༡༽ ཚད་མ་ཀུན་བཏུས་ཀྱི་བརྗོད་བྱ་དང་། གཞུང་ཚད། མཛད་ཚུལ། འགྲེལ་པ། བསྒྱུར་ཞུས།

༡༽ ཚད་མ་ཀུན་བཏུས་ཀྱི་བརྗོད་བྱ་དང་གཞུང་ཚད།

 

དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་བརྗོད་བློ་གསལ་མགུལ་རྒྱན་ལས[1]།

རྒྱལ་དགོངས་བྲལ་བའི་ཚིགས་བཅད་བྲིས་ཙམ་གྱིས། །

ནོར་འཛིན་བུ་མོའི་ལུས་ཀྱི་འཁྲི་ཤིང་འདར། །

སྒྲ་དང་འོད་ཀྱིས་མུ་སྟེགས་མཁས་རྣམས་ཀྱང་། །

ཤིང་ལྟར་རེངས་པར་གྱུར་ཅེས་གྲགས་པས་ཁྱབ། །

ཅེས་གསུངས་པ་ལྟར་སྤྱིར་བསྟན་བཅོས་ལ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན། ༡ འཐོར་བ་སྡུད་པའི་བསྟན་བཅོས་དང་། ༢ འཁྲུག་པ་བསྡེབས་པའི་བསྟན་བཅོས། ༣ རྒྱ་ཆེ་བ་སྡུད་པའི་བསྟན་བཅོས། ༤ ཟབ་མོ་འབྱེད་པའི་བསྟན་བཅོས་དང་། ༥ མ་ཚང་བ་ཁ་སྐོང་བའི་བསྟན་བཅོས་དང་ལྔ་ཡོད་པ་ལས། ཚད་མ་ཀུན་བཏུས་ནི་ཚད་མའི་གཞུང་ཆུང་བརྒྱ་རྩ་སྡུད་པའི་ཕྱིར་མཛད་པས་འཐོར་བ་སྡུད་པའི་བསྟན་བཅོས་དང་། མདོ་སྡེ་རྒྱན་ནི་མདོ་སྡེ་མཐའ་དག་བསྡུས་ཏེ་འགོ་སྐྱབས་འགྲོ་ནས་རིམ་པར་བཤད་པས་འཁྲུག་པ་བསྡེབས་པའི་བསྟན་བཅོས་དང་། མངོན་རྟོགས་རྒྱན་ནི་ཤེར་ཕྱིན་གྱི་ཤུགས་བསྟན་རྒྱ་ཆེ་བའི་མངོན་རྟོགས་ཀྱི་རིམ་པ་མཐའ་དག་དངོས་བརྒྱད་དོན་བདུན་ཅུར་སྡུད་པའི་ཕྱིར་མཛད་པས་རྒྱ་ཆེ་བ་སྡུད་པའི་བསྟན་བཅོས་དང་། རྩ་ཤེར་ནི་ཤེར་ཕྱིན་གྱི་དངོས་བསྟན་ཟབ་མོ་སྟོང་ཉིད་རིགས་པའི་ལམ་ནས་གསལ་བར་འབྱེད་པའི་ཕྱིར་མཛད་པས་ཟབ་མོ་འབྱེད་པའི་བསྟན་བཅོས་དང་། འཇུག་པ་ནི་རྩ་ཤེར་མ་བསྟན་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཚང་བར་ཁ་སྐོང་བའི་ཕྱིར་མཛད་པས་མ་ཚང་བ་ཁ་སྐོང་བའི་བསྟན་བཅོས་ཡིན་ནོ།།[2]

དེ་ལྟར་ཚད་མ་ཀུན་བཏུས་ནི། རྒྱ་གར་སྐད་དུ། པྲ་མཱ་ཎ་ས་མུཙྪ་ཡ་ནཱ་མ་པྲ་ཀ་ར་ན། བོད་སྐད་དུ། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། དབྱིག་གཉེན་གྱི་སློབ་མ་ཚད་མ་རང་བས་མཁས་པ་དཔལ་ལྡན་ཕྱོགས་ཀྱི་གླང་པོས་བརྩམས་པའི་རྟོག་གེའི་ཚིག་དོན་བརྒྱད་དང་ཁྱད་པར་དུ་ཡང་དག་པའི་ཤེས་པ་དོན་ཚན་དྲུག་ཏུ་བསྡུས་ནས་གཏན་ལ་འབེབས་པར་བྱེད་པ་སྟེ། མངོན་སུམ་གྱི་ལེའུ་དང་། རང་དོན་གྱི་ལེའུ་དང་། སེལ་བ་བརྟག་པ་དང་། གཞན་དོན་གྱི་ལེའུ་དང་། དཔེ་བརྟག་པ་དང་། སུན་འབྱིན་བརྟག་པ་བཅས་ལེའུ་དྲུག་གི་བདག་ཉིད་ཅན་གྱི་ཚད་མའི་གཞུང་ཞིག་གོ།

བརྗོད་བྱ་ནི། གནས་སྐབས་དང་མཐར་ཐུག་གི་ཕན་པ་ཐོབ་པ་དང་། མི་ཕན་པ་སྤོང་བ་ནི་དེའི་རྒྱུ་ལ་བླང་དོར་བྱེད་པ་ལ་རག་ལས་པ་ཡིན་ལ། དེ་ཡང་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས། ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་རྣམས་ཚད་མ་མདོའི་བརྗོད་བྱ་ཡིན་ལ། འོ་ན་ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ལ་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ལ་དེ་སྔོན་དུ་འགྲོ་བ་ཡིན་ཏེ། མཐར་ཐུག་གི་ཕན་པ་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ། བདག་མེད་མངོན་སུམ་གྱིས་རྟོགས་པའི་རྣལ་འབྱོར་མངོན་སུམ་གོམས་པ་སྔོན་དུ་འགྲོ་དགོས་ལ། དེ་ལ་བདག་མེད་དོན་སྤྱིའི་ཚུལ་གྱིས་བསྒོམས་པ་སྔོན་དུ་འགྲོ་དགོས་ཤིང་། དེ་ལ་འཁོར་བའི་རྩ་བ་གང་ཟག་གི་བདག་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བའི་གང་ཟག་གི་བདག་མེད་རྟོགས་པའི་རྗེས་དཔག་སྔོན་དུ་འགྲོ་དགོས་ལ། རྗེས་དཔག་དེ་སྐྱེ་བ་ལ་གང་ཟག་གི་བདག་མེད་སྒྲུབ་པའི་རྟགས་ཀྱི་ཚུལ་རྣམས་ཐ་སྙད་པའི་དབང་པོའི་མངོན་སུམ་དང་། རང་རིག་མངོན་སུམ་ལ་ཐུག་གི་བར་དུ་བར་མ་ཆད་དུ་སྒྲུབ་དགོས་པའི་ཕྱིར་དང་། དེ་བཞིན་དུ་ངན་འགྲོའི་སྡུག་བསྔལ་ཆེ་ཆུང་དང་ཚེ་རིང་ཐུང་སོགས་དང་། ངན་འགྲོའི་རྒྱུ་བཀག་ནས་ཕྱི་མ་ལ་མངོན་མཐོ་སྒྲུབ་པ་སོགས་ཤིན་ཏུ་ལྐོག་གྱུར་རྣམས་དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལ་བརྟེན་ནས་འགྲུབ་ཅིང་། དེའི་ཚུལ་གསུམ་རྣམས་སྔར་བཤད་པ་ལྟར་སྒྲུབ་དགོས་པའི་ཕྱིར་རོ།།

དེ་བཞིན་དུ་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་རྣམས་ཀྱིས་འདོད་དོན་ཐོབ་པ་དང་། མི་འདོད་པའི་དོན་སྤོང་བ་ལ་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཡིན་ཏེ། ཐེ་ཚོམ་དྲངས་ནས་འཇུག་པ་ལའང་ཐེ་ཚོམ་འདྲེན་པའི་ཚད་མ་སྔོན་དུ་འགྲོ་དགོས་པའི་ཕྱིར། འོ་ན་ཚད་མ་མདོས་ཡང་དག་པའི་ཤེས་པ་འཁོར་དང་བཅས་པ་བརྗོད་བྱར་ཇི་ལྟར་བྱེད་ཅེ་ན།

མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་ཕྱིར། །

སྒྲུབ་པ་དང་ནི་སུན་འབྱིན་ངག །ལྟར་སྣང་བཅས་པ་གཞན་རྟོགས་ཕྱིར། །

ཞེས་བཤད་པའི་རྟོག་གེའི་ཚིག་དོན་བརྒྱད་དེ། མངོན་སུམ་ཡང་དག་དང་མངོན་སུམ་ལྟར་སྣང་། རྗེས་དཔག་ཡང་དག་དང་རྗེས་དཔག་ལྟར་སྣང་སྟེ་བདག་ཉིད་ཀྱིས་བསྒྲུབ་བྱ་རྟོགས་པའི་ཕྱིར་དུ་བསྟན་པ་བཞི་དང་། སྒྲུབ་ངག་ཡང་དག་དང་སྒྲུབ་ངག་ལྟར་སྣང་། སུན་འབྱིན་ཡང་དག་དང་སུན་འབྱིན་ལྟར་སྣང་སྟེ་གཞན་གྱིས་སྒྲུབ་བྱ་རྟོགས་པའི་ཕྱིར་དུ་བསྟན་པ་བཞི་སྟེ་བརྒྱད་དང་། ཁྱད་པར་དུ་ཡང་དག་པའི་ཤེས་པ་དོན་ཚན་དྲུག་ཏུ་བསྡུས་ནས་གཏན་ལ་ཕབ་སྟེ། མངོན་སུམ་གྱི་ལེའུ་དང་། རང་དོན་ལེའུ་དང་། དེ་ལ་འཕྲོས་པ་སེལ་བ་བརྟག་པ་དང་། གཞན་དོན་ལེའུ་དང་། དེ་ལ་འཕྲོས་པ་དཔེ་བརྟག་པ་དང་། སུན་འབྱིན་བརྟག་པ་བཅས་ཀྱིས་སོ།།  །།

 

༢༽ ཚད་མ་ཀུན་བཏུས་ཇི་ལྟར་མཛད་ཚུལ།

 

དེ་ཡང་ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ (1456/1441-1532/1525) ཀྱིས་མཛད་པའི་ཚད་མ་རིགས་གཏེར་གྱི་འགྲེལ་པ་ལས[3]།

གཞན་དོན་ཁུར་ཆེན་རིང་དུ་འཁྱེར་བ་པོ། །

མུ་སྟེགས་འདམ་བུའི་ཚལ་བརྒྱ་རློག་བྱེད་ཅིང་། །

ཏིང་འཛིན་ཞི་བའི་ནགས་ལ་མངོན་དགེས་པའི། །

མདོ་དོན་གསལ་མཛད་ཕྱོགས་གླང་རྒྱལ་གྱུར་ཅིག །

ཅེས་གསུངས་པ་ལྟར། དེ་ལ་འདིར་ཆོས་མཆོག་གི་གསུང་ཚུལ་དང་འབྲེལ་བའི་བཤད་པ་རྣམས་སུ་འཕགས་པ་འཇམ་དཔལ་དང་སློབ་དཔོན་གྱི་དྲི་བ་དྲི་ལན་དང་། ཚད་མ་ཀུན་བཏུས་རྩོམ་པའི་ཐོག་མར་དེའི་མཆོད་བརྗོད་རྡོ་ལ་བྲིས་པའི་སྐབས་ཀྱི་གནས་ཚུལ་ལ་འབྲེལ་བ་ཡོད་པར་དངོས་སུ་མི་གསལ་ལ། རྒྱལ་ཚབ་ཆོས་རྗེས་རྣམ་ངེས་ཀྱི་དགོངས་པ་འགྲེལ་བ་ན། ཆོས་མཆོག་གི་བཤད་པ་སོགས་ལོ་རྒྱུས་སྔ་ཕྱི་གུང་བསྒྲིགས་ཏེ། དགོངས་པ་མཐུན་པར་བྱས་འདུག་[4]ཀྱང་། མཐའ་གཅིག་ཏུ་དོགས་པ་མེད་པ་ལྟ་བུ་ནི་མ་ཡིན་ནོ།།

འདི་ལྟར་ལུང་ལས་བྱུང་བའི་ལོ་རྒྱུས་རྣམས་ཚིག་རིས་མི་མཐུན་པ་དང་། རྒྱ་གཞུང་གི་ལུང་རྣམས་ཚིག་གི་བརྗོད་ཚུལ་དང་། སྦྱོར་ཚུལ་མི་མཐུན་པ་ཤིན་ཏུ་མང་ལ། དེ་དག་ཀྱང་ཕལ་ཆེར་ལོ་ཙཱ་བའི་འགྱུར་མི་མཐུན་པ་དང་། ཁ་ཅིག་དོན་གཅིག་པར་བསམས་ནས་ཚིག་གང་བྱུང་བཅུག་པ་དང་། དཔར་གཞི་ནོར་བ་སོགས་འཁྲུལ་གཞི་མང་སྟབས། སློབ་དཔོན་ཕྱོགས་གླང་དང་། འཕགས་པ་འཇམ་དཔལ་གྱི་དྲི་བ་དྲི་ལན་གྱི་ངག་གི་རང་བཞིན་གང་ཡིན་རྟོགས་དཀའ་ལ། དེ་ལྟའང་འཇམ་དཔལ་དང་སློབ་དཔོན་གྱི་དབར་དྲི་བ་དྲི་ལན་བྱུང་བ་ཙམ་ཞིག་ནི་གསལ་བར་ངེས་ནུས་སོ།།

གཞན་ཡང་འདིར་ལོ་རྒྱུས་ཕལ་ཆེ་བར་ཚད་མ་ཀུན་བཏུས་སློབ་དཔོན་གྱིས་རི་ཕུག་ཅིག་ཏུ་བརྩམས་པ་དང་། དེ་རྩོམ་པའི་བྱ་བར་ཞུགས་ཚེ་ས་གཡོ་བ་སོགས་དང་། སློབ་དཔོན་གྱིས། ཚད་མར་གྱུར་པ། སོགས་མཆོད་བརྗོད་ཀྱི་ཚིག་བཅད་དེ་བྲག་རིའི་ངོས་ལ་བྲིས་པ་དང་། རྡོ་གཡམ་ལ་བྲིས་ཟེར་བ་དང་། བྲམ་ཟེའི་སྟོན་པ་དང་རྩོད་པའི་རྗེས་དེ་མ་ཐག །རྡོ་གཡམ་ནམ་མཁར་འཕངས་པ་དང་། རེ་འགས་ཐོད་ལེ་ཀོར་ནམ་མཁར་བསྐྱུར་ཟེར་བ་དང་། ཁ་ཅིག་འཇམ་དཔལ་གྱིས་རྡོ་གཡམ་དེ་ནམ་མཁར་བཟུང་བ་ཡིན་ཟེར་བ་དང་། འཕགས་པས་སེམས་བསྐྱེད་བརྟན་པར་བྱས་རྗེས་རབ་ཏུ་བྱེད་པའི་གཞུང་མང་པོ་བརྩམས་པ་ལ་སོགས་པ་སེམས་ཅན་གྱི་དོན་མཛད་ཟེར་བ་དང་། ཡང་ཁ་ཅིག་གཞུང་ཐོར་བུ་བ་རྣམས་ནཱ་ལནྡཱ་རུ་བཞུགས་སྐབས་སུ་མཛད་ཟེར་བ་ལ་སོགས་པ་རྣམས་ནི་ཕན་ཚུན་མི་མཐུན་པ་ཙམ་དུ་མ་ཟད། འདིའི་སྐོར་ལ་ཡིད་གཏད་དུ་རུང་བའི་ངེས་པ་བརྟན་པོ་ཞིག་མེད་པའི་ཚུལ་ཡང་གསལ་བར་བྱེད་པར་སྣང་ངོ་།།

དེས་ན་གོང་སྨོས་ལོ་རྒྱུས་ཀྱི་ཚིག་རྣམས་ལ་བདེན་དོན་མེད་པ་མི་སྲིད་མོད། སྙན་ངག་གི་རྒྱན་དང་། རང་བཟོ་དང་། ཅུང་ཟད་རེ་དད་ཅན་གྱི་བློའི་སྣང་ཚུལ་ཡང་འདྲེས་པ་ཡིན་པས་དགག་བཞག་གི་སྤྲོས་པ་དོར་ན་ལེགས་ལ། དེ་ལྟ་ན་ཡང་ཐ་སྙད་དུ་རང་ཚིག་སྔ་ཕྱི་མི་འགལ་ཙམ་ཞིག་ནི་འཇིག་རྟེན་ཡོངས་ལ་ཐུན་མོང་དུ་དགོས་པས། ཐམས་ཅད་བདེན་པར་གཟུང་ན་འགལ་འདུའི་ཁུར་བཟོད་དཀའ་ལ། ཡང་ན་གཅེར་བུ་བའི་གྲུབ་མཐའ་ལྟར་ཐམས་ཅད་སྲིད་པར་ཁས་ལེན་དགོས་ནའང་མི་རིགས་པས། བདེན་དོན་ངེས་པར་ཡོད་དགོས་སོ།།

དེ་ཡང་ཀུན་བཏུས་རི་ཕུག་ཏུ་བརྩམས་པ་དང་། རྡོ་གཡམ་ནམ་མཁར་བསྐྱུར་ཞིང་། དེ་འཇམ་དཔལ་གྱིས་གཟུང་བ་སོགས་ནི། ཇི་ལྟར་ཡིན་ཡང་རུང་། བསྟན་བཅོས་འདི་རྩོམ་པའི་རྒྱུར་འཇམ་དབྱངས་ཀྱི་སྐུ་ཞལ་གཟིགས་ལུང་བསྟན་པ་སོགས་ནི་དངོས་འབྲེལ་དང་། བསྟན་བཅོས་རྩོམ་པའི་རྒྱུ་ལྔའི་[5]ནང་ཚན་གཙོ་བོར་ངེས་སོ།།

ཀུན་བཏུས་འདི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཕྱི་རྩོམ་ཡིན་པར་གཞུང་རང་ལས་གསལ་ཏེ།

ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །

བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །

ཞེས་གསུངས་པ་ལྟར། ཚད་མ་ཀུན་བཏུས་ལྗགས་རྩོམ་མཛད་ཡུལ་ནི། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[6]། ལོ་ཆེན་གྱིས་ཝེང་གི་པུ་ར་ (Vengipura) ས་ཁུལ་དུ་དགོན་ཁག་ཉི་ཤུ་དང༌། གྲྭ་པ་སུམ་སྟོང་སྐོར་བཞུགས་པ་དང་། ཕྱི་རོལ་པའི་ལྷ་ཁང་སོ་བཞི་ལྷག་ཙམ་ཡོད། ཉེ་འགྲམ་དུ་ལྷ་ཁང་ཆེན་པོ་ཞིག་དང་། སངས་རྒྱས་ཀྱི་སྐུ་འདྲ་མཚར་པོ་ཞིག །མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་བཅས་ཡོད་གསུངས། འདིའི་ནུབ་ཕྱོགས་རྒྱང་གྲགས་ཉེར་བཞིའི་ས་ཆར་རི་རབ་ས་ཆད་ཅིག་འདུག་པར་འདིར་ཕྱོགས་གླང་གིས་ཚད་མའི་བསྟན་བཅོས་ (T vol. 51,p. 930A-B) བརྩམས་ཟེར་ཞེས་གསལ་ལོ།།

ཚད་མའི་གཞུང་གི་གལ་གནད་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་གསལ[7]། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུངས་པའི་ནང་ཆོས་འདི་ཉིད་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཞིག་ཡོད་པར་བརྟེན། ངོས་རང་ལ་ཆ་བཞག་ན་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཡོད། མདོར་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནས་རིགས་པས་བརྟག་དཔྱད་བྱ་རྒྱུ་དེ་ཉིད་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཡོད། དེ་ཡང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་ཚད་མའི་གཞུང་ལ་གལ་འགངས་ཆེན་པོ་བརྩིས་པ་གནང་ཡོད། དེ་བཞིན་སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་སོགས་ཀྱིས་ཚད་མ་རིག་པའི་འགྲོ་སྟངས་དེ་ཉིད་ཧ་ཅང་གལ་གནད་ཆེན་པོར་བརྩིས་པ་གནང་སྟེ། ནང་ཆོས་ཀྱིས་བསམ་བློར་འགྱུར་བ་གཏོང་རྒྱུ་ནི་དད་པ་ཁོ་ན་མིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱིས་ཤེས་རབ་ཀྱི་ཐོག་ནས་འགྱུར་བ་གཏོང་རྒྱུ་ཞིག་གསུངས་ཡོད། དེ་ནི་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པ་ཞིག་ཆགས་འདུག །ཅེས་བཀའ་སློབ་སྩལ་ཏོ།།  །།

 

༣༽ ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་དང་བསྒྱུར་ཞུས།

 

དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ (1901-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[8]།

བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་ཡི། །

ཚད་མ་མདོ་ཡི་ཚིག་ཟུར་རེ་རེའི་དོན། །

ཆོས་ཀྱི་གྲགས་པས་རྣམ་གྲངས་མཐའ་ཡས་པས། །

རྣམ་པར་བཀྲལ་བའི་རྟོགས་བརྗོད་བསམ་གྱི་ཁྱབ། །

ཅེས་གསུངས་པ་ལྟར། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་ལ་མཚོན་ན། ༡༽ རྒྱ་འགྲེལ་ནི། ཚད་མ་མདོའི་རང་འགྲེལ་དང་། ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད་སློབ་དཔོན་རྒྱལ་དབང་བློས་མཛད་པ། ཤླཽ་ཀ་སྟོང་ཕྲག་དགུ་ཡོད་པ་སོགས་དང་། ༢༽ བོད་འགྲེལ་ནི། ཚད་མ་མདོའི་རྣམ་བཤད་རྒྱལ་ཚབ་ཆོས་རྗེས་མཛད་པ་སོགས་ཡོད།

དེ་ལྟར་ཚད་མ་ཀུན་ལས་བཏུས་པ་འདི་ལ་འགྲེལ་པ་མང་མོད། ཀུན་གྱི་ཕྱི་མོ་ལྟ་བུ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་རང་ཉིད་ཀྱིས་མཛད་པའི་རང་འགྲེལ་ཡིན་ལ། རྩ་འགྲེལ་གཉིས་ཀའི་འགྲེལ་བཤད་ཀྱི་ཚུལ་དུ་མཛད་པ་སློབ་དཔོན་རྒྱལ་དབང་བློའི་འགྲེལ་པ་ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་པ་ཉིད་གྲགས་ཆེའོ། །རྒྱལ་དབང་བློ་འདི་རྣམ་འགྲེལ་མ་བརྩམས་གོང་གི་འགྲེལ་བྱེད་ཡིན་པར་མཁས་པ་རྣམས་ལ་གྲགས་པ་[9]ལྟར་འཐད་དམ་སྙམ། དེའི་རྗེས་སུ་ཚད་མ་རྣམ་འགྲེལ་གྱི་དགོངས་འགྲེལ་གྱི་ཚུལ་དུ་རྣམ་ངེས། དཀའ་འགྲེལ་ལམ་དོན་བསྡུས་ཀྱི་ཚུལ་དུ་རིགས་ཐིགས་དང་། གཞན་ཡང་ཡན་ལག་ཐོར་བུའི་འགྲེལ་པ་རྩོད་རིགས་ལ་སོགས་པ་ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་དང་། དེའི་རྗེས་སུ་ནང་པའི་ཚད་མའི་བསྟན་བཅོས་ཇི་བྱུང་ཐམས་ཅད་དངོས་སམ་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་ཚད་མའི་བསྟན་བཅོས་ཀུན་ལས་བཏུས་པའི་འགྲེལ་པར་མ་སོང་བ་མེད་པ་ལྟ་བུ་ཡིན་ནོ།།

གཞན་ཡང་རིགས་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་ (1387-1462) གྱིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ལས[10]། འདིར་བཤད་པར་བྱ་བའི་ཆོས་ནི་རིགས་པའི་བསྟན་བཅོས་ཚད་མ་ཀུན་ལས་བཏུས་པ་སྟེ། དེ་ཡང་སྔོན་དང་ད་ལྟའི་ཊཱིཀ་བྱེད་པ་རྣམས་ཀྱིས་ནི་བསྟན་བཅོས་འདིའི་དོན་རིགས་པའི་ལམ་སྤངས་ནས་བཤད་པར་སྣང་བས་དེ་ལྟར་ན་སྡིག་པ་བས་སྡིག་པར་འགྱུར་བས་དེའི་རྣམ་སྨིན་བཟོད་པར་དཀའ་ལ། ཡུན་རིང་བའི་སྡུག་བསྔལ་མྱོང་དགོས་ལ། དེ་ལྟར་ན་འགྲེལ་པ་བྱས་པའི་འབྲས་བུ་ཕྱིན་ཅི་ལོག་ཏུ་གྱུར་པས་དེས་ན་སྐྱབས་མེད་པའི་འགྲོ་བ་དེ་རྣམས་རྗེས་སུ་བཟུང་ནས་རིགས་པའི་ལམ་ལ་འགོད་པའི་དོན་དུ་ཚད་མ་ཀུན་ལས་བཏུས་པའི་རྣམ་བཤད་བརྩམ་པར་བྱའོ། །འོ་ན་ཁྱོད་རྣམ་འགྲེལ་གང་གི་རྗེས་སུ་འབྲངས་ནས་རྣམ་བཤད་རྩོམ་ཞེ་ན། འདིའི་འགྲེལ་པ་དང་འགྲེལ་བཤད་ནི་བོད་དུ་འགྱུར་བ་ལ་རང་འགྲེལ་དུ་གྲགས་པ་གཅིག་དང༌། རྒྱལ་བའི་དབང་པོ་བློ་གྲོས་ཀྱིས་མཛད་པའི་འགྲེལ་བཤད་གཉིས་འདུག་ལ། དེ་མིན་པའི་འགྲེལ་པ་དང་འགྲེལ་བཤད་བོད་དུ་འགྱུར་བ་ནི་མ་མཐོང་ངོ༌། །དེ་ཡང་ཚིག་ཟིན་གྱི་འགྲེལ་པའི་དབང་དུ་བྱས་པ་ཡིན་གྱི་དགོངས་འགྲེལ་དང་དོན་འགྲེལ་ཙམ་ཡོད་མེད་ཀྱི་དབང་དུ་བྱས་པ་མ་ཡིན་ནོ། །དེ་བོད་ནི་རང་འགྲེལ་ཡིན་པར་རླུང་ལྟར་དུ་གྲགས་སོ།།

འདི་ནི་ཅུང་ཟད་ཅིག་དཔྱད་པར་བྱ་སྟེ། རིགས་པའི་དབང་ཕྱུག་ཕྱོགས་ཀྱི་གླང་པོ་ལྟ་བུ་ལ་ནོར་བ་རྨི་ལམ་ཙམ་དུ་ཡང་མི་མངའ་ཞིང་། རིགས་པའི་དབང་ཕྱུག་རྣམ་གཉིས་ནི་རྣམ་པ་ཀུན་ཏུ་དགོངས་པ་མཐུན་པར་རིགས་པའི་ལམ་དུ་འཐད་ཅིང་ཀུན་ལ་རླུང་ལྟར་དུ་གྲགས་ལ། རང་འགྲེལ་དུ་གྲགས་པ་འདི་ལ་ནི་རིགས་པའི་ལམ་ལས་འདས་པའི་དོན་དུ་མ་རང་ལུགས་སུ་བཞག་པ་ཡང་སྣང་ཞིང་། དཔལ་ལྡན་ཆོས་ཀྱི་གྲགས་པས་ཕྱོགས་སྔ་མར་བཞག་ནས་བཀག་པ་ཡང་རང་ལུགས་སུ་བཞག་ནས་སྒྲུབ་པར་སྣང་བའི་ཕྱིར་དང༌། རྒྱལ་རྔ་བདུན་པ་མཆོག་གིས་ཀྱང་འདི་རང་འགྲེལ་ཡིན་པ་ལེགས་པར་བཀག་པའི་ཕྱིར། ཞེས་བྱུང་ངོ་།།

དེ་བཞིན་རིགས་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་ (1387-1462) གྱིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ལས[11]། གསུམ་པ་མཇུག་གི་དོན་ལ་གཉིས་ཏེ། བསྟན་བཅོས་གང་གིས་མཛད་པ་དང༌། དེ་གང་གིས་བསྒྱུར་བའི་ཚུལ་ལོ། །

དང་པོ་ནི། ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་འདི་ནི་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང༌། བདེ་བར་གཤེགས་པའི་གསུང་རབ་ཀྱི་དགོས་པ་མ་ལུས་པ་རིགས་པས་གཏན་ལ་འབེབས་པ་ལ། འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། རྟོག་གེ་ངན་པའི་གཞུང་ལུགས་མཐའ་དག་འཇིག་པར་བྱེད་པའི་རྩོད་པ་བ་ཆེན་པོ་ཤིན་ཏུ་ཕྲ་བའི་ཐུགས་མངའ་བ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ་ཞེས་པའོ།།

གཉིས་པ་ནི། རྒྱ་གར་གྱི་མཁན་པོ་རིགས་པ་སྨྲ་བ་གཙུག་གི་ནོར་བུར་གྲགས་པ་བ་སུ་དྷཱ་ར་རཀྵི་ཏ་ཞེས་བྱ་བ་བོད་ཀྱི་སྐད་དུ་བསྒྱུར་ན་ནོར་འཛིན་བསྲུང་བ་ཞེས་བྱ་བས་ལེགས་པར་བཤད་པ་དང༌། བོད་ཀྱི་ལོ་ཙྪ་བ་དགེ་བསྙེན་ཞ་མ་སེང་གེ་རྒྱལ་མཚན་གྱིས་རྒྱ་གར་གྱི་སྐད་ལས། བོད་ཀྱི་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ་ཞེས་སོ། །འགྱུར་འདིའི་རྣམ་གྲངས་ལ་རྩ་འགྲེལ་གཉིས་ཀ་ལ་ལོ་ཙྪ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་བ་དང༌། ཞ་མའི་འདི་གཉིས་ཡོད་པར་ཀུན་ལ་གྲགས་མོད་དེ་ལའང་དད་པ་ཤེས་རབ་ཀྱིས་བསྒྱུར་བའི་དཔེ་ཆ་ཡོངས་སུ་རྫོགས་པ་ནི་མ་མཐོང་ངོ༌། །

རྔོག་ལོ་ཆེན་དང༌། ས་ལོས་ཀུན་ལས་བཏུས་པ་བསྒྱུར་འཆད་ཉན་གྱིས་གཏན་ལ་ཕབ་པར་སྣང་ཡང་འགྱུར་ཡོངས་སུ་རྫོགས་པ་མ་རྙེད་ཅིང༌། འགྱུར་དམ་དུམ་རྙེད་པའི་རིགས་རྣམས་ཤིན་ཏུ་མི་མཐུན་པར་སྣང་བ་དང༌། སློབ་དཔོན་རྒྱལ་བའི་དབང་པོའི་ཀུན་ལས་བཏུས་པའི་འགྲེལ་བཤད་དཔང་ལོས་བསྒྱུར་བ་དང༌། འདིའི་འགྱུར་གཉིས་ཤིན་ཏུ་མི་མཐུན་པར་སྣང་བ་དང༌། བོད་ན་ཀུན་ལས་བཏུས་པའི་ཊཱིཀ་མང་རབ་ཅིག་མཐོང་ཡང་རིགས་པའི་ལམ་ནས་དྲངས་ནས་བཤད་པ་རྒྱས་པོ་བྱས་པ་མི་སྣང་བ་དང༌། ཉན་ས་ཡང་འདི་ཡིན་གཅིག་མ་རྙེད་པས་འདིའི་དོན་ཤིན་ཏུ་དཀའ་བར་བྱུང་ཡང༌། བརྩོན་འགྲུས་ཤིན་ཏུ་ཆེན་པོ་བྱས་ནས་འགྲེལ་པ་དང་འགྲེལ་བཤད་ཀྱི་དོན་ལ་ཡང་ལེགས་པར་བལྟས་པ་དང༌། ཁྱད་པར་དུ་རྗེ་བཙུན་ཆ་པ་ཆོས་ཀྱི་སེང་གེས་མདོ་འདིའི་དོན་ལེགས་པར་བཤད་ནས་དགག་སྒྲུབ་བྱས་པར་སྣང་བ་ལ་བརྟེན་པ་བྱས་པ་ཡིན་ནོ། །ཞེས་གསལ་ལོ།།

ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། ཚད་མ་ཀུན་ལས་བཏུས་པ། ཞེས་མཚན་བྱང་སོ་སོའི་ཐོག་ཚད་མ་ཀུན་བཏུས་རྩ་བར་འགྱུར་གཉིས་དང་། ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་ཞེས་མཚན་བྱང་གཅིག་མཚུངས་ལ་འགྱུར་མི་འདྲ་བ་གཉིས། མདོར་ན་ཚད་མ་ཀུན་ལས་བཏུས་པའི་རྩ་འགྲེལ་གཉིས་ཀར་འགྱུར་མི་འདྲ་བ་གཉིས་རེ་བཞུགས་ཤིང་། དེ་ཡང་། ༡༽ རྩ་བ་འགྱུར་སྔ་མ་ནི། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ན་རཀྵི་ཏ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་ཞ་མ་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་པ་གཅིག་དང་། འདི་ནི་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་བཞུགས་ཀྱང་སྣར་ཐང་དང་པེ་ཅིན་བསྟན་འགྱུར་གཉིས་སུ་མི་བཞུགས། ༢༽ རྩ་བ་འགྱུར་ཕྱི་མ་ནི། རྒྱ་གར་གྱི་མཁན་པོ་གསེར་གྱི་གོ་ཆ་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་འདི་ནི་པེ་ཅིན་དང་། སྣར་ཐང་བསྟན་འགྱུར་གཉིས་སུ་བཞུགས་ཀྱང་སྡེ་དགེ་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་བཞུགས་བཅས་སོ།།

༣༽ འགྲེལ་པའི་འགྱུར་སྔ་མ་ནི། རྒྱ་གར་གྱི་མཁན་པོ་བ་སུ་དྷ་ར་རཀྵི་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་གཅིག་དང་། འདི་ནི་སྡེ་དགེ་དང་། པེ་ཅིན། སྣར་ཐང་། ཅོ་ནེ་བཅས་བསྟན་འགྱུར་པར་མ་བཞི་གར་བཞུགས་ཀྱང་། ༤༽ འགྲེལ་པ་འགྱུར་ཕྱི་མ་ནི། རྒྱ་གར་གྱི་མཁན་པོ་གསེར་གྱི་གོ་ཆ་དང༌། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དད་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་བཅས་འགྱུར་མི་འདྲ་བ་གཉིས་བཞུགས་སོ།། འདི་ནི་པེ་ཅིན་དང་། སྣར་ཐར་བསྟན་འགྱུར་གཉིས་སུ་བཞུགས་ཀྱང་སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་བཞུགས་པ་བཅས་སོ།།

གཞན་ཡང་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[12]། སློབ་དཔོན་དེས་ཚད་མ་ཀུན་ལས་བཏུས་རང་འགྲེལ་དང་བཅས་པ་བརྩམས་ཏེ། མུ་སྟེགས་ཐམས་ཅད་བཏུལ་ནས་བསྟན་པ་རྒྱས་པར་མཛད་དོ། །དེའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་བྱུང་སྟེ། ཀུན་ལས་བཏུས་ཀྱི་འགྲེལ་བཤད་ཀྱང་མཛད་དོ། །[13]ཞེས་གསུངས་པ་ལྟར་རོ།།

གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས[14]། ངོས་ཀྱིས་ནམ་རྒྱུན་འདི་ལྟར་རྗོད་ཀྱི་ཡོད། མུ་སྟེགས་པ་དེ་དག་གི་གཞུང་དང་། ལྷག་པར་ཚད་མའི་གཞུང་དང་། ཀླུ་སྒྲུབ་ཡབ་སྲས་ཀྱིས་སྟོང་ཉིད་ཀྱི་ལྟ་བའི་སྐོར་གསུངས་པའི་གཞུང་དེ་དག་ལྗགས་རྩོམ་མཛད་སྐབས་མང་ཆེ་བ་རྟགས་གསལ་བཏང་ནས་རིགས་པས་བསྒྲུབས་ཏེ་ཐལ་འགྱུར་དང་གཏན་ཚིགས་འགོད་པ་སོགས་ཀྱི་ཐོག་ནས་ནང་པའི་ལྟ་གྲུབ་གསུང་གི་ཡོད་སྟབས། ཚད་མའི་འགྲོ་སྟངས་དེ་ཉིད་རང་ཤུགས་ཀྱིས་སླེབས་ཡོང་གི་ཡོད། ཐོགས་མེད་སྐུ་མཆེད་དང་། དེ་བཞིན་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་གླང་གིས་ཚད་མའི་གཞུང་ཚད་མ་ཀུན་བཏུས་ལྗགས་རྩོམ་གནང་ཡོད། སློབ་དཔོན་ཕྱོགས་གླང་མྱ་ངན་ལས་འདས་རྗེས་སུའང་མུ་སྟེགས་པ་རྣམས་ཀྱིས་ཕྱོགས་གླང་གི་ཚད་མའི་རྣམ་གཞག་གསུངས་པ་དེ་དག་ལ་དགག་པ་རྒྱག་སྐབས་དེ་རྗེས་དཔལ་ལྡན་ཆོས་གྲགས་ཕེབས་ནས་མུ་སྟེགས་པས་ཚུར་དགག་པ་བརྒྱབ་པ་རྣམས་ལ་ཕར་ལན་བསྐྱོན་པ་སོགས་ཀྱི་ཐོག་ནས་འདི་ལྟར་དུ་ཚད་མའི་སྐོར་ཡར་རྒྱས་ཕྱིན་འདུག

དཔལ་ལྡན་ཆོས་གྲགས་མྱ་ངན་ལས་འདས་རྗེས་སུའང་མུ་སྟེགས་པའི་མཁས་པས་ནང་པའི་ནང་ཚད་མའི་རྣམ་གཞག་གསུངས་པ་རྣམས་ལ་སླར་ཡང་དགག་པ་བརྒྱབ་ཡོད། སྐབས་དེར་ཕེབས་པའི་མཁན་ཆེན་ཞི་བ་འཚོས་ཚད་ཆེན་གྱི་གཞུང་དུ་དེ་དག་ལ་དགག་ལན་གནང་ཡོད། དེ་དག་ལ་བསམ་གཞིགས་བྱས་ན། ཕར་ངོས་ནས་ཕྱོགས་སྔ་ཤུགས་ཆེན་པོ་གཅིག་དང། དགག་པ་རྒྱག་མཁན་ཤུགས་ཆེན་པོ་ཞིག་སླེབས་ན་དེར་ལན་ཡང་རིགས་པ་གསར་པ་དང་། སྒྲུབ་བྱེད་གསར་པ་བསམ་བློ་བཏང་ནས་ཡོང་དགོས་པ་ཆགས་ཀྱི་ཡོད། དེ་ལྟར་བས་ན་སངས་རྒྱས་པའི་ལྟ་གྲུབ་དང་སངས་རྒྱས་པའི་ཚད་མའི་རྣམ་གཞག་རྣམས་ཡར་རྒྱས་འགྲོ་བའི་རྐྱེན་གཅིག་ནི། མུ་སྟེགས་པས་བྱས་པར་བརྟེན་མུ་སྟེགས་པ་ཚོར་ཐུགས་རྗེ་ཆེ་ཞུ་དགོས་པ་ཆགས་ཡོད། འཇམ་ཐིང་ངེར་བསྡད་ན་སྤྱིར་བཏང་ཞིག་གི་ཐོག་ཏུ་འགྲོ་བ་ལས་འདི་ལྟར་ཡོང་ཐབས་མེད།

སློབ་དཔོན་ཕྱོགས་གླང་གིས་མཛད་པའི་རིགས་སྒོ་རྒྱ་ཡིག་ཏུ་སྔར་ནས་བསྒྱུར་ཡོད་ཚུལ་རྗོད་ཀྱི་འདུག་ལ། དེ་མིན་དཔལ་ལྡན་ཆོས་གྲགས་ཀྱི་གཞུང་ཚད་མ་སྡེ་བདུན་སོགས་སྔར་རྒྱ་ཡིག་ཏུ་བསྒྱུར་མེད་ཀྱང་དུས་ཕྱིས་སུ་བསྒྱུར་བ་བཅས། མདོར་ན། ཚད་མའི་གཞུང་གཙོ་ཆེ་བ་རྣམས་རྒྱ་ཡིག་ནང་སྔར་བསྒྱུར་མེད་སྟབས། རྒྱ་ཡི་མཁས་པའི་ཁྲོད་ནས་ཚད་མའི་བསྟན་བཅོས་མཛད་མཁན་ཕལ་ཆེར་དེ་ཙམ་བྱུང་ཨེ་ཡོད་སྙམ།

ང་ཚོ་བོད་ཀྱི་མཁས་པ་རྣམས་ཀྱིས་ཚད་མའི་གཞུང་ལ་དོ་སྣང་ཤུགས་ཆེ་གནང་ཡོད། དཔེར་ན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱན་མཚན་གྱིས་ཚད་མ་རིགས་གཏེར་མཛད་ཡོད་ལ། དེ་རྗེས་རི་བོ་དགེ་ལུགས་པ་མ་བྱུང་གོང་དུ་ཚད་མའི་གཞུང་དེ་དག་གཙོ་བོ་ས་སྐྱའི་མཁས་པས་རྒྱུན་འཛིན་གནང་བ་ཆགས་ཡོད། དེ་བཞིན་ཆ་པ་ཆོས་ཀྱི་སེངྒེས་ཀྱང་ཚད་མའི་སྐོར་མཛད་ཡོད། དེས་ན་ང་ཚོ་བོད་ཀྱི་མཁས་པས་མཛད་པའི་གཞུང་ཆེན་མོའི་བསྟན་བཅོས་དེ་དག་མང་ཆེ་བར་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་ཞེས་དགག་བཞག་སྤོང་གསུམ་ཞེས་པ་ཞིག་ཡོད། དེ་རྣམས་ཚད་མའི་གཞུང་གི་འགྲོ་སྟངས་ལྟར་ཐོག་མར་ཕ་རོལ་པོའི་ལུགས་རྣམས་བཀོད་ནས་དེ་ལ་དགག་པ་བརྒྱབ། དེ་ནས་རང་ལུགས་བཞག །ཡང་རང་ལུགས་བཞག་པ་དེར་གལ་ཏེ་རྩོད་པ་བྱུང་ན་དེར་རྩོད་སྤོང་འདི་ལྟར་བྱེད་དགོས་ཞེས་རྩོད་པ་སྤངས། དེ་ལྟར་དགག་བཞག་སྤོང་གསུམ་ཞེས་པའི་ཐ་སྙད་འདི་ཕལ་ཆེར་ང་ཚོ་བོད་པས་སྦྱར་བ་ཞིག་ལས་རྒྱ་གར་མཁས་པའི་གཞུང་གི་ནང་དོན་ལ་ཡོད་ཀྱང་། ཐ་སྙད་འདི་ལྟར་སྦྱར་བ་ཞིག་ཕལ་ཆེར་ཨེ་ཡོད་སྙམ། དེར་བརྟེན་ང་ཚོ་བོད་པས་ལྟ་གྲུབ་ཀྱི་རྣམ་གཞག་འཇོག་སྐབས། སྒྲུབ་བྱེད་ལ་བརྟེན་ནས་འགྲོ་དགོས་པ་དང་། རིགས་པ་ལ་བརྟེན་ནས་འགྲོ་དགོས་པ་ཡིན།

དེ་ལྟར་བས་ན་ཚད་མའི་འགྲོ་སྟངས་དེ་དག་ཧ་ཅང་གལ་གནད་ཆེན་པོ་ཆགས་པར་བརྟེན་བོད་ཀྱི་མཁས་པ་རྣམས་ཀྱིས་ཚད་མའི་ཐོག་ལ་ཐུགས་སྣང་ཆེན་པོ་གནང་ཞིང་། རང་གིས་བསྟན་བཅོས་ཀྱང་བརྩམས་པར་མ་ཟད། དེ་དག་ཀྱང་ཚད་མའི་གཞུང་གི་འགྲོ་སྟངས་དང་བསྟུན་ནས་རིགས་པའི་སྒྲུབ་བྱེད་གཙོ་བོར་གནང་བ་ཞིག་ཆགས་ཡོད། གང་ལྟར་རྩོད་གླེང་དང་འགྲན་བསྡུར་ལྟ་བུ་ཡོད་ན་དེར་གདོང་ལེན་བྱེད་པའི་དོ་སྣང་སླེབས་ཀྱི་ཡོད། རྩོད་གླེང་མེད་ན་སོབ་སོབ་བྱས་ནས་བསྡད་རྒྱུ་རེད། ཅེས་བཀའ་སློབ་སྩལ་ཏོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

[2]  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། དེབ་ཐེར་སྔོན་པོ་གསར་མ། ཤོག་གྲངས་ ༢༧༤-༢༨༤ བར།

[3]  ཚད་མ་རིགས་གཏེར་གྱི་འགྲེལ་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༣

[4]  དར་ཊཱིཀ་ལས། སློབ་དཔོན་དབེན་པའི་རི་ཕུག་ཅིག་ན་བཞུགས་ཏེ། སྒྲུབ་པ་མཛད་པ་ན། དུས་རེ་ཞིག་ཅིག་ཚད་མ་ཀུན་ལས་བཏུས་པ་རྩོམ་པར་བཞེད་ནས། བྲག་གི་ངོས་ལ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་བྱ་བ་ལ་སོགས་པའི་ངག་དང་པོ་བཀོད་པ་དང་། ས་གཡོ་བ་ལ་སོགས་པའི་ལྟས་ཆེན་པོ་བྱུང་བས། རི་འབིགས་བྱེད་ཀྱི་ཕུག་ན་ཕྱི་རོལ་པའི་དྲང་སྲོང་ནག་པོ་ཞེས་བྱ་བ་མངོན་ཤེས་ཅན་ཞིག་གནས་པས་ཤེས་ཏེ། བར་ཆད་བྱའོ་སྙམ་ནས་ཁ་ནས་མེ་ཕྱུང་བ་ལ་སོགས་པས་སློབ་དཔོན་ལ་གནོད་པ་ཆེན་པོ་བྱས་པ་དང་། མ་རུང་བའི་སེམས་ཅན་དེ་ལྟ་བུ་མཐོང་བས་ཐུགས་ཤིན་ཏུ་སྐྱོ་ནས། རང་ཉིད་མྱུར་དུ་གྲོལ་བར་བཞེད་ནས་དེས་ཐོད་ལེ་ཀོར་ནམ་མཁར་བསྐྱུར་ནས། དེ་ས་ལ་ལྷུང་མ་ཐག་ཐེག་པ་དམན་པར་གཞོལ་བར་བཞེད་པ་དང་། རྗེ་བཙུན་དངོས་སུ་བྱོན་ནས། ཞེས་སོགས་སོ།། (རྣཾ། དར། ཤོག་ ༧ ཇ)

[5]  རྒྱུ་ལྔ་ནི། རིག་པའི་གནས་ལྔ་ལ་མཁས་པ་དང་། མན་ངག་ཡོངས་སུ་ཚང་བར་ཤེས་པ་དང་། བཤད་བྱའི་དོན་ལ་སྒྲོ་འདོགས་ཡོངས་སུ་ཆོད་པ་དང་། གཞན་ཕན་གྱི་ཀུན་སློང་དང་ལྡན་པ་དང་། ཡི་དམ་ལྷའི་ཞལ་གཟིགས་ཤིང་གསུང་གི་གནང་བ་ཐོབ་པ་རྣམས་ཡིན་པར་བཤད་ལ། རེ་འགར་གཞན་ཕན་ཀུན་སློང་གི་ཚབ་ཏུ་བཤད་བྱ་དོན་དང་ལྡན། ཞེས་ཟེར་སྲོལ་ཡང་འདུག །བྱང་ཆུབ་ལམ་རིམ་ལས་ནི། ཇི་སྐད་དུ། དེ་ལྟར་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་གཞུང་རྩོམ་པ་ལའང་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡོད་དེ། འདི་ལྟར། ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པ་དང་། དེ་དག་གི་དོན་ཉམས་སུ་ལེན་པའི་གནད་ཀྱི་གདམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་གཟུང་སྟེ་དམ་པ་མ་ཆད་པ་ལས་བརྒྱུད་པའི་མན་ངག་དང་ལྡན་པ་དང་། ཡི་དམ་ལྷའི་ཞལ་གཟིགས་ནས་གསུང་གི་གནང་བ་ཐོབ་པའོ། ། (ལམ། ཆེན། ཤོག་ ༦ རྗེ། པ།)

[6]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༧༨

[7]  ཕྱི་ལོ་ ༢༠༢༠ ཟླ་བ་ ༩ ཚེས་ ༥ ཉིན་ལྷོ་ཨེ་ཤི་ཡའི་ཆོས་ཞུ་བར་ལག་ལེན་སོ་བདུན་མ་བཀའ་ཆོས་སྩལ་བ་ལས་ཟུར་འདོན་ཞུས་པའོ།།

[8]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

[9]  སློབ་དཔོན་འདི་རྣམ་འགྲེལ་མ་མཛད་པའི་སྔ་རོལ་ཏུ་བྱུང་བར་སེམས་དཔའ་ཆེན་པོ་གྲོ་ལུང་པས་བཞེད་དོ། །རྒྱལ་ཚབ་རྗེས་མཛད་པའི་ཚད་མ་རྣམ་ངེས་ཀྱི་ཊཱིིཀ་ཆེན། ༼ཇ༽ སྟོད་ཆ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་གྲངས་ ༢ ཐོག་གསལ་ལོ།།

[10]  དགེ་བ་རྒྱལ་མཚན་གྱི་ཀུན་བཏུས། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣ན༢

[11]  དགེ་བ་རྒྱལ་མཚན་ཀུན་བཏུས། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༣༣བ༡

[12]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༡༦༠

[13]  སློབ་དཔོན་དབང་ཕྱུག་སྡེས་མཛད་པའི་ཀུན་བཏུས་ཀྱི་འགྲེལ་པ་དེ་ཉིད་བོད་འགྱུར་དུ་མི་སྣང་ངོ་།།

[14]  ཕྱི་ལོ་ ༢༠༡༢ ཟླ་བ་ ༦ ཚེས་ ༡ ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭར་སྐྱེ་བོ་གསོ་ཐིགས་དང་། རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་སྩལ་བ་ལས་ཟུར་འདོན་ཞུས།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༨ ནས་ ༢༩༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *