དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་དཀར་ཆག གཉིས་པ། དབུ་མའི་སྐོར།

གཉིས་པ། དབུ་མའི་སྐོར།

 

༩༽ དབུ་མ་ ༼འ༽ པ་ལ། རྒྱ་གར་སྐད་དུ། མཱུ་ལ་མཱ་དྷྱཱ་མི་ཀ་བྲིཏྟི་པྲ་སན་ན་པ་ད་ནཱ་མ། བོད་སྐད་དུ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ་ཞེས་བྱ་བ། གཞུང་གི་མཇུག་བྱང་ལས[1]། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ།

གསུང་རབ་རྒྱ་མཚོ་བསྲུབས་བྱུང་དེ་ཉིད་བདུད་རྩིའི་སྣོད། །

ཤེས་རབ་ཅེས་བྱ་སྣང་བྱེད་ཚིག་གསལ་རིན་ཆེན་སྒྲོན། །

བསྒྱུར་ལས་དགེ་བ་གང་བསགས་དེ་ཡིས་ཉི་མ་གྲགས། །

ལྟ་ཐིབས་སྤངས་ཏེ་སྤྲོས་བྲལ་མཁའ་ལ་འགྲོ་བར་ཤོག །

ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། རིན་ཆེན་སྦས་པའི་གཙུག་ལག་ཁང་གི་འདབས་སུ། (༡) སྔ་འགྱུར།) རྒྱ་གར་གྱི་མཁན་པོ་རྟོག་གེ་བ་ཆེན་པོ། མ་ཧཱ་སུ་མ་ཏིའི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། (༢) ཕྱི་འགྱུར།) ཕྱིས་ར་མོ་ཆེའི་གཙུག་ལག་ཁང་དུ་ཁ་ཆེའི་མཁན་པོ་ཀ་ཎ་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཉི་འོག་ཤར་ཕྱོགས་ཀྱི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ།།

ཁུངས་རྣམས་ཇི་ལྟར་གྲགས་བཞིན་བྲིས། །ཕྱིན་ཆད་སྐད་གཉིས་འབྱུང་སྲིད་ན། །

འགྲེལ་པ་སྒྲ་དོན་བཞིན་བསྒྱུར་ལ། །གཟུ་བོར་བྱོས་ལ་དཔྱད་པར་རིགས། །

ཞེས་བྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་བཞུགས་ཤིང་། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་རྣམ་བཞི་ལས[2]། དབུ་མའི་བསྟན་བཅོས་ཀྱི་བསྟོད་པ་གསར་དུ་བཀོད་པའི་བསྟོད་པ་འདི་ནི་དཔལ་ལྡན་ཟླ་བའི་དབུ་མ་ཚིག་གསལ་གྱི་མཛད་བྱང་བསྙོན་མེད་ཡིན་པ་ལ་དོགས་གནས་སྤུ་ཙམ་མེད་མོད། འོན་ཀྱང་དེང་སང་ལེགས་སྦྱར་སྐད་ཐོག་གསར་དུ་དཔར་བསྐྲུན་ཞུས་པའི་ནང་པའི་བསྟོད་པ་འདྲ་མིན་ཕྱོགས་བསྡུ་བྱས་པའི་དེབ་ (बौद्धस्तोत्रसंग्रह) ཞེས་པར་གོང་སྨོས་ཀྱི་མཛད་བྱང་གི་ཆ་ཤས་སུ་གྱུར་པའི་ཆེད་ཁྱད་པར་དུ་འཕགས་པའི་རྩོམ་རྩལ་དང་ལྡན་པའི་ཚིགས་བཅད་ ༡༤ ཡོད་པ་དེ་དག་ལ། དབུ་མའི་བསྟན་བཅོས་ཀྱི་བསྟོད་པ། (मध्यमकशास्त्रस्तुति) ཞེས་མཚན་བྱང་དང་བཅས་དེར་བཀོད་ཡོད། དེ་ལ་གལ་གནད་ཅིག་ཡོད་པར་བསམས་ནས་འདིར་ཡང་བསྟོད་ཚོགས་ཀྱི་མཚན་བྱང་ནང་བཀོད་པ་ཡིན། མཛད་བྱང་གི་ཆ་ཤས་དེ་གཞུང་ངོ་མའི་མཐར་བོད་འགྱུར་སྤར་མ་ཚང་མར་གསལ་བ་ལྟར་ལེགས་སྦྱར་གྱི་རྒྱ་དཔེར་ཡང་གསལ་དགོས་ངེས་སུ་སྣང་ཡང་། དེང་སང་དངོས་སུ་ལེགས་སྦྱར་གྱི་སྐད་ཐོག་བཞུགས་པའི་དབུ་མ་ཚིག་གསལ་གྱི་རྒྱ་དཔེའི་ཞབས་ལ་དེ་དག་གསལ་མེད་པ་ནི་ཆད་སྐྱོན་ཧ་ཅང་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ། གཞི་རྩའི་དབུ་མ་ཚིག་གསལ་གྱི་ལེགས་སྦྱར་རྒྱ་དཔེ་དང་བོད་དཔེ་གཉིས་ཀྱི་དབར་ལ་ཚང་མ་ཚང་གི་ཁྱད་པར་ཧ་ལས་དགོས་པའི་ཆེན་པོ་ཡོད་པ་འདི་ནི། བསྟན་བཅོས་གཞན་གང་ལ་ཡང་གཏན་ནས་བྱུང་མ་མྱོང་བ་ཞིག་རེད་ཅེས་བརྗོད་ཀྱང་མ་ཆོག་པ་མེད་པ་ནི་དངོས་སུ་མཚུངས་བསྡུར་གནང་ན་མཁྱེན་པར་འགྱུར་རོ། །ཞེས་གསལ་ལ། དབུ་མ་ཚིག་གསལ་འདི་ཉིད་རྒྱའི་སྐད་དུའང་བསྒྱུར་བཞིན་པ་ལགས་སོ།།

༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[3]། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེ་སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་མདུན་དུ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཇི་སྙེད་ཅིག་གསན་བཞེས་བཀའ་དྲིན་ཆེ་ཞིང་། དེ་ཡང་ཐོག་མར་ཆོས་འབྲེལ་ཇི་ལྟར་བྱུང་བའི་ཚུལ་ནི། སྐྱབས་རྗེ་རི་རྫོང་རིན་པོ་ཆེར་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཀུན་དང་། རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་དང་། ཚིག་གསལ་གྱི་ལུང་རྒྱུན་ཡོད་པས་གཞུང་ཆེན་དེ་དག་གི་ལུང་གི་རྒྱུན་ནོད་པར་མ་བྱས་ན་ཤིན་ཏུ་ཕངས་སོ་སྙམ་དུ་དགོངས་པ་དང་། གཞུང་ཆེན་མོའི་བཤད་པའི་རྒྱུན་ཉམས་ན་བསྟན་པ་རིན་པོ་ཆེ་ཉམས་པའི་རྐྱེན་ཡང་དེ་ལས་ཆེ་བ་མེད་པ་དང་། གཞུང་ཆེན་འདི་དག་གི་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ་བ་ཞིག་མ་བྱུང་ན་འཆད་ཉན་གྱི་རྒྱུན་ཆད་པའི་ཉེས་སུའང་གཟིགས་ནས་ཁྲི་རིན་པོ་ཆེ་གང་ཉིད་ལ་མངའ་བའི་གཞུང་ཆེན་དེ་དག་གི་རྒྱུན་གསན་ཅིང་བཞེས་པར་མཛད་དོ།།

ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེའི་ཞལ་སྔ་ནས་ལས་གསན་བཞེས་གང་མཛད་པ་རྣམས་ཀྱི་ཐོ་ཡིག་རིམ་པར་འགོད་པ་ལ། བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཆ་ཚང་གི་ལུང་དང་། སྐྱེས་རབས་དང་བྱང་ས་དང་ཚོམས་བཅས་ཀྱི་ལུང་། འགྲེལ་པ་བུདྡྷ་པཱ་ཏི་ལ་དང་། དབུ་མ་ཚིག་གསལ་གཉིས་ཀྱི་ལུང་། བསྟན་འགྱུར་བསྟོད་ཚོགས་ཀྱི་ཁྲོད་དུ་བཞུགས་པའི་སེམས་ཅན་མགུ་བར་བྱེད་པའི་བསྟོད་པའི་ལུང་བཅས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེ་སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཞལ་སྔ་ནས་ལས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་བྱུང་བ་ལྟར་རོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༡ རབ་བྱེད། ༢༧ ལྡེབ་ ༡ན༡ ནས་ ༢༠༠ན༧ བར་ཡིག་ཕྲེང་ ༢༧༨༢ ཚིག་ཁྱིམ་ ༡༤༠༦༠༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེར། པོད་རྟགས་ ༼འ༽ པ། ཚན་གྲངས་ ༡ རབ་བྱེད། ༢༧ ལྡེབ་ ༡ན༡ ནས་ ༢༢༥བ༧ བར་ཡིག་ཕྲེང་ ༣༥༧༩ ཚིག་ཁྱིམ་ ༡༤༠༣༧༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༡ རབ་བྱེད། ༢༧ ལྡེབ་ ༡ན༡ ནས་ ༢༢༧ན༣ བར་ཡིག་ཕྲེང་ ༣༡༤༨ ཚིག་ཁྱིམ་ ༡༤༠༤༣༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༡ རབ་བྱེད། ༢༧ ལྡེབ་ ༡ན༡ ནས་ ༡༩༧ན༧ བར་ཡིག་ཕྲེང་ ༢༧༣༨ ཚིག་ཁྱིམ་ ༡༤༠༦༠༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ ཤོག་གྲངས་ ༣ ནས་ ༤༨༣ བར་བཅས་སུ་བཞུགས་སོ།།

༡༠༽ དབུ་མ་ ༼འ༽ པ་ལ། རྒྱ་གར་སྐད་དུ། མ་དྷྱ་མཱ་བ་ཏཱ་ར་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ། གཞུང་གི་མཇུག་བྱང་ལས[4]། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ། ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ། ། (༡) སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། (༢) ཕྱི་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང་། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བ་ལྟར་ཅུང་ཟད་བཅོས་པ། དོན་ཚང་ཞིང་ཚིག་བདེ་བར་བྲིས་པའོ། །ཞེས་བྱུང་བ་ལྟར། དེ་ལྟ་བུའི་སློབ་དཔོན་ཆེན་པོ་དེས་མཛད་པའི་འཁོར་ལོ་བར་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་སྟོན་པ་ཟབ་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པ་མཐའ་དག་སོ་སོ་སྐྱེ་བོའི་སའི་ཆོས་གསུམ། འཕགས་པ་སློབ་པའི་ས་བཅུ། འབྲས་བུ་སངས་རྒྱས་ཀྱི་ས་རྣམས་སུ་བསྡུས་ནས་ཡོངས་སུ་རྫོགས་པར་གཏན་ལ་འབེབས་པའི་གཞུང་ཞིག་ཡིན་ནོ།།

གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[5]། རྩ་ཤེས་ཀྱི་འགྲེལ་པ་དབུ་མ་ལ་འཇུག་པ་སློབ་དཔོན་མཐོན་མཐིང་མིག་གིས་མཛད་པ་བམ་བཞི་ཀུ་མཱ་རའི་འགྱུར། ཞེས་གསལ་བ་ལྟར་རྒྱའི་སྐད་དུའང་བསྒྱུར་བ་ཡོད་འདུག[6] །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། དབུ་མ་འཇུག་པ་རྩ་འགྲེལ་གཉིས་ཀྱི་རྒྱ་དཔེ་ཁེར་རྐྱང་མའི་ནང་དུ་ལེའུ་དང་པོའི་ཚིགས་བཅད་གཉིས་པ་ཆད་པ་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཐུབ་པ་དགོངས་རྒྱན་གྱི་རྒྱ་དཔེ་ལས་བརྙེད་པ་འདི་ཡང་རིན་ཐང་བྲལ་བ་ཞིག་དང་། དབུ་མ་འཇུག་པ་ལ་རྒྱ་འགྲེལ་གསུམ་དང་། བོད་འགྲེལ་དྲུག་ཅུ་ཙམ་ཞིག་ཡོད་པར་གྲགས་སོ།།

འདིའི་བཤད་ལུང་གི་རྒྱུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་གི་དྲུང་ནས་བཤད་ལུང་གསན་པར་གསུངས་པ་ནི། ༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[7]། བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་དང་དབུ་མ་དགོངས་པ་རབ་གསལ་སྦྲགས་པའི་བཤད་ལུང་། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ཆེན་པོ་ལེགས་བཤད་སྙིང་པོའི་བཤད་ལུང་། ཞེས་གསུངས་པ་ལྟར། དབུ་མ་ལ་འཇུག་པའི་བཤད་ལུང་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གསན་བཞེས་མཛད་པར་གསུངས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར་དུ་མི་གསལ། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེར། པོད་རྟགས་ ༼འ༽ པ། ཚན་གྲངས་ ༢ སེམས་བསྐྱེད། ༡༠ ལྡེབ་ ༢༢༥བ༧ ནས་ ༢༤༥ན༢ བར་ཡིག་ཕྲེང་ ༢༩༩ ཚིག་རྐང་ ༩-༡༢༨༥ ཚེག་ཁྱིམ་ ༡༢༦༠༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༢ སེམས་བསྐྱེད། ༡༠ ལྡེབ་ ༢༢༧ན༣ ནས་ ༢༤༦བ༡ བར་ཡིག་ཕྲེང་ ༢༥༨ ཚིག་རྐང་ ༩-༡༢༨༥ ཚེག་ཁྱིམ་ ༡༢༦༠༤། ང༽ ཅོ་ནེ་བསྟན་འགྱུར་དུའང་མི་གསལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ ཤོག་གྲངས་ ༥༡༣ ནས་ ༥༥༣ བར་བཅས་སུ་བཞུགས་སོ།།

༡༡༽ དབུ་མ་ ༼འ༽ པ་ལ། རྒྱ་གར་སྐད་དུ། མ་དྷྱཱ་མ་ཀ་ཨ་བ་ཏཱ་ཏ་ནཱ་མ། བོད་སྐད་དུ། དབུ་མ་ལ་འཇུག་པ་ཞེས་བྱ་བ། གཞུང་དངོས་ཀྱི་མཇུག་བྱང་ལས[8]། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར། །ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོན་སྟོན་ཀའི་རྒྱུ་སྐར་ལྟར་དཀའ་བའམ། །སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། །འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག །དབུ་མ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ།།

(༡) སྔ་འགྱུར།) ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས། རིན་ཆེན་སྦས་པའི་གཙུག་ལག་ཁང་དུ། ཁ་ཆེའི་རྒྱལ་པོ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། བོད་ཀྱི་ལོཙྪ་བ་བནྡེ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པར་བསྒྱུར། (༢) ཕྱི་འགྱུར།) ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །འདིར་འགྲེལ་པའི་མཛད་བྱང་དང་། འགྱུར་བྱང་གི་སྟེང་ནས་ཐུན་མོང་བ་རྣམས་བཀོད་པ་ནི། རྩ་བ་ལོགས་སུ་བསྒྱུར་བ་དང་འགྲེལ་པའི་ནང་གི་རྩ་བ་གཉིས་སྦྱར་ནས་ཞུས་དག་བྱས་པའི་དབང་དུ་བྱས་པ་ཡིན་ནོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

གོང་གསལ་ཆོས་ཚན་ ༡༠ པ་དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ་དང་། ཆོས་ཚན་ ༡༡ པ་དབུ་མ་ལ་འཇུག་པ་ཞེས་བྱ་བ་འདི་གཉིས་འགྱུར་མི་འདྲ་བ་ལས་དབུ་མ་ལ་འཇུག་པའི་རྩ་བ་ཡིན་པ་མཚུངས་མོད། ཚིག་གི་གཅོད་མཚམས་དང་། འགྱུར་ཚུལ་མི་འདྲ་བ་མང་ལ། སྔ་མ་པེ་ཅིན་དང་སྣང་ཐར་གཉིས་སུ་བཞུགས་ཀྱང་སྡེ་དགེ་དང་ཅོ་ནེ་པར་མ་གཉིས་སུ་མི་བཞུགས་ཤིང་། ཕྱི་མ་ནི་པར་མ་བཞི་གར་བཞུགས་པ་སོགས་ཀྱི་བར་ཁྱད་ཆེ་བས་གཉིས་ཀ་ཕྱོགས་བསྒྲིགས་ཞུས་པའོ།།

གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་གཞུང་སྒྱུར་བྱེད་ལོ་ཙཱ་བ་གཙོ་བོ་པ་ཚབ་ཉི་མ་གྲགས་ཀྱིས་དཔལ་ལྡན་ཟླ་བའི་གཞུང་བསྒྱུར་བཤད་ཇི་ལྟར་མཛད་པའི་ཚུལ་ནི། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[9]། པ་ཚབ་ཀྱི་བརྒྱུད་པ་དང་བཅས་པའི་སྐབས། ད་ནི་ཐེག་པ་ཆེན་པོ་དབུ་མའི་བཤད་པ་ཇི་ལྟར་བྱུང་བ་བརྗོད་པར་བྱ་སྟེ། དེ་ཡང་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་སློབ་བརྒྱུད་དང་བཅས་པས་ཤེས་རབ་སྒྲོན་མ་གཙོ་བོར་གྱུར་པའི་གཞུང་རྣམས་ལ་བཤད་པ་བྱས་པའི་ཚུལ་ནི་བཤད་ཟིན་ལ། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ལ་བརྟེན་ནས། སློབ་དཔོན་ཟླ་བ་གྲགས་པའི་གཞུང་གི་བཤད་པ་ཇི་ལྟར་བྱུང་བ་ལ། པ་ཚབ་ཉི་མ་གྲགས་པ་ནི། འཕན་ཡུལ་ན་པ་ཚབ་སྟོད་སྨད་གཉིས་ཡོད་པའི་སྟོད་པ། གཞོན་པའི་དུས་སུ་ཁ་ཆེར་བྱོན་ཏེ། སཛྫཱ་ནའི་སྲས་གཉིས་ལ་སོགས་པའི་པཎྜི་ཏ་མང་པོ་ལ་ཆོས་གསན་ཞིང་། ལོ་ཉི་ཤུ་རྩ་གསུམ་དུ་སྦྱངས་པ་མཛད་ནས་བོད་དུ་ཕེབས་པའི་ཚེ། སྤུ་ཧྲངས་པའི་དགེ་འདུན་སྤྱིས་གཡུ་བོ་ཆེ་ཕག་སྐུར་ཟེར་བ་ཞིག་ཕུལ་ནས། མཛོད་ཀྱི་འགྲེལ་བཤད་གང་བ་སྤེལ་གྱིས་མཛད་པ་དེ་བསྒྱུར་བར་ཞུས་པས་ལེགས་པར་བསྒྱུར། འཕན་ཡུལ་དུ་ཕེབས་དུས་གདུལ་བྱ་ཧ་ཅང་མི་ཆེ་བ་ལ། དགེ་བའི་བཤེས་གཉེན་ཤར་པ་བས་རང་གི་གྲྭ་པ་མང་པོ་ཁོང་ལ་དབུ་མ་སློབ་ཏུ་བཏང་བས། དེ་ནས་དབུ་མའི་འཆད་ཉན་ལེགས་པར་ཚུགས་ཏེ་གྲྭ་པ་མང་དུ་བསྐྱངས། རྩ་འཇུག་བཞི་གསུམ། རིགས་པ་དྲུག་ཅུ་པ་རྣམས་ཀྱི་སློབ་དཔོན་ཟླ་བས་མཛད་པའི་འགྲེལ་པ་རྣམས་ལེགས་པར་བསྒྱུར་ཅིང༌། ཕྱིས་ར་མོ་ཆེར་པཎྜི་ཏ་ཀ་ན་ཀ་ཝརྨ་དང་ལྷན་ཅིག་ཏུ་ཡུལ་དབུས་ཀྱི་དཔེ་དང་མཐུན་པར་ཡང་བཅོས། སྟོང་ཉིད་བདུན་ཅུ་པ་ལ་སློབ་དཔོན་ཟླ་བས་མཛད་པའི་འགྲེལ་པ་ཆེན་པོ་དེ། ཨ་བྷ་ཡ་དང་སྣུར་དྷརྨ་གྲགས་ཀྱིས་བསྒྱུར་བ་ལས། པ་ཚབ་ཀྱིས་པཎྜི་ཏ་མུ་དི་ཏ་དང་ལྷན་ཅིག་ཏུ་འགྲེལ་པ་དེའི་སྟོད་ནས་བམ་པོ་གཉིས་ལྷག་ཙམ་གྱི་འགྱུར་བཅོས། གསང་བ་འདུས་པའི་རྒྱ་ཆེར་འགྲེལ་པ་སྒྲོན་མ་གསལ་བ་ལ། །སྒྱུར་བྱེད་བཟང་བར་གྲགས་པ་རིན་ཆེན་བཟང་པོ་ལྟས། །བསྒྱུར་ཞུས་གཏན་ལ་ཕབ་པར་རློམ་ཡང་ཇི་ལྟ་བཞིན། །མིན་པར་མཐོང་ནས་ཉི་མ་གྲགས་ཀྱིས་ལེགས་བསྒྱུར་བའི། །ཞེས་བྱ་བ་ལ་སོགས་པ་གསུངས་ཤིང་། འགྱུར་བཅོས་ཡང་དག་པ་ཞིག་མཛད། འདུས་པའི་སྐོར་གྱི་ཕྲན་མང་པོ་ཡང་བསྒྱུར་ཅིང་། འདུས་པའི་འཆད་ཉན་ཡང་མཛད། ཅེས་གསུངས་པ་ལྟར་རོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༢ སེམས་བསྐྱེད། ༡༠ ལྡེབ་ ༢༠༡བ༡ ནས་ ༢༡༩ན༧ བར་ཡིག་ཕྲེང་ ༢༣༨ ཚིག་རྐང་ ༩-༡༢༡༥ ཚེག་ཁྱིམ་ ༡༣༠༩༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེར། པོད་རྟགས་ ༼འ༽ པ། ཚན་གྲངས་ ༣ སེམས་བསྐྱེད། ༡༠ ལྡེབ་ ༢༤༥ན༢ ནས་ ༢༦༤བ༧ བར་ཡིག་ཕྲེང་ ༣༠༣ ཚིག་རྐང་ ༩-༡༢༡༥ ཚེག་ཁྱིམ་ ༡༣༠༩༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༣ སེམས་བསྐྱེད། ༡༠ ལྡེབ་ ༢༤༦བ༡ ནས་ ༢༦༦ན༥ བར་ཡིག་ཕྲེང་ ༢༦༤ ཚིག་རྐང་ ༩-༡༢༡༥ ཚེག་ཁྱིམ་ ༡༣༠༩༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༢ སེམས་བསྐྱེད། ༡༠ ལྡེབ་ ༡༩༨ན༧ ནས་ ༢༡༦ན༧ བར་ཡིག་ཕྲེང་ ༢༣༩ ཚིག་རྐང་ ༩-༡༢༡༥ ཚེག་ཁྱིམ་ ༡༣༠༩༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ ཤོག་གྲངས་ ༥༥༥ ནས་ ༥༩༦ བར་བཅས་སུ་བཞུགས་སོ།།

༡༢༽ དབུ་མ་ ༼འ༽ པ་ལ། རྒྱ་གར་སྐད་དུ། མཱ་དྷྱཱ་མ་ཀ་ཨ་བ་ཏཱ་ར་བྷཱ་ཥུ་ནཱ་མ། བོད་སྐད་དུ། དབུ་མ་ལ་འཇུག་པའི་བཤད་པ་ཞེས་བྱ་བ། གཞུང་དངོས་ཀྱི་མཇུག་བྱང་ལས[10]། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གི་བསོད་ནམས་ཕྱོགས་ཀྱི་མཐར། །ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོན་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བའམ། །སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། །འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག །དབུ་མ་ལ་འཇུག་པའི་བཤད་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་ཟླ་བའི་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ།།

ཁུངས་རྣམས་ཕལ་ཆེར་མདོ་བཞིན་བྲིས། །ཕྱིན་ཆད་སྐད་གཉིས་འབྱུང་སྲིད་ན། །

རྩ་འགྲེལ་སྒྲ་དོན་བཞིན་བསྒྱུར་ལ། །གཟུ་བོར་བྱོས་ལ་དཔྱད་པར་གྱིས། །

ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ། ཁ་ཆེའི་རྒྱལ་པོ་དཔལ་འཕགས་པ་ལྷའི་སྐུ་རིང་ལ། (༡) སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་ཀ་ལ་ཤ་དང༌། བོད་ཀྱི་ལོ་ཙྪ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པ་ལྟར་བསྒྱུར། (༢) ཕྱི་འགྱུར།) ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝ་རྨ་དང༌། བོད་ཀྱི་ལོ་ཙྪ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །གཞུང་འདིའི་ཚད་ནི་བམ་པོ་བཅུ་གཅིག་དང་བམ་པོ་གསུམ་གཉིས་སོ། །ཞེས་གསལ་ལོ། །འདིའི་བཤད་ལུང་གི་རྒྱུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཁན་པོ་ཀུན་དགའ་དབང་ཕྱུག་གི་མཆོག་གི་དྲུང་ནས་བཤད་ལུང་གསན་པར་གསུངས་སོ།།

དེ་ཡང་༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[11]། དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཁམས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་དེའི་ཞལ་སྔ་ནས་ལས་ཟབ་རྒྱས་ཀྱི་དམ་པའི་ཆོས་གསན་བཞེས་མཛད་ཅིང་། དེ་ཡང་ཐོག་མར་གསན་བཞེས་ཇི་ལྟར་མཛད་པའི་ཚུལ་ནི། ཐོག་མར་ཞལ་མཇལ་འཕྲོས་མོལ་ལས་དམ་པ་ཉིད་ལ་འཇུག་པ་རང་འགྲེལ་དང་བསླབ་བཏུས་ཀྱི་ཁྲིད་རྒྱུན་བཞུགས་འདུག་པ་གསན་མ་ཐག །རྗེ་བླ་མའི་ཐུགས་སུ་གཞུང་ཆེན་མོ་འདི་དག་གི་བཤད་རྒྱུན་ཧ་ཅང་ཉམ་དམས་སུ་གྱུར་ཡོད་པས་འཆད་སྤེལ་ཐུབ་ན་ཅི་མ་རུང་དགོངས་པའི་ཐུགས་ཀྱི་འདུན་པ་དྲག་པོ་འཁྲུངས་ཏེ་དམ་པ་གང་གི་དྲུང་དུ་འཇུག་པ་རང་འགྲེལ་དང་། བསླབ་བཏུས་ཀྱི་བཤད་ལུང་གསན་བཞེས་མཛད་པ་དང་། རིམ་གྱིས་དམ་པ་འདི་ཉིད་ཀྱི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་དུ་མ་ཞིག་ནོད་པར་མཛད་དོ།།

གསན་བཞེས་གང་མཛད་པའི་ཐོ་ཡིག་རིམ་པར་འགོད་པ་ལ། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པའི་ཁྲིད་ལུང་དང་། དཔལ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་བཤད་ལུང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་འཇུག་པ་རྩ་འགྲེལ་གྱི་བཤད་ལུང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་མཆན་འགྲེལ་དང་། རྣམ་ངེས་མཆན་འགྲེལ། རིགས་ཐིགས་མཆན་འགྲེལ་བཅས་ཀྱི་བཤད་ལུང་བཅས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་ཞལ་སྔ་ནས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་གསལ་བ་ལྟར་རོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༣ སེམས་བསྐྱེད། ༡༠ ལྡེབ་ ༢༢༠བ༡ ནས་ ༣༤༨བ༧ བར་ཡིག་ཕྲེང་ ༡༧༧༨ ཚེག་ཁྱིམ་ ༡༠༧༩༤༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེར། པོད་རྟགས་ ༼འ༽ པ། ཚན་གྲངས་ ༤ སེམས་བསྐྱེད། ༡༠ ལྡེབ་ ༣༦༤བ༡ ནས་ ༤༡༡བ༡ བར་ཡིག་ཕྲེང་ ༢༣༣༧ ཚེག་ཁྱིམ་ ༡༠༧༦༧༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༤ སེམས་བསྐྱེད། ༡༠ ལྡེབ་ ༢༦༦བ༥ ནས་ ༤༡༥ན༢ བར་ཡིག་ཕྲེང་ ༢༠༦༣ ཚེག་ཁྱིམ་ ༡༠༧༧༡༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༣ སེམས་བསྐྱེད། ༡༠ ལྡེབ་ ༢༡༧ན༡ ནས་ ༣༤༩བ༢ བར་ཡིག་ཕྲེང་ ༡༨༣༦ ཚེག་ཁྱིམ་ ༡༠༧༩༤༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ ཤོག་གྲངས་ ༦༠༠ ནས་ ༩༠༨ བར་བཅས་སུ་བཞུགས་སོ།།

༡༣༽ དབུ་མ་ ༼འ༽ པ་ལ། རྒྱ་གར་སྐད་དུ། མ་དྷྱ་མི་ཀ་ཨ་བ་ཏཱ་ར་པྲཛྙཱ་ནཱ་མ། བོད་སྐད་དུ། དབུ་མ་ཤེས་རབ་ལ་འཇུག་པ་ཞེས་བྱ་བ། གཞུང་དེའི་འགྱུར་བྱང་ལས[12]། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་། ལོ་ཙྪ་བ་འགོས་ཁུག་པ་ལྷ་བཙས་ཀྱིས་བསྒྱུར་བའོ། །ཞེས་བྱུང་མོད། འོན་ཀྱང་དཔྱད་དགོས་པ་ཞིག་ལ། པཎྜི་ཏ་དེ་ཉིད་དང་ཞེས་པ་ནི་གཞུང་རྩོམ་པ་པོའི་པཎྜི་ཏ་དེ་ཉིད་ལ་གོ་དགོས་པས། དེ་ལྟར་ན་གཞུང་འདི་ཉིད་དབུ་མ་འཇུག་པ་མཛད་པ་པོ་དཔལ་ལྡན་ཟླ་བ་གྲགས་ཡིན་ཚེ། པཎྜི་ཏ་དེ་ཉིད་དང་ལྷན་དུ་བོད་བསྒྱུར་མཛད་མཁན་གྱི་བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པ་ལྷ་བཙས་གཉིས་དུས་མི་མཉམ་པས་འཐད་དཀའ་འོ།།

དེ་ཡང་དཔལ་ལྡན་ཟླ་བ་གྲགས་པ་ནི་ཡོངས་གྲགས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་དང་། བྱོན་པའི་དུས་རབས་མི་མཐུན་པ་ཤིན་ཏུ་མང་ནའང་། དུས་རབས་གཉིས་པ་ནས་ཡོངས་གྲགས་དུས་རབས་བདུན་པའི་བར་དུ་བྱོན་པར་གསུངས་ལ། བོད་ཀྱི་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་ནི་དུས་རབས་བཅུ་གཅིག་པའི་དུས་སྟོད་དུ་བྱོན་པས་སློབ་དཔོན་ཟླ་བ་གྲགས་པ་དང་དུས་མི་མཉམ་པས། ཡོངས་གྲགས་ཀྱི་ཆོས་འབྱུང་དང་། བསྟན་འགྱུར་དཀར་ཆག །ནང་དོན་རིག་པའི་གཞུང་ལུགས་ཁག་ཏུ་དབུ་མ་ཤེས་རབ་ལ་འཇུག་པ་འདི་ཉིད་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ཡིན་པར་གསལ་ནའང་། འགྱུར་བྱང་གི་པཎྜི་ཏ་དེ་ཉིད་དང་ཞེས་པ་དེར་དཔྱད་དགོས་པའི་གནད་ཅིག་མཆིས་སོ།།

གཞན་ཡང་བུ་སྟོན་ཆོས་འབྱུང་ལས། དབུ་མ་ཤེས་རབ་ལ་འཇུག་པ་འགོས་ཀྱི་འགྱུར། ཞེས་པ་ཙམ་ལས་མཛད་པ་པོའི་མཚན་མི་གསལ་ཡང་། རང་བྱུང་རྡོ་རྗེའི་ཐུགས་དམ་བསྟན་འགྱུར་གྱི་དཀར་ཆག་སོགས་ཕལ་མོ་ཆེར། དབུ་མ་ཤེས་རབ་ལ་འཇུག་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། ཞེས་བྱུང་བས་འགྱུར་བྱང་འགོད་སྐབས་པཎྜི་ཏ་དེ་ཉིད་དང་ཞེས་པ་འབྲི་ནོར་རམ། ཡང་ན་དབུ་མ་ཤེས་རབ་ལ་འཇུག་པ་འདི་ཉིད་ཀྱི་མཛད་པ་པོ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བརྒྱུད་པའི་ཁྲོད་ན་གསལ་བའི་སློབ་དཔོན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་སློབ་མ་ཟླ་གྲགས་ཆུང་བ་ཞེས་པ་དེ་མིན་ནམ་སྙམ། དེ་ཉིད་རྒྱན་མཁན་པོ་སྟེ་ཤེས་རབ་འབྱུང་གནས་སྦས་པའི་མཚན་གྱི་རྣམ་གྲངས་ཡིན་པར་གསལ་བས་ན། འདིར་པཎྜི་ཏ་དེ་ཉིད་ཅེས་པ་ཟླ་གྲགས་ཆུང་བ་སྟེ་རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ནི་ལོ་ཙཱ་བ་འགོས་ཁུག་པ་ལྷ་བཙས་དང་དུས་མཉམ་ཡིན་ལ། འདི་སྐོར་༸རྒྱལ་དབང་ལྔ་པའི་གསན་ཡིག་དང་། ཞྭ་དམར་བཞི་པའི་གསུང་འབུམ། བུ་སྟོན་བསྟན་འགྱུར་དཀར་ཆག །ཚ་བ་སྨོན་ལམ་གྱི་བསྟན་འགྱུར་དཀར་ཆག་སོགས་སུ་ཡོད་པར་བཤད་པས་དཔྱད་དགོས་ཤིང་། རྒྱ་གར་པཎ་གྲུབ་རྣམས་ཀྱིས་དབུ་མ་ཤེས་རབ་ལ་འཇུག་པ་ལས་ལུང་དྲངས་པ་མ་མཇལ་ཡང་། བོད་ཀྱི་མཁས་པའི་གསུང་འབུམ་ཁག་ལས་སྡོམ་གསུམ་དང་། གཡག་ཊཱིཀ་སོགས་སུ་བསྟན་བཅོས་འདི་ནས་ལུང་དྲངས་པ་མང་དུ་སྣང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༤ ལྡེབ་ ༣༤༨བ༡ ནས་ ༣༤༩ན༦ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༥ ཚེག་ཁྱིམ་ ༦༡༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ་རྩ་ཤེར། པོད་རྟགས་ ༼འ༽ པ། ཚན་གྲངས་ ༥ ལྡེབ་ ༤༡༡བ༡ ནས་ ༤༡༢ན༨ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧༧༥ ཚེག་ཁྱིམ་ ༦༢༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༥ ལྡེབ་ ༤༡༥ན༢ ནས་ ༤༡༦ན༤ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༧༥ ཚེག་ཁྱིམ་ ༦༢༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼འ༽ པ། ཚན་གྲངས་ ༤ ལྡེབ་ ༣༤༩བ༢ ནས་ ༣༥༠ན༧ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༧༥ ཚེག་ཁྱིམ་ ༦༡༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པའི་ཤོག་གྲངས་ ༦༢༩ ནས་ ༩༣༡ བར་བཅས་སུ་བཞུགས་སོ།།

༡༤༽ དབུ་མ་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། ཡུཀྟི་ཥཥྛི་ཀ་བྲིཏྟི། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་འགྲེལ་པ། མཇུག་བྱང་ལས[13]། སློབ་དཔོན་ཟླ་བ་གྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་ཡུལ་ས་མ་ཏ་ནས་སྐྱེས་པ། མུ་སྟེགས་ཅན་རྟོག་གེ་ངན་པར་སྨྲ་བའི་ཚོགས་ཐམས་ཅད་ཀྱི་མུན་པ་མང་པོ་རྣམ་པར་འཇོམས་པ། དེ་བཞིན་གཤེགས་པ་བཀའ་མཐའ་གཉིས་རྣམ་པར་སྤངས་པའི་ནམ་མཁའི་དཀྱིལ་ཐོས་པ་དང་བསམ་པ་ལས་བྱུང་བའི་ཡེ་ཤེས་ཀྱིས་སྣང་བར་གྱུར་ན། གནས་པ་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་རྣམ་པ་སྣ་ཚོགས་ཀྱི་ཚ་བས་གདུངས་པའི་འགྲོ་བ་མཐའ་དག་བསིལ་བར་མཛད་པའི་ཟླ་བ་འོད་ཟེར་དྲི་མ་མེད་པ་དཔག་ཏུ་མེད་པར་གྲགས་པ་ཡིན་ཏེ། དེས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དེ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པར་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྒྱ་འགྲེལ་འདི་ཁོ་ན་ཡིན་ཅིང་། རྒྱ་དཔེ་ཕྲན་བུ་ཙམ་ལས་མ་བཞུགས་པ་སྟེ། ཀླུ་སྒྲུབ་ཀྱི་རིགས་པ་དྲུག་ཅུ་པའི་ཤླཽ་ཀ་བཞི་བཅུ་ཞེ་དྲུག་གི་རྒྱ་དཔེ་བཞུགས་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༠བ༦ བར་ཡིག་ཕྲེང་ ༤༠༨ ཚེག་ཁྱིམ་ ༢༣༨༢༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རིགས་པ་དྲུག་ཅུ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༣བ༣-༢ བར་ཡིག་ཕྲེང་ ༢༧༦ ཚེག་ཁྱིམ་ ༢༣༨༨༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༤བ༡ བར་ཡིག་ཕྲེང་ ༤༥༡ ཚེག་ཁྱིམ་ ༢༣༨༩༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༩ན༦ བར་ཡིག་ཕྲེང་ ༣༨༠ ཚེག་ཁྱིམ་ ༢༣༨༢༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ ཤོག་གྲངས་ ༩༣༥ ནས་ ༡༠༠༢ བར་བཅས་སུ་བཞུགས་སོ།།

༡༥༽ དབུ་མ་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་སཏྭ་ཡོ་ག་ཙ་ར་ཏུ་ཤ་ཏ་ཀ་ཊཱི་ཀཱ བོད་སྐད་དུ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་མཛད་པ། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་ཀུན་དགའ་ར་བར། རྒྱ་གར་གྱི་མཁན་པོ་སཱུཀྵྨ་ཛཱ་ན་ཞེས་བྱ་བ་གདུང་རབས་གྲངས་མེད་པར་པཎྜི་ཏ་བརྒྱུད་པའི་རིགས་སུ་སྐུ་འཁྲུངས་པ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་བྲམ་ཟེ་ཆེན་པོ་སད་ཛཱ་ནའི་སྲས་གཅིག་ཏུ་བདེ་བར་བཤེགས་པའི་བསྟན་པ་ལ་གཅེས་སྤྲས་སུ་མཛད་པ་བདག་དང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཞལ་སྔ་ནས་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༢ རབ་བྱེད། ༡༦ ལྡེབ་ ༣༠ན༧ ནས་ ༢༣༩ན༧ བར་ཡིག་ཕྲེང་ ༢༩༢༧ ཚེག་ཁྱིམ་ ༡༦༨༦༥༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རིགས་པ་དྲུག་ཅུ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༢ རབ་བྱེད། ༡༦ ལྡེབ་ ༣༣བ༤ ནས་ ༢༧༣བ༧ བར་ཡིག་ཕྲེང་ ༣༨༤༤ ཚེག་ཁྱིམ་ ༡༦༨༢༣༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༢ རབ་བྱེད། ༡༦ ལྡེབ་ ༣༤བ༢ ནས་ ༢༦༤ན༧ བར་ཡིག་ཕྲེང་ ༣༢༡༩ ཚེག་ཁྱིམ་ ༡༦༨༢༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༢ རབ་བྱེད། ༡༦ ལྡེབ་ ༢༩ན༧ ནས་ ༢༣༦ན༧ བར་ཡིག་ཕྲེང་ ༢༨༩༩ ཚེག་ཁྱིམ་ ༡༦༨༦༥༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༠༠༨ ནས་ ༡༤༩༦ བར་བཅས་སུ་བཞུགས་སོ།།

༡༦༽ དབུ་མ་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། པཉྩ་སྐན་དྷ་པྲ་ཀ་ར་ཎ། བོད་སྐད་དུ། ཕུང་པོ་ལྔའི་རབ་ཏུ་བྱེད་པ། གཞུང་དངོས་ཀྱི་མཇུག་བྱང་ལས[14]།

ཕུང་པོ་ལྔ་ཡི་ཡང་དག་དོན། །མདོར་བསྡུས་རབ་བཤད་བསྟན་བཅོས་འདི། །

འབད་པ་མེད་པའི་འཇིག་རྟེན་འདིའི། །དོན་དུ་ཟླ་བ་གྲགས་པས་བྱས། །

ཕུང་པོ་ལྔ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །དཔལ་ལྷ་བཙུན་པ་བོ་དྷི་རཱ་ཛའི་བཀའ་ལུང་དང་། དགེ་འདུན་གྱི་བཀའ་སྩལ་གྱིས་ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཕག་གི་ལོ་ལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་ལ། བསྟན་བཅོས་འདི་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་མིན་སྐོར་ཞིབ་ཕྲ་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་འཚལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། ཐུབ་པ་དགོངས་རྒྱན་དུ་བསྐྱར་སྤྱོད་མཛད་རིགས་རྣམས་རྙེད་པར་གསལ་ལོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༣ ལྡེབ་ ༢༣༩ན༦ ནས་ ༢༦༦བ༧ བར་ཡིག་ཕྲེང་ ༣༨༧ ཚེག་ཁྱིམ་ ༢༢༡༨༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རིགས་པ་དྲུག་ཅུ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༣ ལྡེབ་ ༢༧༣བ༦ ནས་ ༣༠༥བ༥ བར་ཡིག་ཕྲེང་ ༥༡༢ ཚེག་ཁྱིམ་ ༢༢༡༩༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༣ ལྡེབ་ ༢༦༤ན༦ ནས་ ༢༩༥ན༣ བར་ཡིག་ཕྲེང་ ༤༣༢ ཚེག་ཁྱིམ་ ༢༢༢༠༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༣ ལྡེབ་ ༢༣༦ན༧ ནས་ ༢༦༣ན༧ བར་ཡིག་ཕྲེང་ ༣༨༠ ཚེག་ཁྱིམ་ ༢༢༡༨༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ ཤོག་གྲངས་ ༡༥༣༥ ནས་ ༡༦༠༡ བར་བཅས་སུ་བཞུགས་སོ།།

༡༧༽ དབུ་མ་ ༼ཡ༽ པ་ལ། རྒྱ་གར་སྐད་དུ། ཤཱུ༌ནྱ་ཏཱ་སཔྟ་ཏི་ཀ་བྲིཏྟི། བོད་སྐད་དུ། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ། གཞུང་དངོས་ཀྱི་མཇུག་བྱང་ལས[15]།

དེ་ལ་འཇུག་ཕྱིར་སྟོང་ཉིད་བདུན་ཅུ་ཞེས་བྱ་བའི། །

བསྟན་བཅོས་གང་ཞིག་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བས། །

གསུངས་པ་དེ་ནི་བདག་གིས་རྣམ་པར་ཕྱེ་བ་ཡི། །

དགེ་བ་གང་གིས་སྐྱེ་བོས་སངས་རྒྱས་ཉིད་གྱུར་ཅིག །

སྟོང་ཉིད་བདུན་ཅུ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།།

སྟོང་ཉིད་བདུན་ཅུའི་འགྲེལ་པ་ནི། །དགེ་སློང་དྷརྨ་གྲགས་ཀྱིས་བསྒྱུར། །

གཞུང་གྲངས་སྟོང་ཕྲག་གཉིས་དང་ནི། །བརྒྱ་ཕྲག་གཅིག་གིས་ལྷག་པ་ཡིན། །

དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་ཨ་བྷ་ཡཱ་ཀཱ་ར་དང༌། སྣུར་ལོ་ཙཱ་བ་དྷརྨ་གྲགས་ཀྱིས་བསྒྱུར་བའོ། །ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༤ ལྡེབ་ ༢༧༧བ༧ ནས་ ༣༣༦བ༧ བར་ཡིག་ཕྲེང་ ༩༨༠ ཚེག་ཁྱིམ་ ༥༦༠༥༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རིགས་པ་དྲུག་ཅུ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༤ ལྡེབ་ ༣༠༥བ༥ ནས་ ༣༨༡བ༥ བར་ཡིག་ཕྲེང་ ༡༢༡༦ ཚེག་ཁྱིམ་ ༥༦༢༧༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༤ ལྡེབ་ ༢༩༥ན༣ ནས་ ༣༧༥བ༧ བར་ཡིག་ཕྲེང་ ༡༡༣༡  ཚེག་ཁྱིམ་ ༥༦༢༩༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼ཡ༽ པ། ཚན་གྲངས་ ༤ ལྡེབ་ ༢༦༣ན༧ ནས་ ༣༣༢ན༡ བར་ཡིག་ཕྲེང་ ༩༨༠ ཚེག་ཁྱིམ་ ༥༦༠༥༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ ཤོག་གྲངས་ ༡༦༠༦ ནས་ ༡༧༦༨ བར་བཅས་སུ་བཞུགས་སོ།།

༡༨༽ དབུ་མ་ ༼གི༽ པ་ལ། རྒྱ་གར་སྐད་དུ། ཏྲི་ཤ་ར་ཎ་སཔྟ་ཏི། བོད་སྐད་དུ། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། གཞུང་ཚད་ཚིགས་བཅད་དྲུག་ཅུ་རེ་བརྒྱད་ལས་ལེགས་སྦྱར་སྐད་དུ་ཤླཽ་ཀ་བཅུ་བདུན་དང་ཕྱེད་ཀ་བཞུགས་པ་[16]ལས། དེ་འཕྲོས་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼གི༽ པ། ཚན་གྲངས་ ༡༡ ལྡེབ་ ༢༥༡ན༡ ནས་ ༢༥༣བ༢ བར་ཡིག་ཕྲེང་ ༣༧ ཚིག་རྐང་ ༧-༢༧༢ ཚེག་ཁྱིམ་ ༡༩༩༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་ཀུན་བཏུས། པོད་རྟགས་ ༼ཁི༽ པ། ཚན་གྲངས་ ༩ ལྡེབ་ ༢༩༡ན༧ ནས་ ༢༩༥བ༢ བར་ཡིག་ཕྲེང་ ༦༧ ཚིག་རྐང་ ༧-༢༧༢ ཚེག་ཁྱིམ་ ༢༠༡༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས་ ༼ཁི༽ པ། ཚན་གྲངས་ ༩ ལྡེབ་ ༢༧༩བ༣ ནས་ ༢༨༢བ༡ བར་ཡིག་ཕྲེང་ ༤༡  ཚིག་རྐང་ ༧-༢༧༢ ཚེག་ཁྱིམ་ ༢༠༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས་ ༼གི༽ པ། ཚན་གྲངས་ ༡༡ ལྡེབ་ ༢༦༢ན༡ ནས་ ༢༦༤བ༢ བར་ཡིག་ཕྲེང་ ༣༧ ཚིག་རྐང་ ༧༢༧༢ ཚེག་ཁྱིམ་ ༡༩༩༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼གི༽ དེབ་ཨང་ ༦༥ ཤོག་གྲངས་ ༦༨༥ ནས་ ༦༩༡ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༤༨༣

[2] བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་རྣམ་བཞི། ཝཱ་ཎ་ཆེས་མཐོའི་སློབ་ཁང་། ༢༠༠༡ ལོ། ཤོག་ ༡༠༥

[3] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༢༧

[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༥༥༣

[5] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༠

[6] དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་མངགས་ལྟར། རྒྱ་གར་གྱི་སློབ་དཔོན་ཆེན་པོ་མཐིང་མིག་ཅན་གྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་སློབ་དཔོན་ཀུ་མཱ་ར་ཤིས་རྒྱ་ཡིག་ཐོག་བསྒྱུར་བའི་བསྟན་བཅོས་ཆེན་མོ་འདི་ཉིད་དགེ་བཤེས་ལྷ་རམས་པ་ངག་དབང་ཉི་མ་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ལོར་བོད་ཡིག་ཏུ་བསྒྱུར་བ་གནང་ཡོད།

[7] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༤༤

[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༩༦

[9] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༡༥

[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༩༠༨

[11] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༠༧

[12] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༩༣༡

[13] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༠༢

[14] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ ༦༠ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༦༠༡

[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ ༦༠ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༧༦༨

[16] Kano & Li 2014. བརྒྱ་ཆ་ཉི་ཤུ་རྩ་དྲུག་བཞུགས།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣ ནས་ ༣༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *