ག༽ མཛད་བྱང་དང་། མཛད་པ་པོའི་མཚན།
རྒྱལ་སྲས་ཞི་བ་ལྷས་མཛད་པའི་གསུང་བཟང་དངོས་ཀྱི་མཛད་བྱང་ཁག་ཏུ་མཛད་པ་པོའི་མཚན་ལ་སཾ་བོད་གཉིས་ཀའི་མཚན་གསལ་བ་ལས། ལེགས་སྦྱར་གྱི་ཤཱནྟ་དེ་བ་ཞེས་འཁོད་པའི་ཆོས་ཚན་ ༣ དང་། ལེགས་སྦྱར་གྱི་མཚན་ཟུར་དུ་ཆེ་བསྟོད་ཀྱི་མཁན་པོ་དང་། སློབ་དཔོན། རྣལ་འབྱོར་གྱི་དབང་ཕྱུག་ཅེས་རིགས་གསུམ་གསལ་ལ།
བོད་སྐད་ཀྱི་མཚན་ཞི་བ་ལྷ་ཞེས་འཁོད་པའི་ཆོས་ཚན་ ༦ བཞུགས་པ་ལས་ཞི་བ་ལྷ་ཞེས་པའི་མཚན་དང་འབྲེལ་ནས་ཆེ་བསྟོད་ཚུལ་དུ་མཁན་པོ་ཞེས་པ་གཅིག་དང་། སློབ་དཔོན་ཞེས་པ་འཁོད་པ་བཞི། དཔལ་ལྡན་ཞི་བ་ལྷ་ཞེས་འཁོད་པ་གཅིག་བཅས་དང་། མཛད་བྱང་དུ་འདུ་ཤེས་གསུམ་པ་སྟེ་ལེགས་སྦྱར་གྱི་བྷུ་སུ་ཀུ་ཞེས་གསལ་བའི་ཆོས་ཚན་ ༤ བཅས་ལས་མཚན་ཟུར་དུ་ཆེ་བསྟོད་ཀྱི་སློབ་དཔོན་ཡོད་མེད་གཉིས་ཀ་མཆིས་སོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༩ ནས་ ༧༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།