ཏེ་ལཱ་དྷ་ཀའི་གཙུག་ལག་ཁང་།

ཏེ་ལཱ་དྷ་ཀའི་གཙུག་ལག་ཁང་།

དུས་རབས་དང་པོ་ནས་བཅུ་གཉིས་བར་གནས།

 

ཏེ་ལཱ་དྷ་ཀའི་གཙུག་ལག་ཁང་། གྲོང་ཁྱེར་ལྷོ་ནུབ་ལེ་དབར་ཉིས་བརྒྱའི་མཚམས་སུ་གཙུག་ལག་ཁང་རྙིང་པའི་ཤུལ་ཡོད། ལོགས་སུ་རྒྱུན་པར་ངོ་མཚར་བའི་ལྟས་དུ་མ་སྣང་ཞིང་། བྱིན་རླབས་སྩལ་བའི་མཆོད་རྟེན་ཡོད་པར་ཉེ་རིང་གི་སྐྱེ་བོ་ཐམས་ཅད་བསྔོ་བ་བྱེད་པར་འོང་། དེར་འདས་པའི་སངས་རྒྱས་རྣམ་བཞི་ཞབས་བཅགས་པའི་ཤུལ་ཡོད། དེ་ནས་ལྷོ་ནུབ་ཕྱོགས་སུ་ལེ་དབར་བརྒྱ་ལྷག་བགྲོད་པས། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཚ་བོ་ཐ་ཆུང་གིས་བཞེངས་པའི་གཙུག་ལག་ཁང་ཏེ་ལཱ་དྷ་ཀ་བྱ་བར་སླེབས།
གཙུག་ལག་ཁང་དེར་ཁྱོན་ར་བ་བཞི་ཡོད་ཅིང་། ཁང་བུ་ཐོག་བརྩེགས་གསུམ་ཅན་ཡིན་པ་ལ། སྒོ་ཐམས་ཅད་རྒྱ་ཆེར་ཕྱེས་ནས་ཉི་འོག་གི་མཁས་པ་ཀུན་འདུ་བའི་ཕྱིར་ཡུལ་ཕྱིའི་ཤེས་པ་ཅན་དུ་མ་ལྷན་དུ་སྡེབས་ནས་འདིར་ལྷགས། དགེ་འདུན་པ་ཆིག་སྟོང་ཙམ་ཐམས་ཅད་ཐེག་པ་ཆེན་པོར་འཇུག བར་སྒོའི་མདུན་ན་ཁང་བུ་ཉམས་དགའ་བ་གསུམ་སྣང་བའི་ཡང་སྟེང་དུ་འཁོར་ལོ་དང་དྲིལ་བུ་བར་མཐོངས་སུ་དཔྱངས་པ། འོག་ཏུ་ཐེས་སྐས་རིམ་པར་བྱས་ཤིང་ཕྱོགས་བཞི་ར་བས་བསྐོར། སྒོ་དང་སྒེའུ་ཁུང་དང་གྱང་སྐས་མཐའ་དག་གསེར་ཟངས་འབུར་ཐོན་གྱི་བརྐོས་རྒྱན་ཤིན་ཏུ་མཚར། དབུས་ཀྱི་ཁང་བཟང་དུ་སྟོན་པའི་བཞེངས་སྐུ་ཁྲུ་བཅུ་མ་ཟིན་ཙམ་མཇལ་དུ་ཡོད་པའི་ལོགས་གཉིས་ལ་གཡོན་དུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་དང་གཡས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཞུགས་ཤིང་། དེ་དག་རྒྱུ་གསེར་ཟངས་ལས་གྲུབ་པ་བྱོན་ལེགས་བྱིན་ཅན་ཤ་སྟག་གོ།


ཐང་སན་ལམ་ཡིག་གི་བམ་པོ་བརྒྱད་པ། ནང་གསེས་དོན་ཚན་བཅུ་གཉིས་པ། ཤོག་ངོས་ ༢༦༩ ཐང་སན་ལམ་ཡིག་གསར་བསྒྱུར་དང་ཞིབ་འཇུག ཡིག་སྒྱུར་པ། རྨེ་རུ་ཚེ་རིང་དོན་འགྲུབ།

སྐྱེས་སར་ཀླུ་སྒྲུབ་ཀྱིས་བསྒྲིགས།

Leave a Reply

Your email address will not be published. Required fields are marked *