༄༅། །འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པའི་གཉེན་པོ་ཀླུ་མདོས་བཞུགས་སོ།།[1]
འཕགས་པ་དྲེགས་པ་འདུལ་བྱེད་ཀླུ་སྒྲུབ་སྙིང་པོ་ལ་ཕྱག་འཚལ་ལོ། །འདིར་ས་བདག་གི་གནོད་པ་ཞི་བའི་གཉེན་པོ་ཀླུ་མདོས་ནི། དེ་ལ་ཀླུའི་ཁང་པ་ལྟ་བུ་ལྔ་བྱའོ། །དེའི་ནང་དུ་མི་སྦྲུལ་མགོ་གླུད་ཀྱི་གཟུགས་ལྔའམ་བདུན་ནམ་བྱའོ། །དེའི་མཐའ་ལ་སྦལ་ལྕོང་ཉ་སྦྲུལ་སྡིག་པ་སྡོམ་རྩང་པ་འགྲོན་བུ་སོགས་ཀྱིས་ལྔ་ལྔ་བྱས་ཏེ།
ནམ་མཁའ་སྔོན་པོ་མདའ་ཁྲ་འཕང་ཁྲ་བྱང་བུ་རེ་རྣམས་ཀྱི་གོང་དང་འདྲའོ། །དཀར་གསུམ་མངར་གསུམ་ཀླུ་སྨན་སོགས་དང་། གཞི་བདག་གཏོར་མ་གསེར་སྐྱེམས་ཡོ་བྱད་རྣམས་ཀྱིས་ལེགས་པར་བཤམས་ཏེ། བྱིན་གྱིས་བརླབས་པ་ནི་སྤྱི་གཏོར་དང་འདྲའོ། །དེ་ནས་འདི་སྐད་དོ།།
ཧཱུཾ། ཀླུ་རྒྱལ་བླ་བའི་ནག་པོ་ནི། །རུས་སྦལ་སྟོང་གི་ཁྲི་ལ་བཞུགས། །སྦྲུལ་ནག་སྟོང་གི་ཁྲི་ལ་བཞུགས། །ཀླུ་ཆེན་བརྒྱད་པོ་ཕོ་ཉར་འགྱེད། །མདོས་བདག་ལ་སོགས་མདོས་བཞེས་ཤིག །གླུད་བདག་ལ་སོགས་གླུད་བཞེས་ཤིག །x[2] ཡང་གླུད་ཀྱི་བདག་པོ་ནི། །ཀླུ་ཡི་རྒྱལ་པོ་ཆེན་པོ་དང་། །མཐའ་ཡས་དང་ནི་ནོར་རྒྱས་དང་། །འཇོག་པོ་དང་ནི་པདྨ་དང་། །ཆུ་ལྷ་དང་ནི་སྟོབས་ཀྱིས་རྒྱུ། །དུང་སྐྱོང་དང་ནི་རིགས་དང་ལྡན། །བྲམ་ཟེ་དང་ནི་གདོལ་པའི་རིགས། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ལ། །དེ་རིང་གསེར་སྐྱེམས་གཏོར་མ་འབུལ། །གླུད་དུ་འབུལ་ལོ་བཞེས་སུ་གསོལ། །མདོས་བདག་ལ་སོགས་མདོས་བཞེས་ཤིག །གླུད་བདག་ལ་སོགས་གླུད་བཞེས་ཤིག །
ཀྱཻ༔ རེ་བ་བཙུན་མོ་ཀླུ་ཡི་སྲས། །x བྲང་ཆེན་མོ་མཚན་གསོལ་བ། །སྙིང་རྗེ་ཆེན་མོ་འཁྱིལ་མ་དང་། །ཆུ་མིག་ཆེན་མོ་སྟོབས་ཀྱི་དང་། །ལུ་མ་ཆེན་མོ་བྱ་རྒྱུ་དང་། །རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །གཡུ་ཡི་ན་བུན་ཐུ་ལུ་ལུ། །ཤེལ་གྱི་ཁུ་འཕང་ཁྲི་ལི་ལི། །ཕོ་བྲང་ཆེན་པོ་རྒྱན་མཛེས་ནི། །སྦྲུལ་ཆེན་སེར་ཁྲ་དམར་ཁྲ་དང་། །སྦྲུལ་ཆེན་སྔོ་ཁྲ་ལྗང་ཁྲ་དང་། །ཀླུ་ཡི་རིགས་སུ་རྟོགས་པ་རྣམས། །མི་འདི་མགོན་སྐྱབས་མཛད་པ་དང་། །ལྕམ་དྲལ་ཆེན་པོ་ཕན་ཚུན་རྣམས། །གཉེན་པོ་ཀླུ་མདོས་འདི་འབུལ་ལོ། །བཤོས་བུ་སྐུ་ཡི་གླུད་དུ་འབུལ། །བརྒྱན་ཅན་མཛེས་ཡི་གླུད་ཐུགས་འབུལ། །རིན་ཆེན་སྨན་གྱི་གླུད་ལ་འབུལ། །སྣ་ཚོགས་གཟུགས་ཀྱི་སྐུ་ལ་འབུལ། །མདའ་ཁྲ་ཕོ་ཡི་གླུད་དུ་གསོལ། །འཕང་ཁྲ་མོ་ཡི་གླུད་དུ་འབུལ། །བྱང་བུ་སྐུ་གསུང་ཐུགས་ཀྱི་འབུལ། །གླུད་དང་རྫོངས་སུ་འདེབས་སུ་འབུལ། །འབུལ་ལོ་མཆོད་པ་འདི་བཞེས་ལ། །སྦྱིན་བདག་བར་ཆད་སེལ་བ་དང་། །ནད་གདོན་བགེགས་རྣམས་མེད་པར་མཛོད། །མི་ཕྱུགས་ནད་ལས་ཐར་བར་འགྱུར། །བསྔོ་བ་བདག་གིས་མ་ནོར་ཞིག །བཞེས་པ་ཁྱེད་ཀྱིས་མ་ནོར་ཞིག །མདོས་བདག་ལ་སོགས་མདོས་བཞེས་ཤིག །གླུད་བདག་ལ་སོགས་གླུད་བཞེས་ཤིག །དེ་བས་རང་རང་གནས་སུ་འདེངས། །
ཀྱཻ༔ དགའ་བོ་དང་ནི་ཉེར་དགའ་བོ། །ཀླུ་དང་ས་བདག་འཁོར་བཅས་རྣམས། །དེ་བཞིན་དུ་ནི་དྲན་གྱིས་ལ། །ཞེ་སྡང་ཁྲོ་བོའི་སེམས་བོར་ཏེ། །བྱམས་པའི་སེམས་ཀྱིས་ཁྱབ་པར་མཛོད། །དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། །འདོད་ཡོན་ལོངས་ལོངས་སྤྱོད་ཕུན་སུམ་ཚོགས། །ཀླུ་ཡི་ནད་རྣམས་སོས་གྱུར་ནས། །སྡུག་བསྔལ་ཀུན་ལས་གྲོལ་གྱུར་ཅིག །ཕྱག་ན་རྡོ་རྗེའི་ཞལ་མཐོང་སྟེ། །མཁའ་ལྡིང་བྱེ་ཚན་འཇིགས་པ་དང་། །ངན་སོང་སྡུག་བསྔལ་ལས་གྲོལ་ནས། །རྡོ་རྗེ་སེམས་དཔའི་xx ཨོཾ་སརྦ་ནཱ་ག་རཱ་ཛ་ས་པཱ་རི་ཝ་ར་གཙྪ། ཞེས་དོར་བར་བསྐྱལ། །བཀྲ་ཤིས།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་སོགས། པོད། ༼༡༽ སོག་ཡུལ། དབུ་ཅན་བྲིས་མ། ཤོག་གྲངས་ ༡ན༡ ནས་ ༣མ༢ བར་དཔེ་ཐུང་ཤོག་བུ་གསུམ་ཅན་བཞུགས་པ་ལས་བཏུས་པའོ།།
[2] ཁྲམ་རྟགས་ཅན་འདི་དག་ལ་མ་དཔེའི་མཐའ་ཟུར་རྙིང་ཧྲུལ་དུ་གྱུར་ཏེ། ཡིག་འབྲུ་རེ་ཟུང་ཆད་འདུག་ཀྱང་མ་དཔེ་གཞན་ལག་སོན་མ་བྱུང་བས་བྱ་ཐབས་ཟད།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༡ ནས་ ༦༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།