༄༅། །འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རྨད་བྱུང་བློ་གྲོས་ཀྱི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།[1]
༼འབྲི་གུང་ཆེ་ཚང་དཀོན་མཆོག་རིན་ཆེན་ (1590-1654) གྱིས་མཛད་པ། ༽
སྭ་སྟི། ཚོགས་གཉིས་རབ་རྫོགས་བདུད་བཅོམ་ཆོས་འཁོར་བསྐོར། །ཆོས་ཀུན་དབང་བསྒྱུར་ཀུན་མཁྱེན་ལྷའི་ཡང་ལྷ། །གསེར་མངལ་མིག་སྟོང་ལྡན་སོགས་གཙུག་གི་ནོར། །ཐུབ་དབང་ཤཱཀྱའི་རྒྱལ་ལ་ཕྱག་འཚལ་ལོ། །རྒྱལ་བ་བྱང་སེམས་ཚུལ་བཟུང་ཉེ་སྲས་བརྒྱད། །དེ་ཉིད་ཉན་ཐོས་ཚུལ་འཛིན་མཆོག་བརྒྱད་དང་། །བརྟུལ་ཞུགས་ཚུལ་སྤྱོད་གྲུབ་ཆེན་རྣམ་པ་བརྒྱད། །བསྟན་སྐྱོང་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་ཉན་ཐོས་ཚུལ་འཛིན་ཀླུ་དབང་གྲགས། །
རྒྱལ་བས་ལུང་བསྟན་མཐའ་བྲལ་ལྟ་བའི་དོན། །མ་ནོར་གསལ་མཛད་དགེ་སློང་དཔལ་ལྡན་ཞེས། །ས་གསུམ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །མངལ་གྱི་སྐྱོན་བྲལ་པདྨ་ལས་འཁྲུངས་ཤིང་། །སྦྱིན་ལ་སྤྱན་བཟང་སྩོལ་བའི་འཕགས་པ་མཆོག །དམ་ཆོས་སེངྒེའི་སྒྲ་ཡིས་མུ་སྟེགས་ཀྱི། །རི་དྭགས་སྐྲག་མཛད་ལྷ་ལ་ཕྱག་འཚལ་ལོ། །མི་ཕམ་མགོན་པོའི་ཞལ་གྱི་བདུད་རྩིའི་བཅུད། །རོ་ཡིས་ཀུན་ནས་མྱོས་ནས་གྲོལ་ཚུལ་བསྟན། །འགྲོ་ཀུན་རྒྱ་ཆེན་སྤྱོད་པའི་ལམ་བཟང་དེར། །ཐོགས་མེད་འགོད་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཐུབ་བསྟན་དབྱིག་འཛིན་གཞི་ལ་རྣམ་འགྱིང་ཞིང་། །དམ་ཆོས་གསེར་རིའི་བ་གམ་མངོན་པར་མཐོ། །སྐལ་བཟང་འགྲོ་ཀུན་ཐར་པར་འཁྲིད་པ་ཡི། །དེད་དཔོན་གཉེན་མཆོག་ཁྱེད་ལ་ཕྱག་འཚལ་ལོ། །ཚུལ་ལྡན་མང་དུ་ཐོས་པའི་ལུས་སྟོབས་དང་། །རྣམ་དཔྱོད་ཤིང་རྟ་གཅིག་གི་གོམ་སྟབས་ཀྱིས། །ས་ཆེན་བགྲོད་ནས་ལྟ་ངན་བསལ་མཛད་པའི། །ཕྱོགས་ལས་རྣམ་རྒྱལ་གླང་པོ་ལ་ཕྱག་འཚལ། །ཆོས་ཀྱི་རྔ་ཆེན་གང་ཞིག་བརྡུང་བའི་ཚེ། །འགྲོ་ཚོགས་མ་རིག་གཉིད་ལས་སློང་བྱེད་ཅིང་། །ཕས་རྒོལ་རི་དྭགས་ཚོགས་རྣམས་བྱེར་བྱེད་པའི། །གྲགས་པས་སྲིད་གསུམ་འགེངས་ཁྱེད་ལ་ཕྱག་འཚལ། །གཞོན་ནུའི་དུས་ནས་དྲི་མེད་སར་བཞུགས་ཤིང་། །ཕུལ་བྱུང་རྒྱལ་བ་གཉིས་པའི་མཛད་པ་ཅན། །བསྟན་པའི་ཉི་མ་ལེགས་བཤད་དཀྱིལ་འཁོར་གྱི། །ཐུགས་རྗེའི་གཟི་ལྡན་འོད་ལ་ཕྱག་འཚལ་ལོ། །ཤཱཀྱའི་དབང་པོའི་རྒྱལ་ཚབ་བསླབ་པའི་གཞི། །དམ་ཆོས་འདུལ་བའི་མཁའ་ལ་ཉེས་ཚོགས་ཀྱི། །ཆུ་འཛིན་དཀྲིགས་པ་རྣམ་པར་དེངས་བྱེད་ཅིང་། །ལེགས་བཤད་འོད་སྟོང་འགྱེད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པས་བདག་ཀྱང་ཚེ་རབས་ཀུན། །འཛམ་གླིང་མཛེས་གྱུར་རྒྱན་དྲུག་མཆོག་གཉིས་དང་། །བློ་གྲོས་བློ་རྩེ་མཛད་པ་མཉམ་གྱུར་ཏེ། །ཐོས་བསམ་སྒོམ་པས་རྟག་ཏུ་འདའ་བར་ཤོག །འཆད་རྩོད་རྩོམ་པའི་ཤེས་རབ་སྒྲོན་མེ་གསལ། །གསུང་རབ་ལྟ་བའི་མིག་དང་མི་འབྲལ་ཞིང་། །ཆོས་ཐོས་ཇི་བཞིན་མཛད་པའི་མཐུ་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པ་འདི་ཡང་འབྲི་གུང་པ་ཆོས་སྨྲ་བའི་དགེ་སློང་དཀོན་མཆོག་རཏྣས་སྦྱར་བའོ།། །།
[1] འབྲི་གུང་བཀའ་བརྒྱུད་ཆོས་མཛོད། པོད། ༼ཇེ༽ དཔེ་རིང་། ཤོག་གྲངས་ ༣༠བ༢ ནས་ ༣༡བ༣ བར་གསལ་ལོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།