ལྔ་པ། སྣ་ཚོགས་སྐོར།
༢༡༽ སྣ་ཚོགས་ ༼ཆོ༽ ༼ཇོ༽ གཉིས་ལ། རྒྱ་གར་སྐད་དུ། ཨཱརྱ་སནྡྷི་ནིར་མོ་ཙ་ནཾ་སཱུ་ཏྲ་སྱ་བྱཱ་ཁྱཱ་ན། བོད་སྐད་དུ། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ། བུ་སྟོན་ཆོས་འབྱུང་ལས[1]། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་ཆུང་། ཤླཽ་ཀ་ཉིས་བརྒྱ་ཉི་ཤུ། ཡེ་ཤེས་སྡེའི་འགྱུར། དགོངས་འགྲེལ་གྱི་འགྲེལ་པ་ཆེན་པོ་བམ་པོ་བཞི་བཅུ་ཙམ་ཡོད་པ།
འདི་ཐོགས་མེད་ཀྱིས་མཛད་ཟེར་ཏེ་མི་བདེན་ཏེ། དེའི་འཐད་པ་སྒྲུབ་པའི་རིགས་པའི་སྐབས་ནས། དེ་དག་གི་མཚན་ཉིད་རབ་ཏུ་དབྱེ་བ་ནི་དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལས་བྱུང་བ་བཞིན་དུ་བལྟ་བར་བྱའོ། །ཞེས་བོད་ཀྱི་བསྟན་བཅོས་ལ་ཁ་འཕངས་བྱས་ཤིང་། ཀུན་ལས་བཏུས་དང་། ཚད་མ་རྣམ་ངེས་ལ་སོགས་པའི་ལུང་དྲངས་པའི་ཕྱིར་རོ། །དེས་ན་བོད་ཀྱི་མཁས་པ་ཆེན་པོ་ཞིག་གིས་བྱས་པ་ཤེས་པར་བྱའོ། །ཀླུའི་རྒྱལ་མཚན་གྱིས་མཛད་པར་ཡང་སེམས། །ཞེས་གསལ་ལ། སྡེ་བསྟན་དཀར་ཆག་ལས་[2]ཀྱང་། འདི་འཕགས་པ་ཐོགས་མེད་ཀྱིས་མཛད་ཟེར་བ་མི་བདེན་ཏེ། འདིའི་འཐད་པ་བསྒྲུབས་པའི་གཏན་ཚིགས་ཀྱི་སྐབས་ནས། ལྷ་བཙན་པོ་བྱང་ཆུབ་རྫུ་འཕྲུལ་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ལ་བལྟ་བར་བྱའོ། །ཞེས་བོད་ཀྱིས་བྱས་པའི་བསྟན་བཅོས་ལ་ཁ་འཕངས་ཡོད་པའི་ཕྱིར་རོ། །སྔོན་གྱི་དཀར་ཆག་ལས། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་བམ་པོ་བཞི་བཅུ་ཞེས་བྱུང་བ་དེ་ཡིན་པར་སེམས་སོ། །ཞེས་བྱུང་བ་ལས། འདིར་མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ་བས་ཞིབ་ཏུ་དཔྱད་དགོས་པར་སྣང་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[3]། མདོ་སྡེ་དགོངས་པ་ངེས་པར་འགྲེལ་པའི་འགྲེལ་ཆེན་ཞེས་འཁོད་པ་བཅས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཆོ༽ ཚན་གྲངས་ ༡ ལེའུ་ ༩ ལྡེབ་ ༡ན༡ ནས་ ༢༩༣ན༧ བར་ཡིག་ཕྲེང་ ༤༠༨༤ ཚེག་ཁྱིམ་ ༢༥༧༩༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དགོངས་འགྲེལ། པོད་རྟགས། ༼ཅོ༽ ཚན་གྲངས་ ༡ ལེའུ་ ༩ ལྡེབ་ ༡ན༡ ནས་ ༣༥༢ན༨ བར་ཡིག་ཕྲེང་ ༥༦༡༡ ཚེག་ཁྱིམ་ ༢༥༧༩༢༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅོ༽ ཚན་གྲངས་ ༡ ལེའུ་ ༩ ལྡེབ་ ༡ན༡ ནས་ ༣༥༧ན༧ བར་ཡིག་ཕྲེང་ ༤༩༧༡ ཚེག་ཁྱིམ་ ༢༥༨༠༡༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཆོ༽ ཚན་གྲངས་ ༡ ལེའུ་ ༩ ལྡེབ་ ༡ན༡ ནས་ ༣༡༨ན༧ བར་ཡིག་ཕྲེང་ ༤༤༣༤ ཚེག་ཁྱིམ་ ༢༥༧༩༠༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས་ ༼ཆོ༽ དེབ་ཨང་ ༡༡༥ ཤོག་གྲངས་ ༡༠༠༩ ནས་ ༡༧༣༩ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༦
[2] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༤༡༡
[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༨༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༣ ནས་ ༢༣༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།