༤༽ སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒྱུར་གཞུང་།
སློབ་དཔོན་ཀ་མ་ལ་ཤཱི་ལའི་མཚན་ཐོག་འགྱུར་ཆོས་ཀྱང་མང་དུ་བཞུགས་པ་ལས། ཚལ་པ་ཀུན་དགའ་རྡོ་རྗེའི་ (1309-1364) དེབ་ཐེར་དམར་པོ་ལས[1]། བཞི་པ་ཁྲི་ལྡེ་སྲོང་བཙན། ཤིང་ཕོ་འབྲུག་ལ་འཁྲུངས། དགུང་ལོ་ཉི་ཤུ་རྩ་གསུམ་ནས་རྒྱལ་སྲིད་ལོ་སུམ་ཅུ་སོ་གཉིས་བཟུང་། པཎྜི་ཏ་བི་མ་ལ་མི་ཏྲ། ཀ་མ་ལ་ཤཱི་ལ། ཛྙཱ་ན་སེ་ན། བལ་པོ་ཧཱུཾ་ཀ་ར། ལོ་ཙཱ་བ་འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་ལ་སོགས་ཀྱིས་ཆོས་མང་དུ་བསྒྱུར།
སྐར་ཆུང་རྡོ་རྗེ་དབྱིངས་ལྷ་ཁང་ལ་སོགས་བཞེངས། འབོད་འབངས་བདེ་ལ་བཀོད། དགུང་ལོ་ལྔ་བཅུ་རྩ་བཞི་མེ་མོ་བྱ་ལ་འདས། ཞེས་ཀ་མ་ལ་ཤཱི་ལས་སོགས་ཀྱིས་ཆོས་མང་དུ་བསྒྱུར་བར་གསལ་ལ། ཉང་རལ་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས[2]། རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་བོད་ཀྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གཉིས་ཀྱིས་དཔང་སྐོང་ཕྱག་སྟོང་པ་ལ་སོགས་པ་དང་། མདོ་སྡེ་རྒྱ་ནག་མ་ལ་སོགས་མང་དུ་བསྒྱུར་རོ། །ཞེས་གསལ་བ་ནི། ཞི་འཚོ་ཡབ་སྲས་ཀྱི་ཡ་གྱལ་སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒྱུར་གཞུང་ཡིན། འོན་ཀྱང་དེ་མ་ཐག་ཏུ་བོད་ཀྱི་ལོ་ཙཱ་བ་དྷརྨ་ཤཱི་ལ་དང་། ཤེས་རབ་སྐྱབས། ཞ་མ་སྟོན་པ་སེངྒེ་རྒྱལ་པོ་སོགས་དང་མཉམ་དུ་རྒྱ་གཞུང་བོད་སྐད་དུ་བསྒྱུར་བ་ནི། བཀའ་འགྱུར་ལས། བོད་ཀྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་དང་ལྷན་དུ་དཔང་སྐོང་ཕྱག་སྟོང་པ་ལ་སོགས་པ་དང་། མདོ་སྡེ་རྒྱ་ནག་མ་ལ་སོགས་པ་མང་དུ་བསྒྱུར་རོ། །ཞེས་ཉང་ཆོས་འབྱུང་དུ་གསལ་[3]ལོ།།
གཞན་ཡང་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལའི་འགྱུར་ལ། བཀའ་འགྱུར་ལས། དཀོན་བརྩེགས་སུ་ཆོས་ཚན་གཅིག་དང་། བསྟན་འགྱུར་ལས། རྒྱུད་ཀྱི་སྐོར་ཆོས་ཚན་གཉིས་བཞུགས་པའི་རྒྱ་གར་གྱི་མཁན་པོ་ཀ་མ་ལ་ཤཱི་ལ་ནི། བོད་སྐད་དུ་པདྨའི་ངང་ཚུལ་ཞེས་སུ་གྲགས་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཧྭ་ཤང་མཧཱ་ཡ་ན་དང་རྩོད་པ་མཛད་མཁན་དང་། མཁན་ཆེན་ཞི་འཚོའི་དངོས་སློབ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་བྱོན་པའི་དུས་ལ་སྔ་ཕྱིའི་བར་ཁྱད་ཆེ་བས། ཕ་དམ་པ་རྒྱ་གར་མིན་ནམ་སྙམ་པས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།
མདོར་ན། སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་ ༢༠ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༣ བཅས་བསྟན་བཅོས་ ༢༣ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་མ་ཡིག་བཞུགས་པའི་བསྟན་བཅོས་གྲངས་ ༢༠ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༣༨ ཆོས་འབྱུང་མེ་ཏོག་སྦྲང་རྩིའི་སྙིང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༦༥
[2] ཆོས་འབྱུང་མེ་ཏོག་སྦྲང་རྩིའི་སྙིང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༦༥
[3] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༣༦༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༨ ནས་ ༢༠༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།