ལེའུ་བཅུ་གཉིས་པ། ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན།
ཀ༽ ནཱ་ལེནྡྲ་མཁས་པའི་འབྱུང་གནས་ཡིན་ཚུལ།
དེ་ཡང་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ལས[1]།
མི་སློབ་ཟུང་འཇུག་བརྙེས་པའི་ས་ར་ཧ། །
འདུས་པ་རྒྱ་མཚོའི་དབུས་ན་རི་དབང་བཞིན། །
ཀླུ་སྒྲུབ་དང་ནི་ཐོགས་མེད་དབྱིག་གཉེན་དང་། །
ཕྱོགས་གླང་ཆོས་ཀྱི་གྲགས་པ་རྣམས་ཀྱི་གནས། །
ཞེས་བསྔགས་པ་མཛད་པ་དོན་ལ་གནས་པའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་མོ་འདི་ནི། སྔོན་རྒྱ་གར་འཕགས་ཡུལ་དུ་ཨོ་ཏནྟ་པུ་རི་སྟེ་འཕུར་བྱེད་གཙུག་ལག་ཁང་དང་། ཏག་ཤི་ཤཱི་ལ་སྟེ་རྡོ་འཇོག་གི་གཙུག་ལག་ཁང་། བི་ཀྲ་མ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་གྱི་གཙུག་ལག་ཁང་། སཽ་མ་པུ་རི་སྟེ་དུར་ཁྲོད་ཀྱི་གཙུག་ལག་ཁང་། ཏྲཱི་ཀ་ཊུ་ཀ་སྟེ་ཚ་བ་གསུམ་གྱི་གཙུག་ལག་ཁང་སོགས་ནང་པའི་གཙུག་ལག་སློབ་གཉེར་ཁང་མང་དུ་ཡོད་པ་དེ་དག་གི་ཁྲོད་ནས་གཞི་རྒྱ་དང་སྙན་གྲགས་ཆེ་ཤོས་ཀྱི་གཙུག་ལག་ཁང་ཞིག་དང་། ལྷག་པར་དཔལ་ནཱ་ལེནྡྲ་ནི་འཛམ་གླིང་ཐོག་ཕྱག་འདེབས་སྔ་ཤོས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ཨང་དང་པོ་དེ་ཡིན།
དེ་ཡང་ཡོ་རོབ་གླིང་གི་མ་ཡུམ་དུ་གྲགས་ཤིང་། འཛམ་གླིང་ནང་ཆེས་སྔ་ཤོས་སུ་ངོས་འཛིན་པའི་ཨི་ཊ་ལིའི་སྦོ་ལོག་ན་ (University of Bologna) ཆེས་མཐོའི་གཙུག་ལག་སློབ་གཉེར་ནི་ཕྱི་ལོ་ ༡༠༨༨ ལོར་ཚུགས་པ་ནས་ད་བར་ལོ་ངོ་ ༩༣༤ དང་། ཕྱི་ལོ་ ༡༡༦༧ ལོར་ཚུགས་པའི་དབྱིན་ཇིའི་ཨོག་སི་ཕོར་ཌི་ (University of oxford) གཙུག་ལག་ཁང་སློབ་གཉེར་ཁང་ཚུགས་ནས་ལོ་ངོ་ ༨༥༥ ལས་ཕྱིན་མེད། དེ་ལྟར་འཛམ་གླིང་ཐོག་གི་ཆེས་སྔ་ཤོས་སུ་གྲགས་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དེ་གཉིས་དང་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཚུགས་སྔ་ཕྱི་བསྡུར་ན། ནཱ་ལེནྡྲའི་གཙུག་ལག་སློབ་ཁང་ནི། དེ་དག་ལས་ལོ་ངོ་སྟོང་ཕྲག་གི་སྔོན་ནས་བྱུང་བས། དཔལ་ནཱ་ལེནྡྲ་ནི་འཛམ་གླིང་ནང་གི་ཆེས་སྔ་ཤོས་ཀྱི་རྒྱལ་སྤྱིའི་ཆེས་མཐོའི་གཙུག་ལག་སློབ་གླིང་ཨང་དང་པོར་ངོས་འཛིན་འོས་པ་ཞིག་ཡིན་པར་མ་ཟད། ཡང་སྒོས་མཁས་པའི་འབྱུང་གནས་ཤིག་ཀྱང་ཡིན་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས[2]། ནལེནྡཱ་ནི་སྔོན་རྒྱ་གར་གྱི་ཆོས་སྡེ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཅིང་། རྒྱ་ནག་གི་བཙུན་པ་ཐང་ཟན་ཙང་ཕེབས་པའི་དུས་ (དུས་རབས་7པར།) དགེ་སློང་ཁྲི་ཕྲག་ཙམ་བཞུགས་ཞེས་ཟེར། ཨརྱ་དེ་ཝ། ཞི་བ་འཚོ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པ་ལ་སོགས་པའི་སྔོན་གྱི་པཎྜི་ཏ་ཆེན་པོ་དེ་ཐམས་ཅད་ཀྱང་དགོན་པ་འདི་ནས་ཕེབས་པ་ཤ་སྟག་ཡིན། བོད་དང་རྒྱ་ནག་ཏུ་དམ་པའི་ཆོས་དར་བ་ཡང་དགོན་པ་འདི་ནས་བྱུང་བ་ཡིན། ཞེས་གསུངས་པ་ནི་དོན་ལ་གནས་པ་ཞིག་དང་། རྒྱ་ནག་གི་མཁས་པ་ཐང་སན་བླ་མ་དང་། དེ་བཞིན་དུས་རབས་ལྔ་པའི་ནང་བྱོན་པའི་ནཱ་ལེནྡྲའི་སྐར་རྩིས་རིག་པའི་མཁས་པ་ཆེན་པོ་ཨཱརྱ་བྷ་ཊ་ཐོག་མར་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གསན་བསམ་སློབ་གཉེར་མཛད་ནས་མཁས་པ་ཆེན་པོར་གྱུར་ནས་རྩིས་གཞུང་ཨཱརྱ་བྷ་ཊ་ཡམ་ཞེས་པ་མཛད་ཚུལ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་[3]བྱུང་བ་ལྟར་སྐར་རྩིས་དང་ཚན་རིག་ལ་མཁས་པ་ཨཱརྱ་བྷ་ཊ་སོགས་མཁས་པ་བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པ་བྱོན་ཡོད།
དེ་བཞིན་རྒྱ་གར་འཕགས་པའི་ཡུལ་དང་། བོད་གངས་ཅན་གྱི་ལྗོངས། ཤར་ཕྱོགས་ཀྱི་ནང་པའི་ཡུལ་གྲུ་མང་པོའི་མཁས་གྲུབ་དང་། མཚན་ཉིད་སྨྲ་བའི་དེད་དཔོན་ཆེས་ཤིན་ཏུ་མང་པོ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ནས་ཕེབས་པ་ཡིན་ལ། དཔལ་ནཱ་ལེནྡྲའི་མཁན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་གཅིག་པུར་མཚོན་ནའང་། སྙན་གྲགས་དང་མཛད་རྗེས་བླ་ན་མཐོ་ཞིང་། བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུར་ཡོངས་སུ་གྲགས་ལ། དབུ་མའི་ཤིང་རྟའི་སྲོལ་བཟང་ཕྱེ་བར་མ་ཟད། ཐེག་པ་ཆེན་པོའི་དབུ་ཚུགས་ཤིང་། མཐའ་བྲལ་དབུ་མའི་གཞུང་ལུགས་རིགས་ཚོགས་དང་། བསྟོད་ཚོགས། གཏམ་ཚོགས་སོགས་སྲིད་ན་དཀོན་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་མཛད་དེ་ཐེག་ཆེན་གྱི་ཆོས་རྒྱུན་འཛིན་པའི་གྲུབ་མཐའ་ཀུན་ལ་ཁོང་གི་རླབས་ཆེ་བའི་དགོངས་པའི་འོད་སྣང་འཕྲོས་ཡོད་པར་མ་ཟད། དབུ་མ་རིགས་པའི་སྲོལ་འབྱེད་ཤིང་རྟ་ཆེན་པོར་གྲགས་པ་ཡིན།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[4]།
རྒྱན་དྲུག་མཆོག་གཉིས་ལ་སོགས་བྱོན་པའི་ས། །
སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆེན་པོ་ཡིན། །
ཞེས་བསྔགས་པ་ལྟར། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། ཟབ་རྒྱས་གཉིས་ལ་རྨད་བྱུང་གི་ཕྱག་རྗེས་ཅན་གྱི་པཎ་གྲུབ་བཅུ་བདུན་ཏེ། སློབ་དཔོན་ཀླུ་སྒྲུབ་དང་། རྒྱལ་སྲས་འཕགས་པ་ལྷ། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨའི་ངང་ཚུལ་བཅས་ཟབ་མོ་ལྟ་རྒྱུད་ཀྱི་པཎ་གྲུབ་ཞལ་གྲངས་བརྒྱད་དང་། དེ་བཞིན་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཤཱཀྱ་འོད་བཅས་རྒྱ་ཆེན་སྤྱོད་རྒྱུད་ཀྱི་པཎ་གྲུབ་ཞལ་གྲངས་བརྒྱད་དང་། གཞན་ཡང་སྐྱོབ་པ་འཇིག་རྟེན་མགོན་པོས་མཛད་པའི་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་རྣམས་ལ་བསྟོད་ཕྱག་འབུལ་བ་ལས[5]།
རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟ་བུར་སྤངས། །
རིག་འབྱུང་མཁས་པའི་སློབ་གྲྭ་ན་ལན་དྲར། །
གཙུག་གི་ནོར་བུ་ལྷ་བརྒྱའི་ཐམས་ཅད་མཁྱེན། །
བསླབ་གསུམ་རིན་ཆེན་ཐོད་བཞིན་སྤྱི་བོས་བཀུར། །
བྱང་ཆུབ་སེམས་མཆོག་རབ་སྦྱངས་གཞན་དོན་མཛད། །
ཇོ་མོས་ལུང་བསྟན་ཁ་བ་ཅན་དུ་བྱོན། །
དད་ལྡན་སྐྱེ་བོ་ངེས་ལེགས་གཉིས་ལ་བཀོད། །
དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ཟབ་རྒྱས་གཉིས་ཀའི་གདམས་པ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་མངའ་བ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གཙོ་བོར་གྱུར་པའི་ནང་པའི་པཎ་གྲུབ་སྐྱེས་ཆེན་དམ་པ་བརྒྱ་ཕྲག་དུ་མས་གནས་འདིར་གསན་བསམ་སློབ་གཉེར་དང་། སྒྲུབ་པ་ཉམས་ལེན་མཛད་མྱོང་བའི་གནས་ཁྱད་དུ་འཕགས་པ་ཞིག་དང་། རྒྱལ་བའི་བསྟན་པ་དང་དེ་འཛིན་གྱི་པཎ་གྲུབ་ཉི་ཟླ་སྐར་གསུམ་དང་མཉམ་པ་དེ་དག་གི་འབྱུང་ཁུངས་ཤིག་ཀྱང་ཡིན་པར་མ་ཟད། པཎ་གྲུབ་དེ་དག་གིས་ལུང་ཆོས་སྡེ་སྣོད་གསུམ་ལ་འཆད་ཉན་དང་། རྟོགས་པའི་བསྟན་པ་ལམ་བསླབ་པ་གསུམ་ལ་ཐུགས་དམ་ཉམས་བཞེས་རྩེ་གཅིག་ཏུ་མཛད་དེ་རྒྱལ་བསྟན་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་ཅིང་སྤེལ་བ་དང་། ལུང་ཆོས་སྡེ་སྣོད་གསུམ་ལ་བརྒལ་བརྟག་གི་ལམ་ནས་གཏན་ལ་འབེབས་པའི་རྩོད་པ་མཛད་པ། སྡེ་སྣོད་གསུམ་གྱི་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་ལྗགས་རྩོམ་མཛད་པ་བཅས། མདོར་ན་མཁས་པའི་བྱ་བ་རྣམ་གསུམ་གྱི་ཐོག་ནས་རྒྱལ་བསྟན་གསལ་བར་མཛད་པའོ།།
དེ་ལྟར་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་མཁས་པའི་ཡོན་ཏན་ཁོ་ན་ཙམ་མ་ཡིན་པར། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཐའ་དག་ཐུགས་སུ་མངའ་བ་སོགས་མཚན་སྙན་གྱི་གྲགས་པ་ཤིན་ཏུ་ཆེ་བའི་ཚུལ་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས་[6]ཀྱང་། དགེ་སློང་སྟོང་ཕྲག་ཁ་ཤས་བཞུགས་པ་དེའི་ནང་ནས་ཆེས་གོང་དུ་བཀུར་བ་ཚོགས་ཀྱི་གཙོ་བོ་གནས་བརྟན་སེམས་དཔའ་ཆོས་སྐྱོབ་ཀྱི་སློབ་མ་ཚུལ་ཁྲིམས་བཟང་པོ་བྱ་བ་ཡུན་རིང་བསྙུན་ཏེ་སོས་པ་ཞིག་དང་མཇལ། ནལནྡཱ་ནི་མཁས་པའི་ཡོན་ཏན་གྱིས་གྲགས་པར་མ་ཟད། བཙུན་ཞིང་སྤྱོད་ལམ་བཟང་བའི་ཆ་ནས་ཀྱང་རྒྱ་གར་ཡུལ་གང་པོའི་མིག་ལྟོས་ལྟར་བྱེད། དགོན་པ་བཏབ་ནས་དེ་བར་ནང་ཁྲིམས་དང་འགལ་བ་སུ་ཡང་མ་བྱུང་སྐད། གནས་བརྟན་ཚུལ་ཁྲིམས་དག་པ་ཞིག་གིས་སྦྱིན་བདག་གི་ཆུང་མ་ལ་གསོལ་རས་འདྲ་སྩལ་བར་ཅུང་ཟད་ཁ་ཟེར་བ་ཐོས་ནས་ཀྱང་གནས་སྤངས་ཏེ་གཤེགས་གསུངས། སྔར་མི་རིང་བར་འདས་ཟིན་པ་དག་ལས་དྷརྨ་པཱ་ལ་དང་ཙནྡྲ་པཱ་ལ་གྲགས་ཆེ། སྠིར་མ་ཏི་བརྟན་པའི་བློ་གྲོས། གུ་ན་མ་ཏི་ཡོན་ཏན་བློ་གྲོས་དང་། ཛི་ན་མི་ཏྲ་སྨྲ་བའི་མཆོག །པྲ་བྷ་མི་ཏྲ་འོད་ཟེར་བཤེས་གཉེན་རྩོད་པའི་མཆོག །རྒྱ་གར་ནུབ་ཕྱོགས་པ་ཡེ་ཤེས་ཟླ་བ་བཙུན་པའི་མཆོག་རྣམས་འཚོ་གཞེས་ཤིང་བསྟན་བཅོས་མཛད་པ་དག་ཡིན། ཚུལ་ཁྲིམས་བཟང་པོ་ནི་ཡོན་ཏན་སྦས་པ་ལྷུར་ལེན་འདི་རྣམས་གྲགས་ཆེ་གསུངས། བཙུན་པ་ཡི་ཙང་ལོ་སུམ་ཅུ་ཙམ་གྱི་རྗེས་ནས་བྱོན་པ་དེས་དུས་ཕྱིས་ཆོས་ཀྱི་གྲགས་པ་སྙན་གྲགས་ཆེ། ཞེས་གསུངས་པ་ལྟར་རོ།།
དཔྱད་གཞིའི་རྒྱུ་ཆ་ལས་རགས་ཙམ་ཤེས་པའི་པཎ་གྲུབ་ཁག་གཅིག་བགྲང་ན། པི་ག་མ་ཙན་དྲ་དང་། ཀཱ་མ་ཙན་དྲའི་དུས་སུ་ཕྱོགས་གླང་དང་ཡོན་ཏན་འོད། ལེགས་ལྡན་འབྱེད། རྣམ་གྲོལ་སྡེ་སོགས་བྱོན[7]། བིངྒ་ཙན་དྲའི་དུས་སུ་ལེགས་ལྡན་དང་། རྣམ་གྲོལ་སྡེའི་སྐུ་ཚེའི་སྨད་ཡིན་ཅིང་ཟླ་བ་གྲགས་པའི་སྐུ་ཚེའི་སྟོད་ཡིན། བི་མ་ལ་ཙན་དྲའི་དུས་སུ་དཔལ་ཆོས་གྲགས་བྱོན། ལ་ལི་ཏ་ཙན་དྲ་དང་གོ་བོ་པཱ་ལའི་རིང་ཤཱཀྱ་འོད་དང་། ཞི་བ་ལྷ་བྱོན། བཱ་ལ་ཙན་དྲའི་དུས་སུ་སློབ་དཔོན་སེང་བཟང་བྱོན། གོ་བོ་པཱ་ལའི་དུས་སུ་ཞི་འཚོ་བྱོན་ནས་དྷརྨ་པཱ་ལའི་རིང་བར་བཞུགས་པར་གསུངས་ལ། དྷརྨ་པཱ་ལའི་རིང་ཀ་མ་ལ་ཤཱི་ལ་བྱོན།
བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་པའི་རྒྱལ་པོ་ཧར་ཤའི་སྐུ་དུས་རྒྱའི་བཙུན་པ་ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་དུལ་བ་བཟང་པོ་ནཱལཱནྡཱའི་མཁན་པོ་ཡིན་ཅིང་། སྐབས་དེར་མཁན་པོ་ཁོང་དང་། ཛེ་ཏཱ་རི། ཡེ་ཤེས་ཀློང་། ཡེ་ཤེས་འོད། པཎྜི་ཏ་འཕྲོག་བྱེད་འོད་སོགས་བྱོན་པ་ཡིན་ལ། དེ་རྗེས་སྠིར་མ་ཏི། (བློ་གྲོས་བརྟན་པ།) གུ་ན་མ་ཏི། (ཡོན་ཏན་བློ་གྲོས།) ཛི་ན་མི་ཏྲ། པྲ་བྷ་མི་ཏྲ། (འོད་ཟེར་བཤེས་གཉེན།) རྒྱ་གར་ནུབ་ཕྱོགས་པ་ཡེ་ཤེས་ཟླ་བ་སོགས་བཞུགས་ནས་བསྟན་བཅོས་བརྩམས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པའི་སྐབས་ཡིན་ཅིང་། སྐབས་དེའི་མཁས་པའི་ནང་ནས་འཆད་པའི་མཆོག་ཏུ་གྱུར་པ་ཛི་ན་མི་ཏྲ་དང་། རྩོད་པའི་མཆོག་ཏུ་གྱུར་པ་པྲ་བྷ་མི་ཏྲ། བཙུན་པའི་མཆོག་ཏུ་གྱུར་པ་ཡེ་ཤེས་ཟླ་བ་བཅས་ཡིན་ལ། འདུལ་བ་བཟང་པོའམ་ཚུལ་ཁྲིམས་བཟང་པོ་ནི་ཡོན་ཏན་སྦས་པའི་མཆོག་ཡིན་ཚུལ་ཝེན་ཚེག་གིས་བྲིས་པའི་ལམ་ཡིག་ནང་གསལ་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་[8]དུ་གསལ་ལོ།།
དེ་མཚུངས་སློབ་དཔོན་བློ་གྲོས་བརྟན་པ་དང་། བཙུན་པ་དགེ་འདུན་འབངས། སློབ་དཔོན་ཆོས་འབངས། ཙནྡྲ་གོ་མཱི། སློབ་དཔོན་ཆོས་སྐྱོང་། རྒྱལ་བའི་ལྷ། ཐམས་ཅད་མཁྱེན་པའི་བཤེས་གཉེན། སློབ་དཔོན་ལ་ལི་ཏ་བཛྲ། སྒེག་པའི་རྡོ་རྗེ། ནཱ་རོ་པ། དྲིལ་བུ་པ། མཻ་ཏྲི་པ། ཤནྟི་པ། ཇོ་བོ་རྗེ་སོགས་པཎ་གྲུབ་ནམ་མཁའི་སྐར་ཚོགས་ལྟ་བུ་མང་དུ་བྱོན་ཅིང་། དུས་ཕྱིས་བུདྡྷ་སེ་ནའི་དུས་སུ་ནཱལཱནྡཱར་ར་ཧུ་ལ་ཤྲཱི་བྷ་དྲ་དང་། བྷུ་མི་ཤྲཱི་བྷ་དྲ། ཨུ་པ་ཡ་ཤྲཱི་བྷ་དྲ། ཀ་རུ་ཎ་ཤྲཱི་བྷ་དྲ་དང་། མུ་ནིན་དྲ་ཤྲཱི་བྷ་དྲ་རྣམས་བྱོན་པ་དང་། དེའི་ཕྱིས་སུ་པཎྜི་ཏ་ཤཱ་རི་པུ་དྲ་སྤྱན་དྲངས་ནས་ཆོས་གཞི་ཅུང་ཟད་བཙུགས་པ་སོགས་ཀྱི་ལོ་རྒྱུས་ཡོད། ལོ་རྒྱུས་འདི་དག་ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་ལ་ཁུངས་གཏུགས་ནས་བྲིས་པ་ཡིན་སྟབས། འདིའི་ནང་གི་པཎ་གྲུབ་སོ་སོའི་དུས་ཚིགས་ལ་ནི་མཐའ་གཅིག་ཏུ་ཆ་འཇོག་བྱེད་འོས་མཆིས་མིན་ཆ་མ་འཚལ་ཡང་། འདིར་གཙོར་འདོན་གྱིས་རྟོགས་དགོས་པ་དེ་པཎ་གྲུབ་སུ་དང་སུ་བྱོན་མིན་ཤེས་ཆེད་བྲིས་པ་ལས་གཞན་དུས་སྐབས་ངོས་བཟུང་བྱས་པ་དེ་དག་བརྟག་བྱར་བཞག་ཡོད།
ད་དུང་ཤེས་དགོས་པའི་དོན་གནད་གཞན་ཞིག་ནི། དེ་ལྟའི་གདན་ས་ཆེན་པོ་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཆེན་པོ་རྣམས་ཀྱི་སྐོར་འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་ཞེས་པའི་ནང་གསལ་བར། ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་དེར་སློབ་སྦྱོང་བྱེད་མཁན་གྲྭ་པ་བཞི་སྟོང་ལྷག་ཙམ་ཡོད་པའི་ནང་། སྡེ་སྣོད་གསུམ་གྱི་པུ་ཏི་ཉི་ཤུ་བྱང་ཆུབ་མཁན་སྟོང་ལྷག་དང་། པུ་ཏི་སུམ་ཅུ་བྱང་ཆུབ་མཁན་ལྔ་བརྒྱ་ལྷག །པུ་ཏི་ལྔ་བཅུ་བྱང་ཆུབ་མཁན་དགུ་ལས་མེད་པ་དང་། དེ་འདྲའི་སྡེ་སྣོད་གསུམ་གྱི་པུ་ཏི་ལྔ་བཅུ་བྱང་ཆུབ་ཚེ་སྡེ་སྣོད་འཛིན་པ་[9]ཞེས་པའི་མཚན་ཐོབ་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་སྟབས་གོང་གསལ་མི་དགུའི་ཁར་ཐང་སན་ཙང་སླེབས་པར་ཡུན་རིང་བར་མཁན་པོས་བརྟགས་རྗེས་ཁོང་ལ་ཡང་སྡེ་སྣོད་འཛིན་པའི་མཚན་གསོལ་ཏེ་མཉམ་དུ་སྡེ་སྣོད་འཛིན་པ་བཅུ་ཆགས་ཚུལ་ཡང་བྲིས་ཡོད།
ཡང་རྒྱའི་བཙུན་པ་ཧོས་ལེ་ཞེས་པས་གསུངས་དོན། ནཱལཱནྡཱའི་དགེ་འདུན་པ་ཆིག་སྟོང་གིས་སངས་རྒྱས་ཀྱི་གསུང་རབ་གཞུང་ཚན་མི་འདྲ་བ་བཅུ་དང་། དགེ་འདུན་པ་ལྔ་བརྒྱས་གཞུང་ཚན་ཉི་ཤུ། ཡང་དགེ་འདུན་པ་ལྔ་བཅུས་གཞུང་ཚན་སུམ་ཅུ་བཅས་འཆད་ནུས་པ་ཡོད་ཚུལ་རྒྱའི་བཙུན་པ་ཨི་ཅིང་གིས་བྲིས་པའི་རྒྱ་གར་དུ་སླེབས་པའི་རྒྱ་ནག་ཧཱ་ཤང་ཞེས་པའི་དེབ་ཀྱི་གླེང་བརྗོད་ནང་དུ་བཤད་ཡོད།[10] དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། མཁས་གྲུབ་བྱེ་བའི་འབྱུང་གནས་དང་། ཤེས་བྱ་རིག་པའི་ལྟེ་གནས་མཚན་དོན་མཚུངས་པ་ཞིག་ཡིན་པ་མཚོན་ཐུབ་པ་ཡིན།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལས་ཀྱང་[11]། ཕྱོགས་གཅིག་ནས་ནང་ཆོས་ནས་གཙོ་བོ་བློ་ཡི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་གསུངས་ཡོད་ལ། ཚད་མ་རིག་པ་དང་གཏན་ཚིགས་རིགས་པའི་རྣམ་གཞག་ཀྱང་ཧ་ཅང་ཕྱུག་པོ་ཡོད། དེར་བརྟེན་རྒྱ་གར་འཕགས་ཡུལ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གྲྭའི་པཎ་གྲུབ་རྣམས་ཀྱིས་ཕྱི་རོལ་པ་རྣམས་རིགས་པའི་ལམ་ནས་ཚར་བཅད་པ་དང་སྦྲགས། ནང་པའི་གཞུང་ལུགས་ཀྱང་ཕྱུག་ཏུ་ཕྱིན་པ་བྱུང་ཡོད། དེ་མཚུངས་ཁྱེད་རང་ཚོས་ཀྱང་གཞུང་འདྲ་མིན་མང་པོར་གཟིགས་དགོས་ཤིང་། དེ་ལྟར་བྱུང་ན་གཞུང་ལུགས་སྤྱིའི་གོ་བ་ཡག་པོ་ལོན་ཐུབ། དཔལ་ནཱ་ལེནྡྲའི་མཁས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་སངས་རྒྱས་བསྐྱངས་སོགས་ཧ་ཅང་མཁས་པ་ཆེན་པོ་དེ་ལྟར་གྲངས་ལས་འདས་པ་བྱོན་ཡོད། མཁས་པ་དེ་དག་གིས་སངས་རྒྱས་ཀྱི་བཀའི་དགོངས་དོན་རྣམས་ལེགས་པར་བཀྲལ་བ་ཙམ་དུ་མ་ཟད། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་རྣམས་ལུང་ཙམ་ལ་མ་བརྟེན་པར། དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་གཏན་ལ་ཕབ་པའི་ལེགས་བཤད་དེ་དག་དེ་སྔ་ཙམ་མ་ཟད། དེང་སྐབས་དུས་རབས་ཉེར་གཅིག་པའི་ནང་འཚེ་མེད་ཞི་བའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཞབས་འདེགས་རླབས་པོ་ཆེ་སྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད། ཅེས་བཀའ་སློབ་སྩལ་པ་ལྟར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༤༦བ༡ ཨིན་ཨང་། ༤༦༦
[2] རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༩༧
[3] ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། ༼༥༽ དགའ་ལྡན་ཕོ་བྲང་། ༢༠༡༤ ལོ། ཤོག་གྲངས་ ༡༦༡
[4] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༧
[5] འཇིག་རྟེན་མགོན་པོའི་གསུང་འབུམ། པོད། ༼ཀ༽ དཔེ་གཟུགས། ཤོག་གྲངས་ ༢
[6] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༡
[7] བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ་ཤོག་ངོས་ ༢༢༣༣ པར་ཕྱི་ལོ་ ༣༢༠ ལོར་རྒྱ་གར་དུ་གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཅནྜ་གུཔྟས་སྲིད་བཟུང་ཞེས་བཤད་ཅེས་པ་དང་། གསེར་ཐང་སྟོད་ཆའི་ཤོག་ངོས་ ༣༢༨ པར་རྟ་དབྱངས་དང་ཕྱོགས་གླང་ལ་སོགས་པའི་སངས་རྒྱས་པའི་སློབ་དཔོན་ཆེན་པོ་དག་ཀྱང་ཕལ་ཆེར་འདིའི་རྒྱལ་རྒྱུད་ཚུགས་ཙམ་ན་ཡིན། ཞེས་གསུངས་པ་དེར་བརྟགས་ན་ཕྱི་ལོའི་དུས་རབས་བཞི་པའི་ནང་བྱོན་པར་ངེས།
[8] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༢
[9] སྡེ་སྣོད་ནི་འདུལ་བ་མདོ་སྡེ་མངོན་པ་གསུམ་དང་། དེ་ཡང་སྡེ་སྣོད་ཅེས་པ་བི་ཊ་ཀའི་སྒྲ་ལས་དྲངས་ན། པི་ཎྜིཀ་བསྡུས་པའི་གོང་བུ་དང་། པི་ཊ་ཀ་བྲེ་བོ་ཆེ་ལ་འཇུག་པས། ཤེས་བྱའི་དོན་ཐམས་ཅད་བརྗོད་བྱར་བསྡུས་པས་སམ། འདི་དག་གི་ནང་དུ་བརྗོད་བྱ་མང་པོ་བསྡུས་པས་ན་སྡེ་སྣོད་ཅེས་བྱ་ལ། འཛིན་པ་ནི་བདག་ཉིད་དེ་ཐུགས་ལ་བཞུགས་པའོ།།
[10] ནཱལཱནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༦
[11] ཕྱི་ལོ་ ༢༠༡༧ ཟླ་བ་ ༣ ཚེས་ ༡༨ ཉིན་བྷི་ཧཱར་མངའ་སྡེའི་ནཱ་ལེནྡྲ་རྫོང་དུ་རྟེན་གཞི་བྱས་པའི་རྒྱལ་པོའི་ཁབ་ཏུ་ན་ལེནྡྲ་གཙུགལག་ཁང་ཆེན་གསར་པའི་ནང་སྩལ་པའི་བཀའ་སློབ་ལས་བཏུས།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡ ནས་ ༡༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།