ང༽ ཡོན་ཤཱཀ་རྣམ་གཉིས་བླ་སློབ་ཡིན་མིན།
དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་འཛམ་གླིང་རྒྱན་དྲུག་གི་བསྟོད་པ་ཐར་པའི་ཐེམ་སྐས་ལས[1]།
རྣམ་དག་ཚུལ་ཁྲིམས་དག་པའི་ཁྱོན་ཡངས་སུ། །
འདུལ་བའི་དོན་རྟོགས་བློ་གྲོས་པདྨོ་རྒྱས། །
འོད་ཀྱི་མིང་གི་མཐའ་ཅན་རྣམ་གཉིས་ལ། །
རབ་ཏུ་དང་བའི་བློ་ཡིས་གུས་ཕྱག་འཚལ། །
ཞེས་གསུངས་པ་ལྟར་འོད་ཀྱི་མིང་གི་མཐའ་ཅན་རྣམ་གཉིས་ཏེ། སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་རྣམ་གཉིས་བླ་སློབ་ཡིན་མིན་ནི། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[2]། དེའི་ (ཡོན་ཏན་འོད་) སློབ་མ་ཤཱཀྱ་འོད་ཡིན་ཟེར་བ། མི་བདེན་ཏེ། འོད་ལྡན་ལས[3]། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་རིག་རྣམས་ཀྱིས་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་དང་། གཞན་ཡང་། བླ་མ་དག་ནི་རིང་ན་བཞུགས་པ་གྲགས་པས་རྣམ་པར་ཁྱབ་པ་ཞི་བའི་འོད་ཀྱིས་བདག །དྲན་པས་དགོངས་པ་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་བསོད་ནམས་གྲགས་དང་། ཞི་བ་འོད་ཀྱི་སློབ་མར་བཤད་དོ། །དེའི་སློབ་མ་ཤཱཀྱ་བཤེས་གཉེན་ཡིན་པར་སུམ་བརྒྱ་པར་བཤད་དོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་དང་དེའི་འགྲེལ་པ་འོད་ལྡན་མཛད་དོ། །འདུལ་བའི་མདོ་ལ་ཆོས་ཀྱི་བཤེས་གཉེན་གྱིས་རྒྱ་ཆེར་འགྲེལ་མཛད་ཅིང་། དེ་ཡོན་ཏན་འོད་ཀྱི་སློབ་མར་ཁ་ཅིག་འདོད་དོ། །ཤཱཀྱ་འོད་ཀྱི་སློབ་མ་སེང་གེའི་གདོང་ཅན། དེའི་སློབ་མ་ཛི་ན་མི་ཏྲ་ཡིན་ཟེར་བའང་བརྟག་པར་བྱའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཤཱཀྱ་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བ་འོད་ལྡན་ལས་ཀྱང་སློབ་དཔོན་བསོད་ནམས་གྲགས་པ་དང༌། ཞི་བ་འོད་གཉིས་ཀྱི་སློབ་མ་ཡིན་པར་གསུངས་པ་ལས། ཡོན་ཏན་འོད་ཀྱི་སློབ་མ་ཡིན་པར་མ་གསུངས་སོ།།
ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[4]།
འཕགས་ཡུལ་ནཱ་ལེན་དྲ་ཡི་སློབ་དཔོན་མཆོག །
བསོད་ནམས་གྲགས་པའི་མཚན་ལས་རབ་ཏུ་བྱུང་། །
གྲུབ་པའི་མཆོག་གྱུར་ཞི་བ་འོད་བསྟེན་ནས། །
མཁས་ཚུལ་གསུམ་གྱིས་ནོར་འཛིན་ཁྱབ་ཅེས་གླེང་། །
ཞེས་དང་། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་རྟོགས་པ་བརྗོད་པ་ལྷའི་དཔག་བསམ་ལྗོན་ཤིང་ལས་སློབ་དཔོན་ཤཱཀྱ་འོད་ཀྱི་རྟོགས་བརྗོད་ཡལ་འདབ་དགུ་པ་ལས་[5]ཀྱང་།
སློབ་དཔོན་འདི་ནི་ནཱ་ལེནྡྲར། །མཁན་པོ་བསོད་ནམས་གྲགས་པ་ལས། །
བསྙེན་པར་རྫོགས་ཤིང་ཞི་བ་འོད། །བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས། །
ཞེས་དང་། ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་འདུལ་འཛིན་མཆོག་གྱུར་ཡོན་ཤཱཀ་གཉིས་ལ་བསྟོད་པ་མུ་ཏིག་དཀར་པོའི་ཕྲེང་བ་ལས[6]།
རྒྱ་གར་ཡུལ་མཆོག་ནཱ་ལེན་ཏྲ་ར་རུ། །
མཁན་པོ་བསོད་ནམས་གྲགས་ལས་རབ་ཏུ་བྱུང་། །
བསྙེན་པར་རྫོགས་ཤིང་ཞི་བ་འོད་བསྟེན་ནས། །
སྡེ་སྣོད་ལེགས་པར་སྦྱངས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[7]། ཤཱཀྱ་འོད་ནི་འོད་ལྡན་ལས[8]། བདག་གི་མཁན་པོ་མ་ག་དྷར་གནས་རྒྱན་དུ་གྱུར་པ་གྲགས་ཐོབ་པ། །བསོད་ནམས་གྲགས་པ་ལས་ནི་བདག་གིས་མཉན་ནས་རང་གི་འདུལ་བའི་ཆོ་ག་ཡི། །རྣམ་པར་བཤད་འདི་གསུམ་རིག་རྣམས་ཀྱི་བཤད་པའི་ཕྱོགས་ཀྱི་གཞི་མཛད་བསྟན་པ་ཡིན། །ཞེས་དང་། གཞན་ཡང་། བླ་མ་དག་ནི་རིང་ན་བཞུགས་པས་རྣམ་པར་བྱང་བ་ཞི་བའི་འོད་ཀྱི་བདག །དྲན་པས་དགོངས་པར་མཛད་པར་གྱུར་ཅིག་སྙམ་ནས་བདག་གིས་འགྲེལ་པ་དོན་གསལ་བྱས་པ་ཡིན། །ཞེས་པས་སློབ་དཔོན་བསོད་ནམས་གྲགས་པ་དང་། སློབ་དཔོན་ཆེན་པོ་ཞི་བ་འོད་ཀྱི་སློབ་མར་བཤད་པས་ཡོན་ཏན་འོད་ཀྱི་སློབ་མ་ཡིན་པར་མ་གསུངས་ལ། གནའ་མཆན་ལས་ཞི་བའི་འོད་དེའི་སློབ་མའོ། །དེའི་སློབ་མ་ཤཱཀྱ་བཤེས་གཉེན་འདི་ནི་རྣལ་འབྱོར་རྒྱུད་ལ་མཁས་པ་གསུམ་དུ་བགྲང་བའི་ཤཱཀྱ་བཤེས་གཉེན་དེ་ཡིན་གྱི། སློབ་དཔོན་ཀླུ་སྒྲུབ་ཀྱི་གདན་ས་མཛད་མཁན་དེ་མ་ཡིན་ནོ། །ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་རྩ་འགྲེལ་མཛད། ཡོན་ཏན་འོད་ཀྱི་སློབ་མ་ཆོས་ཀྱི་བཤེས་གཉེན་གྱིས་འདུལ་བ་རྒྱ་ཆེར་འགྲེལ་མཛད། འགྲེལ་ཆུང་གི་འགྲེལ་པ་ཚིག་གསལ་མཛད་པ་པོ་དང་གཅིག །ཤཱཀྱ་འོད་ཀྱི་སློབ་མ་སེངྒེའི་གདོང་ཅན། དེའི་སློབ་མ་ཁ་ཆེའི་མཁན་པོ་ཛི་ན་མི་ཏྲའོ། །ཞེས་བྱུང་བ་ལྟར་ཤཱཀྱ་འོད་ནི་བླ་མ་བསོད་ནམས་གྲགས་པ་དང་། ཞི་བ་འོད་གཉིས་ཀྱི་སློབ་མ་ཡིན་པ་གསལ་བར་གསུངས་ནའང་། སློབ་དཔོན་ཡོན་ཏན་འོད་ཀྱི་དངོས་སློབ་ཡིན་པར་མ་གསུངས་སོ།།
འོན་ཀྱང་དམ་པའི་ཆོས་འདུལ་བའི་བྱུང་ཚུལ་བླ་མ་བརྒྱུད་པ་ལས[9]། སངས་རྒྱས་ཀྱིས་འཕགས་པ་ཉེ་བར་འཁོར་ལ་གསུངས། དེས་འཕགས་པ་ཉེར་སྦས་དང་ཟླ་བའི་ནོར་བུ་ལ་གསུངས། ཉེར་སྦས་ཀྱིས་དགྲ་བཅོམ་པ་ནག་པོ་ལ་གསུངས། དེས་དགྲ་བཅོམ་པ་ཕྱིར་མི་འོང་བ་བློས་མི་འབེབས་པ་ལ་གསུངས། དེས་སློབ་དཔོན་ཡོན་ཏན་འོད་ལ་གསུངས། དེས་སློབ་དཔོན་ཤཱཀྱ་འོད་ལ་གསུངས། དེས་པཎྜི་ཏ་སེངྒེའི་གདོང་པ་ཅན་ལ་གསུངས། དེས་རྒྱ་གར་དཱ་ན་ཤི་ལ་དང་ཁ་ཆེ་ཛི་ན་མི་ཏྲ་ལ་གསུངས།
དེ་གཉིས་བོད་དུ་བྱོན་ནས་མཁན་པོ་མཛད་དེ་མི་མང་པོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་འདུལ་བའི་གཞུང་རྒྱ་ཆེར་འགྲེལ་པ་མན་ཆད་གསུངས་པས་སློབ་མ་མང་དུ་བྱུང་ཡང་། ཕྱིས་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་ཏེ་རབ་ཏུ་བྱུང་བ་རྣམས་ཕབ། མཐའ་རུ་སྤྱུགས་པ་ལས་དེའི་ཚེ་བོ་དོང་བ་རྩངས་རབ་གསལ་དང་། འཇད་པ་གཡོ་དགེ་འབྱུང་དང་། གཡོན་རུ་སྟོད་པའི་དམར་བན་ཤཱཀྱ་མུ་ནེ་གསུམ་གྱི་འདུལ་བ་དྲེའུའི་ཁལ་གཅིག་བཀལ་ནས་མངའ་རིས་སྟོད་ཀྱི་ཕྱོགས་ནས་ཉིན་པར་གབ་ཀྱིན་མཚན་མོ་ཕྱིན་ཏེ་གར་ལོག་ན་མར་ལམ་བྱུང་ནས་རྒྱལ་ཁྲིམས་མི་གཅིག་པ་ཧོར་ཡུལ་དུ་བསྟན་པ་དར་བར་བྱའོ་སྙམ་ནས་བྱོན་པས་དེར་བསྟན་པ་དར་བར་བྱ་མ་ནུས་ཏེ་ཧོར་གྱི་དགེ་བསྙེན་ཤཱཀྱ་ཤེས་རབ་བྱ་བ་གཅིག་གཡོག་ཏུ་ཁྲིད་ནས་མདོ་སྨད་ལྷོ་ཕྱོགས་ཀྱི་བེ་རིའི་ས་རིས་ཏེ་ལུམ་ཚ་མཚོ་ནས་ལམ་འཐོན་ནས་རྨ་ལུང་རྡོ་རྗེའི་བྲག་ར་ཨན་ཅུང་གི་རྣམ་རྫོང་དན་དིག་གི་ཡང་དགོན་ན་བཞུགས་པའི་ཚེ་བོན་པོ་མུ་ཟུ་གསལ་འབར་བྱ་བས་བཀའ་དྲིན་ཞུས་ཏེ། གཡོས་མཁན་པོ་བྱས་རྩངས་ཀྱིས་སློབ་དཔོན་བྱས་ནས་རབ་ཏུ་ཕྱུང་སྟེ་མིང་ཡང་དགེ་བ་རབ་གསལ་དུ་བཏགས་སོ། །གསལ་བ་ལྟར་བླ་སློབ་ཡིན་པ་ལྟར་གསལ་ལ། གཞན་ཡང་སློབ་དཔོན་ཤཱཀྱ་འོད་ཀྱི་རྗེས་འཇུག་གི་སློབ་མར་མཚོན་ན། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[10]། སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ཁྲི་རལ་དུས་སུ་བོད་དུ་བྱོན་མྱོང་བར་བླ་བྲང་གདན་རབས་ལས་གསུངས། སུམ་པས་བློ་བརྟན་གྱི་སློབ་མ་ཛི་ན་མི་ཏྲ་ཟེར། ཞེས་གསུངས་སོ།།
ཡང་བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ་ལས་[11]ཀྱང་།
རྣམ་དག་ཚུལ་ཁྲིམས་རྩ་བ་རབ་ཏུ་བརྟན། །
ཆོས་འདུལ་ཡལ་ག་སྟོང་ཕྲག་གཡོ་བ་ཡིས། །
མི་བཟད་འཆལ་ཚུལ་གདུང་བ་ཀུན་འཕྲོག་པ། །
མཁས་མཆོག་ཤཱཀྱ་འོད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། མཁས་མཆོག་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པའི་མཇུག་བྱང་ལས་[12]ཀྱང་། བདག་ཉིད་སློབ་དཔོན་བདག་གཞན་དོན་གྱི་བསྟན་བཅོས་མཁྱེན་པའི་རིན་ཆེན་འབྱུང་གནས་བཞེད་གཞུང་དག །ཐོས་ནས་ཡོན་ཏན་འོད་ཀྱིས་སྦྱར་བའི་བསྟན་བཅོས་རྣམ་པར་ཕྱེ་བ་ལ་ནི་བརྟེན་ནས་ཀྱང་། །བདག་ཉིད་ནུས་པའི་རྣམ་པར་འཕྲུལ་པས་སློབ་མ་ལ་ཕན་རྣམ་པར་བཤད་པ་བྱས་པ་ལས། །དག་གི་བསོད་ནམས་བསགས་དེས་འགྲོ་བ་ཡོན་ཏན་གཏེར་མཆོག་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་འོད་ཀྱིས་སྦྱར་བའི་བསྟན་བཅོས་དག་ལ་བརྟེན་པར་གསུངས་ལ། དེ་བཞིན་ཆོས་རྗེ་བསོད་ནམས་གྲགས་པས་ (1478-1554) མཛད་པའི་འདུལ་བའི་ཆོས་འབྱུང་ལས[13]། ཁ་ཅིག །ཡོན་ཏན་འོད་ཀྱི་སློབ་མ་ཤཱཀྱ་འོད་ཡིན་ཟེར་ཀྱང་། ཁོང་རང་གི་གཞུང་ལས་མཁན་པོ་བསོད་ནམས་གྲགས་པ་དང་། ཞི་བ་འོད་གཉིས་ལ་ཐུག་ཅེས་འབྱུང་གི །ཡོན་ཏན་འོད་ལ་ཐུག་པའི་བཤད་པ་མ་བྱུང་། འདིས་དགེ་ཚུལ་གྱི་བསླབ་བྱ་གཙོ་བོར་སྟོན་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་མཛད། དེའི་སློབ་མ་དགེ་སློང་གདོང་པ་ཅན། དེའི་སློབ་མ་དྷ་ན་ཤི་ལ། དེའི་སློབ་མ་ཛི་ན་མི་ཏྲའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་འོད་ནི། མཁས་མཆོག་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་དེ་ཡིན་པས་ན། བླ་སློབ་འདི་གཉིས་དུས་རབས་ལྔ་པ་དང་དྲུག་པའི་དུས་འགོར་བྱོན་པ་ཞིག་ཡིན་པ་དང་། དེ་རྗེས་དུས་རབས་བདུན་པའི་སྟོད་དུ་དཔལ་ལྡན་ཟླ་བ་གྲགས་པ་དང་། དུས་རབས་བདུན་པའི་སྨད་དང་བརྒྱད་པའི་དུས་འགོར་དཔལ་ལྡན་ཆོས་གྲགས་བྱོན་ཅིང་། སྐབས་དེར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཕེབས་པ་དང་། ཆོས་བཤེས་ཀྱི་སྐུ་ཚེའི་སྨད་ལ་བསོད་ནམས་གྲགས་པ་དང་། ཞི་བ་འོད་གཉིས་བྱོན་པའི་སློབ་མ་སློབ་དཔོན་ཤཱཀྱ་འོད་དང་། ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་བྱོན། ཤཱཀྱ་བཤེས་གཉེན་དུས་རབས་བརྒྱད་པར་མཁན་ཆེན་ཞི་བ་འཚོའི་སྐུ་དུས་སུ་བྱོན་པ་ཞིག་ཡིན། དེས་ན་སློབ་དཔོན་ཤཱཀྱ་འོད་ལྟ་ཅི་སྨོས། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཡང་སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མ་མིན་སྟབས། མཆོག་གཉིས་ཏེ་སློབ་དཔོན་ཡོན་ཏན་དང་ཤཱཀྱ་འོད་གཉིས་བླ་སློབ་ཏུ་དུས་འགྲིག་དཀའ་བས་དཔྱད་དགོས་པར་སྣང་ངོ་།།
ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[14]། ལྕགས་འབྲུག་ཕྱི་ལོ་ ༢༠ ལོ་འདིར་འཕགས་པ་ཐོགས་མེད་སྐུ་འཁྲུངས་པར་ཕུག་ལུགས་པ་རྣམས་ནས་བཞེད། ཅེས་གསལ་བ་ལྟར་འཕགས་པ་ཐོགས་མེད་ཕྱི་ལོ་ཚུགས་ནས་ལོ་ ༢༠ པར་བྱོན་པ་ལྟར་ཐོགས་མེད་ཀྱི་གཅུང་དབྱིག་གཉེན་ཡང་དུས་མཚུངས་སུ་བྱོན་པར་བརྟེན། དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཡོན་ཏན་འོད་ཀྱང་དེའི་སྐབས་སུ་བྱོན་དགོས་པར་འགྱུར་ལ། སློབ་ཡོན་ཤཱཀྱ་འོད་ནི་དུས་རབས་བརྒྱད་པའི་ནང་བྱོན་པར་བརྟེན། འདུལ་འཛིན་ཀུན་གྱི་མཆོག་གྱུར་སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད་གཉིས་དུས་རབས་ཀྱི་བར་ཁྱད་ཤིན་ཏུ་ཆེ་བས་བླ་སློབ་ཏུ་དུས་འགྲིག་དཀའ་འོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༦
[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༦
[3] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༤༡༩
[4] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤
[5] རྟོགས་བརྗོད་ལྷའི་དཔག་བསམ་ལྗོན་ཤིང་། ༼ཀ༽ དཔེ་རིང་པར་མ། ཤོག་གྲངས་ ༡ན༡ ནས་ ༤༦བ༥ བར།
[6] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། མཆོག་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༣ན༦ བར།
[7] འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། གསུང་འབུམ། ༼ཁཀ༽ དཔེ་རིང་། ༡༩༧༣ ལོ། ཤོག་གྲངས་ ༥༥བ༥
[8] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༤༡༨
[9] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། མཛད་པ་པོ་མི་གསལ། པོད། ༼དི༽ དབུ་མེད་བྲིས་མ། ཤོག་གྲངས་ ༡ན༡
[10] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༣༩
[11] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་ ༡ན༡ ནས་ ༢བ༤ བར།
[12] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་། ༩༣ པ། ཤོག་གྲངས་ ༧༠༡
[13] འདུལ་བའི་ཆོས་འབྱུང་། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༥ ལོ། ཤོག་གྲངས་ ༢༤
[14] ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༢༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༣ ནས་ ༣༥༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།