲོར་མཛད་རྗེས་ཆེ་བའི་སྐྱེས་ཆེན་མང་དུ་བྱུང་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་འཕགས་བོད་གཉིས་ན་བསམ་གྱིས་མི་ཁྱབ་ཀྱང་། རྒྱ་གར་ན་ཐུན་མོང་མ་ཡིན་པའི་སྲས་ལྔ་ནི། པཎྜི་ཏ་བི་ཏོ་པ། དབུ་མ་སེངྒེ་། བཤེས་གཉེན་གསང་བ། ཛྙཱ་ན་མ་ཏི། པཎྜི་ཏ་སའི་སྙིང་པོ་སོགས་བསྟན་པའི་ཁུར་ཆེན་འདེགས་པའི་ཀ་བ་ལྟ་བུའི་སློབ་བུ་མང་དུ་བྱོན་པས་མཚོན་རེ་རེ་ནས་བགྲང་གིས་མི་ལངས་སོ།།
གཞན་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཤིང་ཁཱི་པ་སྟེ་རྭ་ཅན་པ་དང་། གྲུབ་ཆེན་གྱ་བཞིའི་ནང་ཚན་དཔལ་ཤ་བ་རི་པ། སློབ་དཔོན་ཨཱརྱ་དེ་ཝའི་བླ་མ་འཇམ་དཔལ་བཤེས་གཉེན་ཕྱི་མར་གྲགས་པ་དང་། སློབ་དཔོན་དབྱིག་གཉེན་ལས་མངོན་པའི་སྡེ་སྣོད་ཐོས་པ་དང༌། ཡུལ་གཞན་ཐ་དད་ཀྱི་སྡེ་སྣོད་འཛིན་པ་དུ་མ་བསྟེན་པ་དང༌། སློབ་དཔོན་ཕྱོགས་གླང་དང་ཤིན་ཏུ་མཛའ་བཤེས་སུ་གྱུར་ཅིང་། ཕྱོགས་གླང་ལས་ཤེར་ཕྱིན་གསན་ནས་བློ་གྲོས་ཕྱོགས་གླང་དང་མཉམ་པར་གྲགས་པའི་བརྒྱད་སྟོང་དོན་བསྡུས་ལ་འགྲེལ་པ་མཛད་པ་པོ་སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་དང་། ཐོགས་མེད་སྐུ་མཆེད་གཉིས་ཀའི་སློབ་མར་གྱུར་ཅིང་། རྣལ་འབྱོར་སྤྱོད་པའི་ས་ཡོངས་སུ་རྫོགས་པ་ལ་འགྲེལ་པ་མཛད་པ་པོ་ཤར་ཕྱོགས་བྷཾ་ག་ལར་འཁྲུངས་པའི་སློབ་དཔོན་ཆོས་འབངས། ཞི་བ་ལྷའི་སློབ་མ་རྒྱ་གར་ལྷོ་ཕྱོགས་ཏྲི་མ་ལར་འཁྲུངས་པའི་སློབ་དཔོན་ཡེ་ཤེས་ལྷ། ད་ལྟའང་སྐུ་ལུས་མ་སྤངས་པར་ཨུ་རྒྱན་གྱི་གནས་ན་བཞུགས་པར་གྲགས་པའི་སློབ་དཔོན་བི་རཱུ་པའི་སློབ་མ་ཨོ་ཌི་ཡ་ཎར་བྱུང་བའི་ནག་པོ་བི་རུ་པ་དང་། དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་མཛད་པ་པོ་སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤར་མ། མངའ་བདག་མཻ་ཏྲི་པའི་སློབ་མ་གྲུབ་ཐོབ་ཀ་རོ་པ་དང་། དཔལ་ནཱ་རོ་པའི་སློབ་མ་ཌོམྦི་པ་ཕྱི་མའམ་ཆུང་བ་དང་། ནཱ་རོ་པ་དང་མངའ་བདག་མཻ་ཏྲི་པ་སོགས་ཀྱི་སློབ་མ་ག་ཡ་དྷ་ར[1]། ནཱ་ལེནྡྲའི་མཁན་རབས་མི་ཐུབ་ཟླ་བའི་སློབ་མ་རྒྱལ་རིགས་རཱ་ཧུ་ལ་བཛྲ་བཅས་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་གྲགས་ཅན་འདི་རྣམས་ཀྱང་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱི་བླ་སློབ་ཏུ་གྱུར་པ་ཤ་སྟག་ཡིན་ནོ།།
དེ་བཞིན་འཕགས་པ་རྣམ་གྲོལ་སྡེའི་དངོས་སློབ་བཙུན་པ་གྲོལ་སྡེ་དང་། བཙུན་པ་གྲོལ་སྡེའི་སློབ་མ་མཆོག་གི་སྡེ། མཆོག་གི་སྡེའི་སློབ་མ་དུལ་བའི་སྡེ་[2]རྣམས་དང་། སློབ་དཔོན་སེངྒེ་བཟང་པོའི་དངོས་སློབ་ཀུ་ས་ལི་སྟེ་མཚན་དངོས་རིན་ཆེན་བཟང་པོ་[3]དང་། ཀུ་ས་ལི་ཆེ་བའི་སློབ་མ་དང་མཁན་ཆེན་ཞི་འཚོའི་སློབ་མ་ཀུ་ས་ལི་ཆུང་བ་[4]སྟེ། དགེ་བ་ཅན་ནམ་རིན་ཆེན་སྡེའམ་བླ་མ་བྱམས་པའི་རྣལ་འབྱོར། དེའི་སློབ་མ་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པ། དེའི་སློབ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱང་དངོས་བརྒྱུད་ཅི་རིགས་ནས་དཔལ་ནཱ་ལེནྡྲ་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎ་གྲུབ་རྣམས་དང་བླ་སློབ་ཀྱི་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པ་ནི། ཇོ་བོའི་རྣམ་ཐར་ལས། སློབ་དཔོན་སེངྒེ་བཟང་པོའི་སློབ་མ་རྒྱལ་བའི་མན་ངག་ཀུན་འཛིན་པའི་རིན་ཆེན་བཟང་པོ་ཞེས་ཡོངས་སུ་བསྔགས་པའི་ཀུ་ས་ལི་ཆེ་བ་ནི། ཇོ་བོ་རྗེའི་རྣམ་ཐར་དུའང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཀུ་སུ་ལུ་རིན་ཆེན་རྡོ་རྗེའི་དྲུང་དུ་བྱོན་ནས་ལུང་བསྟན་ཞུས་པར་གསལ་བས། དཔལ་ནཱ་ལེནྡྲའི་པཎ་གྲུབ་གཉིས་ཀྱི་བླ་སློབ་ཏུ་གྱུར་པ་དང་། དེ་བཞིན་བདག་གཞན་མཉམ་བརྗེའི་ཐུགས་མངའ་བ་རིན་ཆེན་སྡེ་ཞེས་ཡོངས་སུ་བསྔགས་པ་དགེ་བ་ཅན་ནམ་ཀུ་ས་ལ་ལི་ཆུང་བ་ཀུ་ས་ལི་ཆེ་བའི་སློབ་མ་ཡིན་ནོ།།
དེ་བཞིན་ཟབ་མོ་ལྟ་བརྒྱུད་ཀྱི་དབང་དུ་བྱས་ཀྱང་། རྒྱལ་སྲས་ཞི་བ་ལྷའི་སྲས་ཀྱི་ཐུ་བོ་སྟེ། འཇམ་དབྱངས་ཀྱིས་ཞལ་གཟིགས་ཤིང་། ཞི་བ་ལྷ་དང་རྟོགས་པ་མཉམ་པ་སློབ་དཔོན་ཨེ་ལ་དྷ་རི་དང་། དེའི་དངོས་སློབ་སློབ་དཔོན་དཔའ་བོ་རྡོ་རྗེ། སློབ་དཔོན་མ་ཧཱ་ཤྲཱི་རཏྣ་བོ་དྷི་ས་ཏྭ་བཅས་མང་དུ་བྱུང་ལ། ཀླུ་སྒྲུབ་ཡབ་སྲས་ཀྱི་སྐུ་དུས་སུ་བྱོན་པའི་མུ་སྟེགས་རྟ་དབྱངས་སམ་སློབ་དཔོན་དཔའ་བོ་དང་། དཔལ་ལྡན་ཟླ་བ་གྲགས་པའི་སྐབས་སུ་སློབ་དཔོན་ཙནྡྲ་གོ་མི། གཞན་ཡང་བྲམ་ཟེ་མཆོག་སྲེད་དང་། པཎྜི་ཏ་ཆེན་པོ་རཱ་ཧུ་ལ་ཤྲཱི་བྷ་དྲ་སོགས་དཔལ་ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན་ཤ་སྟག་ཡིན།
དེ་ཡང་བྲམ་ཟེ་མཆོག་སྲེད་ (ལེགས་སྦྱར་གྱི་མཚན་ལ་བ་ར་རུ་ཞེས་གྲགས།) ཀྱི་ལོ་རྒྱུས་ནི། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་བྲམ་ཟེ་ལས་དྲུག་ལ་བརྩོན་པ། འཕགས་པ་ཀླུ་སྒྲུབ་ན་ལེནྡྲའི་མཁན་པོ་མཛད་པའི་ཚེ་མཛའ་བཤེས་སུ་གྱུར་པ་ཞིག་མ་ག་དྷའི་ཤར་ཕྱོགས་ར་རའི་ཡུལ་ན་ཡོད་པ་ལས། ལོ་བཅུ་གཉིས་སུ་སྤྱན་རས་གཟིགས་ཀྱི་སྔགས་བཟླས། གསེར་འབུམ་ཕྲག་བཞིའི་ཡོ་བྱད་སྦྱིན་སྲེག་ཏུ་ཕུལ་བས་སྤྱན་གཟིགས་ཞལ་བསྟན་ནས་ནག་པོ་ཆེན་པོ་མངག་གཞུག་ཏུ་གནང་། རིག་སྔགས་ཐམས་ཅད་ཇི་ལྟར་འདོད་པར་གྲུབ་ཅིང་། རི་ལུ་ལ་སོགས་གྲུབ་པ་བརྒྱད་པོ་སྟོང་ཕྲག་རེ་རེས་སེམས་ཅན་རྣམས་ལ་ཕན་བཏགས་སོ། །གྲུབ་ཐོབ་སྟོང་ཕྲག་བརྒྱད་པོ་དེ་དག་ཀྱང་ཁོང་ལ་བླ་མར་འཛིན། དེ་ནས་ནུབ་ཕྱོགས་ཡུལ་དུ་སོང་སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་ལ་ཕན་བཏགས། ཝཱ་རཱ་ཎ་སཱིར་དོན་ཆེར་བྱས། ཀཱ་ལི་དཱ་ལའི་ལོ་རྒྱུས་སྦྱར། བྲམ་ཟེ་མཆོག་སྲེད་ཀྱིས་རིག་སྔགས་ཀྱི་མཐུས་ཀླུའི་རྒྱལ་པོ་ཤེ་ཥ་བཀུག་ནས་ལྷོ་ཕྱོགས་རྒྱལ་པོ་བདེ་བྱེད་ཀྱིས་སྒྲ་སློབ་པའི་སློབ་དཔོན་དུ་བྱས། སྒྲ་ལ་སོགས་པ་རིག་པའི་གནས་མང་དུ་བསྟན། མཐར་ནག་པོ་ཆེན་པོས་ཕྲག་པ་ལ་ཐོགས་ཏེ། རི་རབ་ཀྱི་རྩེ་མོ་ཡོངས་འདུ་ས་བརྟོལ་གྱི་གནས་སུ་གཤེགས་སོ། །ཞེས་རྒྱ་གར་ཆོས་འབྱུང་དུ་གསལ་ལོ།།
གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ངམ་དྷརྨ་པཱ་ལ་རྒྱལ་སྲིད་དུ་འཁོད་མ་ཐག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་པོ་རྣམས་སྤྱན་དྲངས། སློབ་དཔོན་སེངྒེ་བཟང་པོ་ལ་ཁྱད་པར་དུ་མོས། རྒྱལ་པོ་འདིས་སྤྱིར་ཆོས་གཞི་ལྔ་བཅུ་ཙམ་བཙུགས་པ་ལས། ཤེར་ཕྱིན་འཆད་པའི་ཆོས་གཞི་སུམ་ཅུ་སོ་ལྔ་ཡོད། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷཱའི་བྱང་ངོས་ཆུ་བོ་གངྒཱའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང༌། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། པཎྜི་ཏ་བརྒྱ་རྩ་བརྒྱད། གཏོར་མའི་སློབ་དཔོན། རབ་གནས་སློབ་དཔོན། སྦྱིན་སྲེག་སློབ་དཔོན། བྱི་བ་སྲུང་བ་དང༌། ཕུག་རོན་སྲུང་བ་དང༌། ལྷ་འབངས་ཀྱི་གཉེར་བྱེད་པ་སྟེ་བརྒྱ་དང་བཅུ་བཞི་ལ་ཟས་གོས་ཀྱི་འཚོ་བའི་ཁྱད་པར་མི་བཞི་བཞིའི་འཚོ་བ་དང་མཉམ་པ་སྦྱར། ཟླ་དུས་ཟླ་དུས་སུ་ཆོས་ཉན་པ་པོ་ཐམས་ཅད་ལ་སྟག་རེས་འཁོར་གྱི་སྟོན་མོ་དང་ཡོན་བཟང་པོ་རེ་འབུལ་བར་མཛད། གནས་གཞི་དེའི་བདག་པོ་གང་ཡིན་པ་དེས་ནཱ་ལེནྡྲ་ཡང་སྐྱོང་བར་བྱེད་དོ། །ཞེས་གསུངས་པ་ལྟར་པཎ་གྲུབ་དེ་དག་ཀྱང་དཔལ་ནཱ་ལེནྡྲ་དང་འབྲེལ་བའི་པཎ་གྲུབ་ཤ་སྟག་གོ།
དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསུང་གི་འགྲེལ་མཛད་རྒྱ་གར་འཕགས་ཡུལ་གྱི་མཁས་པ་ངོས་འཛིན་ཐུབ་པ་འགའ་ཞིག་གི་མཚན་བྱང་རགས་ཙམ་ལྟར་ནའང་། ༡ སློབ་དཔོན་ནག་པོ་པ་དང་། ༢ སྤྱན་རས་གཟིགས་བརྟུལ་ཞུགས། ༣ སློབ་དཔོན་དཔལ་གཞན་ལ་ཕན་པ། ༤ སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས། ༥ སློབ་དཔོན་ཆོས་སྐྱོང་། ༦ སློབ་དཔོན་དགེ་བ་ལྷ། ༧ སློབ་དཔོན་ཡེ་ཤེས་སྙིང་པོ། ༨ སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ། ༩ བླ་མ་གསེར་གླིང་པ། ༡༠ སློབ་དཔོན་རྒྱལ་བའི་སྲས། ༡༡ སློབ་དཔོན་རྒྱ་མཚོ་སྤྲིན། ༡༢ དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ། ༡༣ སློབ་དཔོན་བློ་བརྟན། ༡༤ སློབ་དཔོན་དུལ་བ་ལྷ། ༡༥ སློབ་དཔོན་བློ་བཟང་ངང་ཚུལ། ༡༦ སློབ་དཔོན་གང་སྤེལ། ༡༧ སློབ་དཔོན་མི་ཕམ་བཤེས་གཉེན། ༡༨ སློབ་དཔོན་ལྷ་དབང་བློ། ༡༩ སློབ་དཔོན་དགེ་བའི་བློ་གྲོས། ༢༠ སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པ། ༢༡ སློབ་དཔོན་རྒྱལ་བ་ཅན། ༢༢ བྲམ་ཟེ་བདེ་བྱེད་དགའ་བ། ༢༣ སློབ་དཔོན་ཆོས་མཆོག །༢༤ སློབ་དཔོན་ཉི་མ་སྦས་པ། ༢༥ སློབ་དཔོན་ཡེ་ཤེས་དཔལ་བཟང་པོ། ༢༦ སློབ་དཔོན་བྱང་ཆུབ་བཟང་པོ། ༢༧ ཁ་ཆེ་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནནྟ། ༢༨ པཎྜི་ཏ་ཆེན་པོ་ཤྲཱི་བི་བྷུ་ཏི་ཙནྡྲ། ༢༩ སློབ་དཔོན་ཆེན་པོ་ཀྲི་ཥན་པ། ༣༠ བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏ། ༣༡ སློབ་དཔོན་འདུན་བཟང་། ༣༢ སློབ་དཔོན་ཤཱཀྱ་བློ། ༣༣ སློབ་དཔོན་ཛ་མཱ་རི། ༣༤ བྲམ་ཟེ་ཨ་ཙ་ཊ་[6]སོགས་རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་གྲགས་ཅན་བཅུ་ཕྲག་གསུམ་ལྷག་གིས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་ལེགས་བཤད་རྣམས་ལ་འགྲེལ་པ་མཛད་ཡོད། དེ་ལྟར་པཎ་གྲུབ་གྲགས་ཅན་མང་དུ་བྱོན་པའི་སྐོར་ནི། ནཱ་ལེནྡྲ་མཁས་པའི་འབྱུང་གནས་ཡིན་ཚུལ་དང་། ནཱ་ལེནྡྲའི་ལྟ་གྲུབ་སྨྲ་བའི་པཎ་གྲུབ་གྲགས་ཅན། ནཱ་ལེནྡྲའི་མཚན་སྙན་དང་མཁས་པའི་འཕྲིན་ལས། གཞན་ཡང་ནཱ་ལེནྡྲའི་མཁན་རབས་ ༥༩ དང་། ནཱ་ལེནྡྲའི་པཎ་གྲུབ་གཞན་ ༢༩ སོགས་ཀྱི་ས་བཅད་སོ་སོའི་སྐབས་སུའང་བརྗོད་ཟིན་པ་ལྟར་རོ།།
གཞན་ཡང་རྭ་ཡེ་ཤེས་སེངྒེས་ (དུས་རབས་12པ།) མཛད་པའི་རྗེ་བཙུན་རྭ་ལོའི་རྣམ་ཐར་ལས[7]། སྐྱེ་བོ་ཐམས་ཅད་ཀྱང་རང་བཞིན་གྱི་དྲང་ཞིང་སེམས་དགེ་བའི་ཡུལ་དེར་བྱོན་ནས། མི་འཕྲད་ཚད་ལ་པཎྜི་ཏ་སུ་བཟང་དྲིས་པས། ཤྲཱི་ན་ལེནྡྲ་ན་པཎྜི་ཏ་ཀ་རུ་ཎི་ཀ་བྱ་བ་མཁས་བཙུན་བཟང་གསུམ་འཛོམས་པ་གཅིག་ཡོད། ཅེས་གསལ་བ་ལྟར། དཔལ་ནཱ་ལེནྡྲའི་པཎྜི་ཏ་ཀ་རུ་ཎིའི་རྣམ་ཐར་གྱི་དཔྱད་གཞི་གཏན་ནས་མ་རྙེད་ལ། གཞན་ཡང་དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཤྲཱི་ལེནྡྲ་བྷོ་དྷི། ས་མནྟ་ཤྲཱི། ཤྲཱི་བ་ལེ་རྡ་ར། ཛྙཱ་ན་གརྦྷ་སོགས་ཀྱང་བོད་དུ་བརྒྱ་ཕྲག་དགུ་པའི་ནང་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་པཎ་ཆེན་བརྒྱ་རྩ་བརྒྱད་སྤྱན་དྲངས་ནས་བོད་མུན་པའི་གནས་སུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྤར། མདོ་སྔགས་ཐམས་ཅད་བོད་དུ་བསྒྱུར་ཞུས་གཏན་ལ་ཕབ་པའི་སྐབས་སུ་མ་མོ་བ་དང༌། མཆན་བུ་ལ་སོགས་པའི་པཎྜི་ཏ་ཆེན་པོ་རྣམས་ཡིན་པས། པཎྜི་ཏ་འདི་དག་ཀྱང་ཡིག་ཆ་ལ་ལར་ནཱ་ལེནྡྲ་ནས་གདན་དྲངས་པར་བཀོད་འདུག་ཀྱང་། ཚད་ལྡན་གྱི་རྣམ་ཐར་དང་། ཁུངས་བཙན་གྱི་ཡིག་ཆའི་རིགས་མ་རྙེད་པས་ངེས་པ་རྙེད་དཀའ་འོ།།
དེ་ཡང་ཨཱ་ཙརྱ་ཛི་ན་མི་ཏྲ་སྟེ། བོད་སྐད་དུ་སློབ་དཔོན་རྒྱལ་བའི་བཤེས་གཉེན་ཞེས་བྱ་སྟེ། ཕྱི་ལོའི་དུས་རབས་བརྒྱད་པར་ཁ་ཆེའི་ཡུལ་དུ་སྐུ་འཁྲུངས་པའི་ནང་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན་ཅིང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོད་དུ་གདན་དྲངས་ཏེ་བཀའ་བསྟན་མང་པོ་བསྒྱུར་བ་དང་། འདུལ་བའི་བསྟན་པ་རྒྱ་ཆེར་སྤེལ་ཞིང་། དྲིན་ཆེན་གྱི་ལོ་པཎ་གསུམ་ཞེས་གྲགས་པ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ། ཞང་ཡེ་ཤེས་སྡེ་གསུམ་གྱི་ཡ་གྱལ་ཡིན་པར་མ་ཟད། འདི་ཉིད་ཀྱི་འགྱུར་ལ་མདོ་མང་སྐོར་ལས། འཕགས་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་བམ་པོ་དྲུག་དང་ལེའུ་བཅུ་གསུམ་པ་སོགས་བཞུགས་སོ།།
སུ་རེནྡྲ་བོ་དྷི་[8]སྟེ། བོད་སྐད་དུ་ལྷའི་དབང་པོ་བྱང་ཆུབ་ཅེས་ཞུ་ཞིང་། རྒྱ་གཞུང་དུ་མ་བོད་སྐད་དུ་བསྒྱུར་བར་མཛད་པས། ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དཱ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པར་ཚུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྣེནྡྲ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་གི་ཆོས་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ།[9] ཞེས་བྱུང་བ་ལྟར་རོ།།
དེ་བཞིན་ཤཱི་ལེནྡྲ་བོ་དྷི་སྟེ། བོད་སྐད་དུ་ཚུལ་ཁྲིམས་བྱང་ཆུབ་དབང་པོའམ། ཚུལ་ཁྲིམས་དབང་པོ་བྱང་ཆུབ་ཅེས་ཞུ་ཞིང་། དུས་རབས་བརྒྱད་པར་བྱོན་པ་དང་། ཐེག་པ་ཆེ་ཆུང་གི་རྒྱ་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད། དཱ་ན་ཤཱི་ལ་སྟེ། བོད་སྐད་དུ་ཚུལ་སྦྱིན་པའི་ངང་ཚུལ་ནི། ཕྱི་ལོའི་དུས་རབས་བརྒྱད་པར་ཀསྨིར་སྐུ་འཁྲུངས་ཤིང་། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་ལ་གདན་དྲངས་པའི་དྲིན་ཅན་ལོ་པཎ་གསུམ་གྱི་ཡ་གྱལ་དེ་ཡིན། འདིའི་རྣམ་ཐར་ཅུང་ཟད་རྒྱས་པ་མཁན་ཆེན་ཞི་འཚོའི་གསུང་འབུམ་དཀར་ཆག་སྐབས་འགོད་པར་འགྱུར་བས་དེར་གཟིགས་པར་འཚལ་ལ། གཞན་ཡང་བོ་དྷི་མི་ཏྲ་སྟེ། བོད་སྐད་དུ་བྱང་ཆུབ་བཤེས་གཉེན་དང་། བྲམ་ཟེ་ཨ་ནནྡ་སྟེ། བྲམ་ཟེ་ཀུན་དགའ་[10]ཞེས་བྱ་བ་སོགས་པཎ་གྲུབ་སྙན་གྲགས་ཅན་མང་དུ་བྱོན་པ་དག་གི་རྣམ་ཐར་གྱི་དཔྱད་གཞི་ཤིན་ཏུ་དཀོན་པས་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཡིན་མིན་ཁ་ཚོན་བཅད་ནས་ཞུ་ཚོད་དཀའ་བས། མ་འོངས་པར་དཔྱད་གཞི་ཐོབ་མཚམས་ཁ་སྐོང་གནང་བར་ཞུ།
རྒྱ་གར་སྲིད་འཛིན་གྱི་གསུང་བཤད་ནང་། ཐང་སན་བླ་མ་ནཱ་ལེནྡྲར་ཕེབས་སྐབས་ཨ་ཙརྱ་ཤཱི་ལ་བྷ་དྲ་དང་། པྲ་མ་མི་ཏྲ་དང་། སྠི་ར་མ་ཏི་དང་། གུ་ཎ་མ་ཏི་ལ་སོགས་པ་འདི་གའི་མཁན་པོའི་གཙོ་བོ་ཡིན་འདུག །ཅེས་གསུངས་ཀྱང་། དབུ་མ་རྩ་བ་ཤེས་རབ་ཀྱི་རྒྱ་འགྲེལ་གྲགས་ཅན་བརྒྱད་ཏེ། ༡ ག་ལས་འཇིགས་མེད་དང་། ༢ དེ་བ་ཤརྨ་སྟེ་ལྷའི་དགེ་སྦྱོང་ངམ་དགེ་བའི་ལྷ། ༣ གུ་ཎ་མ་ཏི་སྟེ་ཡོན་ཏན་བློ་གྲོས། ༤ གུ་ཎ་ཤྲཱི་སྟེ་ཡོན་ཏན་དཔལ། ༥ སྠི་ར་མ་ཏི་སྟེ་བློ་གྲོས་བརྟན་པ། ༦ སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི་ཏ། ༧ ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ། ༨ ཟླ་བ་གྲགས་པའི་ཚིག་གསལ་དང་བརྒྱད་ཀྱི་མཛད་པ་པོ་དག་ལས། སློབ་དཔོན་དེ་བ་ཤརྨ་སྟེ་ལྷའི་དགེ་སྦྱོང་དང་། གུ་ཎ་ཤྲཱི་སྟེ་ཡོན་ཏན་དཔལ་གཉིས་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཡིན་མིན་གྱི་རྣམ་ཐར་གྱི་དཔྱད་གཞི་མ་རྙེད་པས་འགོད་ཐབས་བྲལ་བ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ག་ཡ་དྷ་ར་ནི། རྒྱ་གར་གྱི་པཎྜི་ཏ་ཞིག་སྟེ། ཕྱི་ལོ་ ༩༩༣ ལོར་སྐུ་འཁྲུངས། མཚན་ལ་ལྭ་བ་དམར་པོ་དང་། སྤྲིན་གྱི་ཤུགས་ཅན་ཡང་ཟེར། ཕྱི་ལོ་ ༡༠༤༡ ལོར་འབྲོག་མི་ལོ་ཙཱ་བས་ཐེངས་དང་པོར་བོད་ལ་སྤྱན་དྲངས་ཏེ། ལྷ་རྩེའི་བྲག་སོགས་སུ་ལོ་གསུམ་གྱི་རིང་དུ་ཀྱཻ་རྡོར་གྱི་རྒྱུད་ཀྱི་བཤད་པ་སོགས་ཀྱིས་མཚོན་ཆོས་བཀའ་མང་པོ་གནང་། དེའི་ཕྱིས་སུ་འགོས་ལྷས་བཙས་ཀྱིས་ཐེངས་གཉིས་པར་བོད་ལ་གདན་འདྲེན་ཞུས། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་གདན་དྲངས་པར་གསུངས། ཞྭ་ལུགས་དག་ཐེངས་བཞིར་བྱོན་པའི་དང་པོར་གདན་འདྲེན་མཁན་ནི་ལོ་ཙཱ་བ་གཞོན་ནུ་ཤེས་རབ་ཡིན་པར་བཞེད། ལོ་རྒྱུས་གཞན་དག་ཏུ་པཎྜི་ཏ་འདི་པ་དཔལ་ནཱ་རོ་པ་དང་མཻ་ཏྲི་པ་སོགས་ཀྱི་སློབ་མ་དང་། རྟེན་ཁྱིམ་པ་ཡིན་པར་བཤད། ཅེས་ (བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་ ༡༢༥) གསལ་ལོ།།
[2] ཕྱི་ལོ་ ༦༤༣ ནས་ ༧༥༤ ནང་གི་ལོ་ཅི་རིགས་ལ་སློབ་དཔོན་དུལ་བའི་སྡེ་འདས་པ་ཐང་སན་བླ་མའི་ལོ་རྒྱུས་ལས་ཤེས། ཞེས་བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༠༨ ཐོག་གསལ།
[3] སློབ་དཔོན་སེངྒེ་བཟང་པོའི་སློབ་མ་ཞིག་སྟེ། མཚན་དངོས་ལ་རིན་ཆེན་བཟང་པོ་ཟེར། རྗེ་ཙོང་ཁ་པ་ཆེན་པོས། རྒྱལ་བའི་མན་ངག་ཀུན་འཛིན་ཀུ་ས་ལི། །ཞེས་པའི་ཀུ་ས་ལི་ནི་སློབ་དཔོན་འདི་ཉིད་ཡིན།
[4] མཚན་དངོས་ལ་རིན་ཆེན་སྡེའམ། ཡང་ན་ཉམས་རྟོགས་ཡོན་ཏན་གྱི་ཆ་ནས་བླ་མ་བྱམས་པའི་རྣལ་འབྱོར་པ་ཡང་ཟེར་ཏེ། ཇོ་བོ་རྗེས་དམ་པ་འདི་ཉིད་ཀྱི་མདུན་ནས་བྱང་ཆུབ་སེམས་སྦྱོང་གི་གདམས་ངག་ཆ་ཚང་གསན་པར་གསུངས། རྗེ་ཙོང་ཁ་པ་ཆེན་པོས། འགྲོ་ཀུན་བརྩེ་བས་རྗེས་འཛིན་དགེ་བ་ཅན། །ཞེས་པའི་དགེ་བ་ཅན་ནི་སློབ་དཔོན་འདི་ཉིད་ཡིན་ནོ།།
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༦༢
[6] འགྲེལ་མཛད་པཎ་གྲུབ་རྣམས་ཀྱི་རྣམ་ཐར་སྙིང་བསྡུས་དང་བསྟན་བཅོས་བཅས་ཀྱི་སྐོར་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་གི་སྐབས་སུ་བཀོད་ཡོད་པས་དེར་གཟིགས་པར་འཚལ་ལོ།།
[7] རྗེ་བཙུན་རྭ་ལོའི་རྣམ་ཐར། དཔེ་རིང་། ཤོག་གྲངས་ ༣༢བ༤
[8] བཙན་པོ་མངའ་བདག་ཁྲི་རལ་སྐབས་བོད་དུ་གདན་དྲངས་པའི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་སྟེ། བཀའ་བསྟན་གྱི་ཁྲོད་ན་པཎྜི་ཏ་འདི་ཉིད་དང་། བོད་ཀྱི་ལོ་ཙཱ་བ་མཉམ་འབྲེལ་བྱས་ནས་བསྒྱུར་བའི་བསྟན་བཅོས་མང་ཙམ་བཞུགས་སོ།།
[9] བརྡ་དག་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་གཞུང་གཅེས་བཏུས། གཙུག་ལག་ཞིབ་དཔྱོད་ཁང་། ༢༠༡༢ ལོ། ཤོག་ ༦
[10] སྤུ་རྒྱལ་བཙན་པོའི་སྐབས་ཀྱི་བརྡ་རྙིང་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༩༢
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༨༧ ནས་ ༤༩༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།