ལྔ་པ། དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་དཀར་ཆག
ཀ༽ བསྟན་འགྱུར་ནང་བཞུགས་པའི་དཀར་ཆག
དང་པོ། རྒྱུད་ཀྱི་སྐོར།
༡༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་ཏཱ་ར་སྟོ་ཏྲཾ། བོད་སྐད་དུ། རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ། པཎྜི་ཏ་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བློ་གསལ་དགའ་སྐྱེད་ལས[1]། རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ་པཎྜི་ཏ་ཟླ་བ་གྲགས་པས་མཛད་པ།
དབས་ལོ་ཙཱ་བ་མཉྫུ་ཤྲཱིས་བསྒྱུར་བར་གསལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[2]། སྒྲོལ་མའི་བསྟོད་པ། པཎྜི་ཏ་ཟླ་བ་གྲགས་པས་མཛད། ཅེས་བྱུང་བ་འདི་གཉིས་གཅིག་ཡིན་ན་ལས། དེ་མིན་རྡོ་རྗེ་ཕག་མོ་སྒྲོལ་མའི་བསྟོད་པ་ལས་ཐ་དད་པའི་སྒྲོལ་མའི་བསྟོད་པ་ཞིག་བསྟན་འགྱུར་དུ་མི་གསལ་ཞིང་། མ་དཔེ་ལག་སོན་མ་བྱུང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ཤ༽ པ། ཚན་གྲངས་ ༤༢ ལྡེབ་ ༩༡ན༢ ནས་ ༩༡བ༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༩ ཚེག་ཁྱིམ་ ༣༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས་ ༼ལ༽ པ། ཚན་གྲངས་ ༤༡ ལྡེབ་ ༡༠༦བ༥ ནས་ ༡༠༧ན༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ལ༽ པ། ཚན་གྲངས་ ༤༠ ལྡེབ་ ༩༦ན༢ ནས་ ༩༦བ༢ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༠༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ཤ༽ པ། ཚན་གྲངས་ ༤༢ ལྡེབ་ ༩༡ན༢ ནས་ ༩༡བ༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༩ ཚེག་ཁྱིམ་ ༣༠༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ཤོག་གྲངས་ ༡༡༤༨ ནས་ ༡༡༤༩ བར་བཅས་སུ་བཞུགས་སོ།།
༢༽ རྒྱུད་ ༼ཧ༽ པ་ལ། རྒྱ་གར་སྐད་དུ། པྲ་དཱི་པོ་དྱོ་ཏ་ན་ནཱ་མ་ཊཱི་ཀཱ བོད་སྐད་དུ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། མཇུག་བྱང་ལས[3]། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་འདུས་པའི་རྒྱ་ཆེར་བཤད་པ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནཱ་གཱརྫུ་ནའི་མན་ངག་ལ་བརྟེན་ཏེ། སློབ་དཔོན་ཟླ་བ་གྲགས་པས་མཛད་པ། (༡) སྔ་འགྱུར།) རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །(༢) བར་འགྱུར།) རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ནཱ་ཀ་ར་བས་བཤད་ནས། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་ཞུ་གཏུགས་གཡར་འཁྲལ་འཚལ་བའོ། །(༣) ཕྱི་འགྱུར།) ཡང་སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་ནག་པོའི་ཞལ་སྔ་ནས་བཤད་ནས། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་བཅོས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཤིང་། རྒྱའི་སྐད་དུའང་བསྒྱུར་བཞིན་པ་ལགས་སོ།།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[4]། གྲོལ་བྱེད་དབང་གི་སྐོར་ལ། ས་གསུམ་གྱི་ཡིད་བཞིན་ནོར་བུ་གཅིག་པུ། ལེགས་བཤད་ཐམས་ཅད་ཀྱི་ཡང་རྩེ། ཟབ་གསང་བླ་མེད་ཀྱི་ལྡེ་མིག །རྒྱུད་སྡེ་ཀུན་གྱི་གསང་མཛོད་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གསལ་སྒྲོན་དང་། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་གཉིས་ཀྱི་བཤད་ལུང་། ས་གསུམ་གྱི་སྒྲོན་མེ་གཅིག་པུ་དཔལ་གསང་བ་འདུས་པའི་རྩ་རྒྱུད་རྩ་བར་བྱས་ནས། ཟླ་བའི་འགྲེལ་པ་སྒྲོན་གསལ། རྗེ་ཙོང་ཁ་པ་ཆེན་པའི་མཆན་འགྲེལ། བསྡུས་དོན། མཐའ་དཔྱོད་མྱུ་གུ་དང་བཞིའམ། དཔལ་ལྡན་སྟོད་རྒྱུད་པའི་ཕྱག་ལེན་ཇི་བ་བཞིན་རྒྱུད་རྩ་འགྲེལ་རྩ་བར་བྱས་ནས་རྗེའི་དཀྱུས་མཆན་ཟུར་མཆན་གཉིས། པཎ་ཆེན་བསོད་ནམས་གྲགས་པའི་གསང་འདུས་བསྐྱེད་རྫོགས་ཀྱི་བཀླགས་ལུང་བཅས་གསན་བཞེས་མཛད་དོ། །ཞེས་བྱུང་བ་ལྟར། དཔལ་ལྡན་ཟླ་བ་གྲགས་པའི་སྒྲོན་གསལ་འདི་ཉིད་ཀྱི་བཀླགས་ལུང་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གསན་བཞེས་མཛད་པར་གསུངས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ཧ༽ པ། ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༢ན༡ ནས་ ༢༠༡བ༢ བར་ཡིག་ཕྲེང་ ༢༧༩༨ ཚིག་རྐང་ ༧-༢༠༩། ༡༧-༤། ཚེག་ཁྱིམ་ ༡༦༤༧༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས་ ༼ས༽ པ། ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༢ན༡ ནས་ ༢༣༣ན༧ བར་ཡིག་ཕྲེང་ ༣༧༠༦ ཚིག་རྐང་ ༧-༢༠༩། ༡༧-༤། ཚེག་ཁྱིམ་ ༡༦༤༨༦༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ས༽ པ། ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༡ན༡ ནས་ ༢༢༤བ༢ བར་ཡིག་ཕྲེང་ ༣༡༡༢ ཚིག་རྐང་ ༧-༢༠༩། ༡༧-༤། ཚེག་ཁྱིམ་ ༡༦༤༨༦༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ཧ༽ པ། ཚན་གྲངས་ ༡ ལེའུ་ ༡༧ ལྡེབ་ ༡ན༡ ནས་ ༢༠༡བ༢ བར་ཡིག་ཕྲེང་ ༢༨༠༠ ཚིག་རྐང་ ༧-༢༠༩། ༡༧-༤། ཚེག་ཁྱིམ་ ༡༦༤༧༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ཨང་ ༡༥ པ། ཤོག་གྲངས་ ༨༢༩ ནས་ ༡༣༠༨ བར་བཅས་སུ་བཞུགས་སོ།།
༣༽ རྒྱུད་ ༼ཧ༽ པ་ལ། རྒྱ་གར་སྐད་དུ། ཥཊ་ཨཾ་ག་ཡོ་ག་ནཱ་མ་ཊཱི་ཀ །བོད་སྐད་དུ། (དཔལ་གསང་བ་འདུས་པའི་) སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བའི་འགྲེལ་པ། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ཧ༽ པ། ཚན་གྲངས་ ༢ ལྡེབ་ ༢༠༡བ༢ ནས་ ༢༠༣བ༤ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༨༤༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས་ ༼ས༽ པ། ཚན་གྲངས་ ༢ ལྡེབ་ ༢༣༣ན༧ ནས་ ༢༣༥བ༨ བར་ཡིག་ཕྲེང་ ༤༢ ཚེག་ཁྱིམ་ ༡༨༤༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ས༽ པ། ཚན་གྲངས་ ༢ ལྡེབ་ ༢༢༤བ༣ ནས་ ༢༢༧ན༣ བར་ཡིག་ཕྲེང་ ༣༦ ཚེག་ཁྱིམ་ ༡༨༤༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ཧ༽ པ། ཚན་གྲངས་ ༢ ལྡེབ་ ༢༠༡བ༣ ནས་ ༢༠༣བ༥ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༨༤༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ཨང་ ༡༥ ཤོག་གྲངས་ ༡༣༣༥ ནས་ ༡༣༤༠ བར་བཅས་སུ་བཞུགས་སོ།།
༤༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་བྱ་བ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[5]། ཤླཽ་ཀ་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་པ། ཞེས་བྱུང་། སློབ་དཔོན་ཟླ་བ་གྲགས་པས་མཛད་པའོ། །མཇུག་བྱང་ལས[6]། གཞུང་འདིའི་ཚད་ནི་རྐང་པ་དང་བཅས་པའི་བརྒྱ་ཕྲག་གཉིས་པའོ། ། (༡) སྔ་འགྱུར།) དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར་རོ། ། (༢) ཕྱི་འགྱུར།)སླད་ཀྱིས་དཔལ་ཐོ་ལིང་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་རཀྵི་ཏ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བཅོས་ཤིང་བཤད་དེ་ཞུས་ནས་གཏན་ལ་ཕབ་པའོ།།
ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་འབྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས[7]། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཙཎྜ་ཀིརྟིས་བྱས་ཟེར་བ་འདི་སྒྲོན་གསལ་མཁན་པོས་མཛད་པ་མིན་ཏེ། གཞུང་དེ་ཡབ་སྲས་དང་མི་མཐུན་པའི་ལྕགས་ཆུ་མེ་རླུང་གི་ར་བའི་སྲུང་འཁོར་མདོ་བསྲེས་དང་མི་མཐུན་པའི་ལུང་སྦྱོར་དུ་མ་སྣང་བ་དང་། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །ཅེས་པ་རྣམ་སྣང་སྒྱུ་དྲའི་ཁུངས་དེ་བདེ་མཆོག་གི་ལུང་ཁུངས་སུ་ནོར་བ་སོགས་སྣང་བས་སོ།།
ཡང་རྗེ་བཙུན་རེད་མདའ་བའི་གསུང་ལས། གཞུང་འདི་མདོ་བྱས་ཚིག་ལྷུག་ཏུ་བཏང་བ་ལྟ་བུ་ཞིག་འདུག་པས། འཕགས་པ་ཀླུ་སྒྲུབ་ཀྱིས་མདོ་བྱས་ཚིགས་བཅད་དུ་རྩོམ་གྲུབ་པའི་རྗེས་སུ། དཔལ་ལྡན་ཟླ་བས་དེ་ལྷུག་པར་བྱས་པ་ལྟ་བུའི་གཞུང་མི་རྩོམ་པས། བོད་ལྡོམ་གཅིག་གིས་བརྩམས་པ་ཡིན་ཞེས་འབྱུང་ཡང་། གཞུང་འདི་རྒྱ་གཞུང་ཡིན་པ་ལ་རྩོད་པ་མེད་དེ། འདིའི་རྒྱ་དཔེ་ཡང་ཡོད་པར་བཤད་ཅིང་། ལྷག་པར་ལ་ལི་ཏ་བཛྲ་དང་། ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་རྒྱ་འགྲེལ་ཁུངས་མ་ཡང་གཉིས་ཙམ་ཞིག་སྣང་བས་སོ། །དེས་ན་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་རྣམ་ཐར་དེ་ཉིད་ཀྱི་དངོས་སློབ་ལྷོ་པ་ཀུན་མཁྱེན་གྱིས་མཛད་པའི་གསན་ཡིག་གི་སྐབས་སུ་ཆོས་རྗེའི་གསུང་རྒྱུན་བཞིན་འབྲི་བར་མཛད་པ་ལས། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཤེས་རབ་འབྱུང་གནས་སྦས་པས་མཛད་པ་ཞེས་འབྱུང་བས། ཟླ་གྲགས་གཉིས་པ་སྟེ་པཎྜི་ཏ་གཞན་ཞིག་གིས་མཛད་པ་ཡིན་ལ། དེ་ཡང་ཚད་མའི་འགྲེལ་པ་མཛད་མཁན་གྱི་རྒྱན་མཁན་པོ་བྱ་བ་དེ་ཡིན་པར་ངོར་པའི་ཟིན་བྲིས་འགའ་ཞིག་ལས་བཤད་དོ། །ཞེས་བྱུང་བས་དཔྱད་དགོས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཡང་། རྒྱུད་འགྲེལ། ༼ངི༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[8]། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད། རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་རཀྵི་ཏ་དང་། ཁམས་པ་བ་རི་ལོ་ཙཱ་བས་མཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བསྒྱུར། ལྡེབ་གྲངས་ ༤༦༦ན། ༤༧༦ན། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་ཁག་བཞིར་བཞུགས་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་ནི། རྒྱ་གར་གྱི་སློབ་དཔོན་ལཱི་ལ་བཛྲ་ཞབས་ཀྱིས་མཛད་པ་ཞིག་ཡིན་པ་ལས། དཔལ་ལྡན་ཟླ་བས་མཛད་པ་མིན་ལ། གོང་གསལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དེ་ཉིད་འགྲེལ་པ་ལྟ་བུ་ཞིག་སྣང་བས། མཚན་བྱང་ཅུང་ཟད་མི་མཐུན་པ་བཀོད་པ་ཞིག་མིན་ནམ་སྙམ། དེ་མིན་ཆོས་ཚན་ཐ་དད་པ་ཞིག་མ་རྙེད་ཅིང་། སྒྱུར་བྱེད་ལོ་པཎ་གཅིག་མཚུངས་ཡིན་པ་ལྟར་ན། ཆོས་ཚན་གཅིག་རང་ཡིན་འདུག་སྙམ།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ངི༽ པ། ཚན་གྲངས་ ༡༩ ལྡེབ་ ༡༩༥བ༦ ནས་ ༢༠༤བ༦ བར་ཡིག་ཕྲེང་ ༡༢༧ ཚེག་ཁྱིམ་ ༦༦༩༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས་ ༼གི༽ པ། ཚན་གྲངས་ ༡༨ ལྡེབ་ ༡༦༨བ༢ ནས་ ༡༧༨ན༢ བར་ཡིག་ཕྲེང་ ༡༥༣ ཚེག་ཁྱིམ་ ༦༦༤༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼གི༽ པ། ཚན་གྲངས་ ༡༨ ལྡེབ་ ༡༦༦ན༧ ནས་ ༡༧༦ན༦ བར་ཡིག་ཕྲེང་ ༡༣༣ ཚེག་ཁྱིམ་ ༦༦༤༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ངི༽ པ། ཚན་གྲངས་ ༡༩ ལྡེབ་ ༡༩༦བ༥ ནས་ ༢༠༥བ༥ བར་ཡིག་ཕྲེང་ ༡༢༧ ཚེག་ཁྱིམ་ ༦༦༩༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ་ཤོག་གྲངས་ ༥༣༧ ནས་ ༥༥༨ བར་བཅས་སུ་བཞུགས་སོ།།
༥༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཨ་མྲི་ཏ་ཀུཎྜ་ལི་སཱ་དྷ་ན། བོད་སྐད་དུ། བདུད་རྩི་འཁྱིལ་བའི་སྒྲུབ་ཐབས། སློབ་དཔོན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ། མཇུག་བྱང་ལས[9]།
བསྐྲད་དང་མངོན་སྤྱོད་ལས་བྱ་བ། །འདུས་པའི་རྒྱུད་ཀྱི་མན་ངག་ནི། །
སློབ་དཔོན་ཀླུ་སྒྲུབ་ལས་རྙེད་པ། ཟླ་བ་གྲགས་པ་ཞེས་བྱས་བཤད། །
བདུད་རྩི་འཁྱིལ་བའི་རྣལ་འབྱོར་དང་བགེགས་བསལ་བའི་ཆོ་ག་རྫོགས་སོ། །སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ངི༽ པ། ཚན་གྲངས་ ༢༡ ལྡེབ་ ༢༠༩ན༣ ནས་ ༢༡༠ན༧ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༡༠༩༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས་ ༼གི༽ པ། ཚན་གྲངས་ ༢༠ ལྡེབ་ ༡༨༢བ༣ ནས་ ༡༨༤ན༤ བར་ཡིག་ཕྲེང་ ༢༦ ཚེག་ཁྱིམ་ ༡༡༢༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼གི༽ པ། ཚན་གྲངས་ ༢༠ ལྡེབ་ ༡༨༡ན༥ ནས་ ༡༨༢བ༧ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༡༡༢༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ངི༽ པ། ཚན་གྲངས་ ༢༡ ལྡེབ་ ༢༡༠ན༣ ནས་ ༢༡༡བ༡ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༡༠༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། རྒྱུད། ༼ངི༽ དེབ་ཨང་ ༡༨ ཤོག་གྲངས་ ༥༧༣ ནས་ ༥༧༦ བར་བཅས་སུ་བཞུགས་སོ།།
༦༽ རྒྱུད་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ས་མཱ་ཛཿཨ་བྷི་ས་མ་ཡ་ཨཱ་ལངྐ་ར་བྲིཏྟི། བོད་སྐད་དུ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[10]། སློབ་དཔོན་ཟླ་བ་གྲགས་པས་མཛད་ཟེར་བ་འདི་ནི་ཐེ་ཚོམ་གྱི་གཞི་གཅིག་སྣང་ངོ༌། །ཞེས་དང་། དེ་བཞིན་བུ་སྟོན་ཆོས་འབྱུང་ལས་[11]ཀྱང་། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དང་། སྒྲོན་གསལ་གྱི་འགྲེལ་བཤད་སློབ་དཔོན་འཕགས་པ་ལྷས་མཛད་པ་འདི་གཉིས་ཐེ་ཚོམ་གྱི་གཞིའོ། །ཞེས་གསལ་ནའང་། གཞུང་དངོས་ཀྱི་མཇུག་བྱང་ལས། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །ཞེས་པ་ལས་འདི་ལ་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[12]། ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ངི༽ པ། ཚན་གྲངས་ ༢༢ ལྡེབ་ ༢༡༠བ༡ ནས་ ༢༣༢བ༦ བར་ཡིག་ཕྲེང་ ༣༡༤ ཚེག་ཁྱིམ་ ༡༨༢༧༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས་ ༼གི༽ པ། ཚན་གྲངས་ ༢༡ ལྡེབ་ ༡༨༤ན༤ ནས་ ༢༡༠ན༧ བར་ཡིག་ཕྲེང་ ༤༢༠ ཚེག་ཁྱིམ་ ༡༨༡༨༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼གི༽ པ། ཚན་གྲངས་ ༢༡ ལྡེབ་ ༡༨༣ན༡ ནས་ ༢༠༩བ༡ བར་ཡིག་ཕྲེང་ ༣༧༢ ཚེག་ཁྱིམ་ ༡༨༢༠༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ངི༽ པ། ཚན་གྲངས་ ༢༢ ལྡེབ་ ༢༡༡བ༡ ནས་ ༢༣༣བ༦ བར་ཡིག་ཕྲེང་ ༣༡༤ ཚེག་ཁྱིམ་ ༡༨༧༧༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ ཤོག་གྲངས་ ༥༧༨ ནས་ ༦༣༤ བར་བཅས་སུ་བཞུགས་སོ།།
༧༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། ཟླ་བ་གྲགས་པ་སོགས་གྲུབ་ཐོབ་ལྔ་བཅུས་མཛད་པ། མཁའ་འགྲོ་མའི་གསང་མཛོད་ནས་ཕྱུང་སྟེ་རྗེ་དམ་པ་རྒྱ་གར་རིན་པོ་ཆེ་ལ་གནང་བ་ཞ་མ་ལོ་ཙཱ་བས་བསྒྱུར་བའོ[13]། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༤ ལྡེབ་ ༧༡བ༡ ནས་ ༧༤ན༧ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ། ༢༡༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༤ ལྡེབ་ ༩༠ན༨ ནས་ ༩༤ན༣ བར་ཡིག་ཕྲེང་ ༦༠ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༠༤ ལྡེབ་ ༧༧བ༢ ནས་ ༨༠བ༦ བར་ཡིག་ཕྲེང་ ༤༧ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༠༤ ལྡེབ་ ༧༡ན༧ ནས་ ༧༤ན༧ བར་ཡིག་ཕྲེང་ ༤༣ ཚིག་རྐང་ ༧-༢༡༥། ༩-༤། ༡༡-༡༦ ཚེག་ཁྱིམ་ ༢༡༧༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དེབ་ཨང་ ༢༧ པའི་ཤོག་གྲངས་ ༣༤༡ ནས་ ༣༤༩ བར་གསལ་བ་བཅས་སོ།།
༨༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཀཱ་རུ་ཎི་ཀ་ཀུ་བཱཀྱ་སྟོ་ཏྲཱ་དྷི་ཏིཥྵཱ་ཏ་ནཱ་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་རླབས་ཅན་ཞེས་བྱ་བ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟར་གྱུར་པ། མཐོང་ལམ་རྒྱུད་ལ་སྐྱེས་པའི་གང་ཟག །སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[14]། ལོ་ཙཱ་བ་བསོད་ནམས་རྣམ་རྒྱལ་གྱིས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ནུ༽ པ། ཚན་གྲངས་ ༤༠ ལྡེབ་ ༡༡༡ན༡ ནས་ ༡༡༢བ༣ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༩-༡༡༤ ཚིག་ཁྱིམ་ ༡༡༡༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས་ ༼ཉུ༽ པ། ཚན་གྲངས་ ༣༥ ལྡེབ་ ༡༢༥བ༦ ནས་ ༡༢༧ན༥ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༩-༡༡༤ ཚིག་ཁྱིམ་ ༨༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ཉུ༽ པ། ཚན་གྲངས་ ༣༧ ལྡེབ་ ༡༦༡བ༥ ནས་ ༡༦༣བ༦ བར་ཡིག་ཕྲེང་ ༢༨ ཚིག་རྐང་ ༩-༡༡༤ ཚིག་ཁྱིམ་ ༡༡༤༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས་ ༼ནུ༽ པ། ཚན་གྲངས་ ༤༠ ལྡེབ་ ༡༡༠བ༧ ནས་ ༡༡༢བ༣ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༩-༡༡༤ ཚིག་ཁྱིམ་ ༡༡༡༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ ཤོག་གྲངས་ ༤༤༦ ནས་ ༤༥༠ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༤
[2] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༡༣
[3] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ཨང་ ༡༥ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༣༠༧
[4] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༣༨
[5] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༥
[6] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༥༧
[7] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། པོད། ༼༡༡༽ འཕྲུལ་པར་དཔེ་རིང་། ཤོག་ ༢༥ན༤
[8] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༡༢༥
[9] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༧༦
[10] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་ ༡༡༣
[11] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༢༨༠
[12] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༢༨༨
[13] ཆོས་ཚན་འདི་ཉིད་ནང་། ཀླུ་སྒྲུབ་དང་། ཤཱནྟ་དེ་བ། ཕྱོགས་ཀྱི་གླང་པོ། ཟླ་བ་གྲགས་པ་བཅས་པཎ་གྲུབ་ཞལ་གྲངས་བཞིའི་ཚིགས་སུ་བཅད་པ་རེ་རེ་མཆིས་པ་ཟུར་འདོན་གྱིས་སློབ་དཔོན་སོ་སོའི་གསུང་གི་སྐབས་སུ་ཞལ་སྐོང་ཞུས་པའོ།།
[14] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༨༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༡༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།