ཀི༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ། (ཇོ་བོ་རྗེ།)

ཀི༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་ཐེག་པ་ཆེ་ཆུང་གི་བཀའ་སྲོལ་མ་ལུས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་གངས་ལྗོངས་ཐུབ་པའི་བསྟན་པ་རྒྱས་པར་མཛད་པའི་སྒོ་ནས་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །

ཞེས་གསུངས་པའི་དོན་ནི། འོ་སྐོལ་གྱི་རྣམ་འདྲེན་བཞི་པ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལེགས་གསུང་ཤིན་ཏུ་ཟབ་པ་སྟོང་ཉིད་ཀྱི་ལྟ་བ་དང་། རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་ཏེ་ཟབ་རྒྱས་ཀྱི་ལམ་གྱི་རིམ་པའི་བཀའ་སྲོལ་མ་ལུས་པ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ལེགས་པར་འདོམས་པར་མཛད་པའི་སྒོ་ནས། ཤིན་ཏུ་ཉམས་དམས་སུ་གྱུར་པའི་གངས་ལྗོངས་ཐུབ་པའི་བསྟན་པ་དར་ཞིང་སྤེལ་བར་མཛད་པའི་བཀའ་དྲིན་ཅན་ཏེ་དྲིན་ལྷག་པར་ཆེ་བའི་རྗེ་བཙུན་བླ་མ་སྟེ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱི་སྐུ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།།  །།

(དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་ཐོག་མ།)

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༥༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༡ ནས་ ༤༡༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *