༢༣༽ རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ།

༢༣༽ རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ།

 

རྩེ་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་ནི། ཕྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། དགུང་ལོ་ཆུང་ངུའི་དུས་ནས་རྩེད་ཐང་དགོན་པའི་ཆོས་གྲྭར་ཞུགས་ནས་རབ་བྱུང་དང༌། དགེ་ཚུལ། དགེ་སློང་བཅས་ཀྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་མདོ་སྔགས་གཉིས་ཀའི་ཆོས་གཞུང་ལ་ཐོས་བསམ་རྨད་དུ་བྱུང་བ་མཛད་ཅིང་། དེ་ནས་ལེགས་སྦྱར་གྱི་སྐད་ཡིག་ལ་སློབ་གཉེར་ཕུལ་དུ་ཕྱིན་པ་མཛད་དེ།

བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བར་མཛད།[1] སྒྱུར་རྩོམ་ནི་བསྟན་འགྱུར་ལས། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་ཡུལ་མ་ག་དྷ་ནས་བྱུང་བའི་དགེ་བསྙེན་དམ་པ་ཉི་མ་བས་མཛད་པ། དཔལ་ཀྱཻ་རྡོ་རྗེ་སྒྲུབ་པའི་ཐབས་ཌོམྦི་པས་མཛད་པ། ཀྱཻ་རྡོ་རྗེ་སྒྲུབ་པའི་ཐབས་ཀྱི་དཀའ་འགྲེལ་ཁ་ཆེ་དངུལ་གྱི་བུམ་པ་བས་མཛད་པ། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་རྣམ་པར་དག་པའི་གཏེར་ཞེས་བྱ་བ་ཨ་ཝ་དྷཱུ་ཏི་པ་གཉིས་མེད་རྡོ་རྗེས་མཛད་པ། དཱ་རི་ཀ་པས་མཛད་པའི་གྲུབ་མཐའ་བདུན་པ། སྲུང་བ་ལྔའི་མཆོད་པའི་ཆོ་ག་དང༌། གཟའ་དགུའི་མཆོད་པའི་ཆོ་ག་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་ཉིད་ཀྱི་སློབ་དཔོན་ཧང་ས་ཞེས་བྱ་བའི་གསུང་ཟིན་བྲིས་སུ་བགྱིས་པ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་སློབ་དཔོན་གསང་བས་བྱིན་གྱིས་མཛད་པ་རྣམས་དང་། ལྷག་པར་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པའི་བསླབ་པ་བཅུའི་ཆོ་ག་རྩེ་ཐང་ལོ་ཙཱ་བ་གཞོན་ནུས་སྒྲ་སྒྱུར་མཛད། ཡེ་དྷརྨའི་འགྲེལ་པ་སློབ་དཔོན་རྟག་པའི་རྡོ་རྗེས་གསུངས་པ་བཅས་བཞུགས་སོ།།[2]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༧༨

[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༩༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༤ ནས་ ༣༦༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *