ཁ༽ ཇོ་བོ་རྗེ་རྒྱལ་བའི་ལུང་གིས་ཟིན་ཚུལ།
དེ་ཡང་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་ (1110-1170) མཛད་པའི་རབ་གནས་ས་བཅུ་མ་ཇོ་བོ་ལ་བསྟོད་པ་ལས[1]།
ས་བཅུའི་བྱང་ཆུབ་སེམས་དཔའ་འགྲོ་དོན་ལ། །
བསམ་བཞིན་སྲིད་པ་ཉེ་བར་བྷཾ་ག་ལར། །
སྐུ་འཁྲུངས་རིག་པའི་གནས་ལྔ་རབ་ཏུ་སྦྱངས། །
སྨོན་ལམ་སྟོབས་ཀྱིས་ཁ་བ་ཅན་དུ་བྱོན། །
ཞེས་བསྟོད་ཕྱག་མཛད་པ་ལྟར། ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[2]། ཇོ་བོ་ཆེན་པོ་འདི་ཉིད་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་དང་ཐུགས་མཉམ་དུ་བསྐྱེད་ཅིང་། སྟོན་པ་སངས་རྒྱས་པའི་དུས་རྒྱལ་སྲས་བཟང་སྐྱོང་ཞེས་པར་བཞུགས་ཤིང་། སྐལ་བཟང་འདི་ལ་སངས་རྒྱས་ཀྱི་མཛད་པ་སྟོན་པར་བཀའ་གདམས་[3]བླ་མ་རྣམས་ཀྱི་གསུང་ལས་འབྱུང་། སྐུ་སྐྱེ་བ་འདིའི་རྣམ་ཐར་ཐུན་མོང་དུ་གྲགས་པ་རྣམས་ལམ་ཡིག་ཏུ་འབྱུང་བ་དང་། ཐུན་མོང་མ་ཡིན་པ་སྣོད་མིན་ལ་གསང་བ་རྣམས་ཟུར་དུ་རྒྱས་བསྡུས་དུ་མ་སྣང་། ཞེས་གསུངས་པ་ལྟར་བསྐལ་པ་དཔག་མེད་ཀྱི་སྔ་རོལ་ནས་ཐུགས་བསྐྱེད་པ་ཞིག་ཡིན་པར་གསུངས་སོ།།
དེ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ (617-650) མཛད་པར་གྲགས་པའི་བཀའ་ཆེམས་ཀ་ཁོལ་མ་ལས[4]། ལྔ་བརྒྱ་ཐ་མའི་དུས་སུ་ནི། །རྒྱལ་པོ་འོད་ཀྱི་མིང་ཅན་འབྱུང་(བྱང་ཆུབ་འོད་དང་ཡེ་ཤེས་འོད)། བློན་པོ་ནོར་གྱི་མཐའ་ཅན་འབྱུང༌། །ལོ་ཙྪ་བ་ཡང་གཉིས་གསུམ་འབྱུང་(ནག་ཚོ་རྒྱ་བརྩོན་སེང་ལེགས་ཤེས)། ད་ལྟའི་རྒྱལ་པོ་ང་ཉིད་ཀྱང༌། །པཎྜི་ཏ་ཡི་མིང་ཅན་ནི། །དཱི་པཾ་ཀ་རར་(ཇོ་བོ་རྗེ)སྤྲུལ་ནས་སུ། །ཁ་བ་ཅན་འདིར་འོངས་ནས་ནི། །ཁ་བ་ཅན་གྱི་སེམས་ཅན་ལ། །མར་མེ་འཆི་ཁར་གསལ་བ་ལྟར། །རྟགས་ཙམ་འཛིན་གྱི་དུས་སུ་ཡང༌། །བསྟན་པ་ཤིན་ཏུ་གསལ་བ་འབྱུང༌། །ཞེས་དང་། ཡང་དེ་ཉིད་ལས[5]། ཤཱཀ་ཐུབ་འདི་ལ་བསྙེན་བཀུར་མཆོད་མང་བྱེད། །བསྐོར་བ་ཕུ་དུད་རིམ་གྲོ་བྱེད་པར་འགྱུར། །དེ་དུས་རྒྱལ་པོ་འོད་ཀྱི་མཐའ་ཅན་ནི། །བྱང་ཆུབ་སེམས་ལྡན་བློ་གྲོས་བརྟན་པ་འབྱུང་། །(བྱང་འོད་གཉིས) དེ་ཡིས་བྱང་ཆུབ་སེམས་དཔའི་པཎྜི་ཏ། །བསླབ་གསུམ་ལྡན་ཞིང་སྡོམ་གསུམ་དག་པ་ཡི། །མཁས་པ་སྒྲུབ་ལ་མངོན་པར་བརྩོན་པ་ནི། །རིགས་བཙུན་ (ཇོ་བོ་རྗེ) ཡོན་ཏན་ལྡན་པ་སྤྱན་དྲངས་ནས། །སྐུ་གཟུགས་འདི་ལ་བསྟོད་ཅིང་ཕྱག་ཀྱང་འཚལ། །བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་འགྱུར་ཏེ། །དེ་ཡིས་བསྟན་པ་ཤིན་ཏུ་རྒྱས་པར་བྱེད། །ཅེས་ཀྱང་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཕག་གྲུའི་བཀའ་འབུམ། ༼ཁ༽ རབ་གནས། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༢ན༥
[2] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༤༢
[3] བཀའ་གདམས་པ་ལའང་། བཀའ་གདམས་གདམས་ངག་པ་དང་། བཀའ་གདམས་གཞུང་པ་བ། བཀའ་གདམས་མན་ངག་པ་སྟེ་གསུམ་ལས། གཞུང་པ་བའི་གཞུང་གཙོ་བོ་གཞུང་དྲུག་ནི། བསླབ་སྤྱོད་གཉིས་སྤྱོད་པའི་གཞུང་དང་། སྐྱེས་ཚོམས་གཉིས་དད་པའི་གཞུང་། ས་རྒྱན་གཉིས་ནི་ཏིང་འཛིན་གྱི་གཞུང་ཞེས་མཁས་པ་རྣམས་ལ་ཡོངས་སུ་གྲགས་སོ།།
[4] བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༢༧༥
[5] བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༢༨༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩ ནས་ ༡༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།