ཇ༽ ལེགས་ལྡན་ཆེ་ཆུང་ངམ་སྔ་ཕྱིའི་སྐོར།

ཇ༽ ལེགས་ལྡན་ཆེ་ཆུང་ངམ་སྔ་ཕྱིའི་སྐོར།

 

དེ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ལ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་རིན་པོ་ཆེའི་སྒྲོན་མ། དབུ་མའི་དོན་བསྡུས་པ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་བཅས་ལྔ་བཞུགས་པ་ལས། དབུ་མ་རིན་ཆེན་སྒྲོན་མ་འདི་ཉིད་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་བཟང་ཡིན་མིན་ཐད་བོད་ཀྱི་མཁས་དབང་ཁག་བར་བཞེད་ཚུལ་མི་མཐུན་པ་ཡོད།

དེ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེས་ (1648-1721/1722) མཛད་པའི་གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ་ལས[1]། ཁ་ཅིག་འོག་མིན་ནི་ཁམས་གོང་དུ་མི་འདོད། རང་གི་སེམས་རྣམ་པར་དག་པ་ཙམ་ལ་འདོད་པ་དང་། ཡང་འོག་མིན་ན་གཞལ་ཡས་ཁང་མེད་པར་འདོད་པ་དང་། ཡང་ལོངས་སྐུའི་འཁོར་ལ་དག་ས་པའམ་ས་བཅུ་པ་བ་འབའ་ཞིག་གིས་ཁྱབ་པར་འདོད་པ་ཐམས་ཅད་མི་འཐད་པར་ཤིང་རྟ་ཆེན་པོའི་ལུང་གཉིས་ལས་སྒྲུབ་ལ། དབུ་མ་སྙིང་པོ་དང་། རྟོག་གེ་འབར་དང་། སྐྱབས་གསུམ་བདུན་ཅུ་པ། ལེགས་ལྡན་ཆུང་བའི་དབུ་མ་ཚུལ་དགུ་པ་སོགས་དང་འགལ་ཚུལ་འཆད་པར་འགྱུར་རོ། །ཞེས་དང་། ཡང་ཀུན་མཁྱེན་ (1648-1721/1722) གྲུབ་མཐའ་ཆེན་མོ་དེ་ཉིད་ལས[2]། མུ་སྟེགས་ཀྱི་གྲུབ་མཐའ་ཉེར་ལྔའི་ཕལ་ཆེར་སྟོན་པའི་དུས་ནས་ཡོད་ལ་སྟོན་པའང་ཉེར་ལྔ་སོགས་ཡོད་དེ། ལེགས་ལྡན་ཕྱི་མའི་གཞུང་ལས། སེར་སྐྱ་དང་གཟེགས་ཟན་དང་འུག་པ་དང༌། ཞེས་སོགས་གསུངས་པའི་ཕྱིར་ཞེས་དང་། ཡང་ཀུན་མཁྱེན་གྲུབ་མཐའ་ཆེན་མོ་ལས[3]། སྟག་ཚང་པས། སློབ་དཔོན་སྣང་བྲལ་ཟེར་བའང་ལེགས་ལྡན་གྱི་མིང་ཡིན་ལ། ལྟ་བ་བརྒྱ་རྩ་བཅུ་ཡང་དེར་བཤད་ཅིང༌། ལེགས་ལྡན་གཞན་པ་གཅིག་གིས་དབུ་མའི་གཞུང་ཆུང་གཅིག་ནའང་འདི་ལྟར་བཤད་དེ། ཞེས་པ་ལྟར་ལེགས་ལྡན་ལ་ཆེ་ཆུང་ངམ་སྔ་ཕྱི་གཉིས་བྱུང་བར་གསུངས་ཤིང་། སློབ་དཔོན་སྣང་བྲལ་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཡིན་ལ། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ལེགས་ལྡན་འབྱེད་མིན་པའི་ལེགས་ལྡན་གཞན་ཞིག་བྱོན་པར་གསུངས།

གཞན་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་དག་ཡིག་མཁས་པའི་འབྱུང་གནས་ལས[4]། ལྟ་བ་འདི་རྣམས་འདྲེན་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་རྟོག་གེ་འབར་བ་དང་། ལེགས་ལྡན་ཆུང་བའི་དབུ་མ་རིན་ཆེན་སྒྲོན་མ་གུང་བསྒྲིགས་ནས་བྲིས་པའོ། །ཞེས་དང་། ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་[5]ཀྱང་། དབུ་མ་རིན་ཆེན་སྒྲོན་མ་ནི་ལེགས་ལྡན་ཆུང་བས་མཛད་པ་ཡིན་གྱི་སློབ་དཔོན་འདིས་མཛད་པ་མིན་ནོ། །ཞེས་པ་ལས་རྒྱུ་མཚན་དམིགས་བསལ་མ་གསུངས་ཀྱང་། གལ་ཏེ་དབུ་མ་རིན་ཆེན་སྒྲོན་མའི་མཛད་པ་པོ་ལེགས་ལྡན་ཆུང་བ་ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་ཡང་དབུ་མ་ཐལ་འགྱུར་བ་ཞིག་ཡིན་པ་ལས་རང་རྒྱུད་པ་མིན་པ་སྟེ། དེ་ཡོད་པར་སྒྲུབ་བྱེད་ཀྱི་གཞུང་དབུ་མ་རིན་ཆེན་སྒྲོན་མ་ལས། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ཁོ་ན་ལ་ཁུངས་སུ་བཅོལ་བ་ལས་རང་རྒྱུད་པའི་ལུགས་གཞིར་བཞག་པའི་གཞུང་ཞིག་མིན་པས་དེ་གཉིས་ཀྱི་མཛད་པོ་གཅིག་ཏུ་འདོད་ནའང་མི་འཐད་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པས་དབུ་མའི་གཞུང་ཆུང་ཞེས་གསུངས་པ་ནི། དབུ་མ་རིན་ཆེན་སྒྲོན་མ་ཡིན་ཏེ། དེས་མཛད་པའི་དབུ་མའི་གཞུང་ཆུང་ཞེས་པ་དབུ་མ་རིན་ཆེན་སྒྲོན་མ་ལ་གོ་དགོས་པ་གཞུང་ལས་ཞེས་དྲངས་པའི་ཚིག་རྣམས་རིན་ཆེན་སྒྲོན་མར་ཇི་ལྟ་བ་བཞིན་ཡོད་པས་ཤེས་རྟོགས་ཐུབ་བོ།།

དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[6]། ལེགས་ལྡན་ཕྱི་མར་གྲགས་པའི་དབུ་མ་རིན་ཆེན་སྒྲོན་མ་ལས་ཀྱང་ལྟ་བའི་དབྱེ་བ་སུམ་བརྒྱ་སོགས་ཡོད་ཚུལ་བཤད་མོད། དེ་ཐམས་ཅད་ཀྱང་རྟག་པ་དང་ཆད་པར་སྨྲ་བ་གཉིས་སུ་འདུ་བར་མདོ་རྒྱུད་དུ་མ་ལས་གསུངས་ཤིང་། ཤིང་རྟ་ཆེན་པོ་དག་གིས་བཞེད་དོ། །ཞེས་གསུངས་པ་ལྟར། སློབ་དཔོན་ལེགས་ལྡན་འབྱེད་ལ་སྔ་ཕྱི་གཉིས་སམ་ཆེ་ཆུང་གཉིས་སུ་བྱོན་པར་གསུངས་ལ། དབུ་མ་རིན་ཆེན་སྒྲོན་མ་འདི་ཉིད་ལེགས་ལྡན་ཕྱི་མའམ་ལེགས་ལྡན་ཆུང་བར་གྲགས་པས་མཛད་པ་ལས། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་གཞུང་མིན་པར་གསུངས་མོད། འོན་ཀྱང་མིན་ལུགས་ཀྱི་རྒྱུ་མཚན་ཞིབ་གསལ་གསུངས་པ་གང་ཡང་མི་སྣང་།

ཡང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ (1737-1802) མཆོག་གིས་མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[7]། བཞི་པ་ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་པ་བཅོམ་ལྡན་འདས། རྗེ་བཙུན་འཇམ་དཔལ་དབྱངས། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་མཐིང་མིག་ཅན། འདི་ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས་ཏེ་མཁུར་ཚོས་གཉིས་ལ་སྨེ་བ་མཐིང་ག་ཟུང་མིག་དང་འདྲ་བ་ཡོད་པས་དེ་ལྟར་གྲགས། རྗེ་ལེགས་ལྡན་འབྱེད་ཕྱི་མའམ་ལེགས་ལྡན་འབྱེད་ཆུང་བ། རྗེ་པྲཛྙཱ་རསྨི། རྒྱ་ནག་སློབ་དཔོན་ཡེ་ཤེས་དཔལ། འདི་ལ་ཀླུ་སྒྲུབ་ཀྱི་ཉེ་བརྒྱུད་ཀྱང་ཡོད་པར་གདའ། ཞེས་མ་ཧཱ་ཙི་ནའི་ཡུལ་དུ་རིག་བྱེད་དང་གྲུབ་མཐའ་བྱུང་བ་དང་། ནང་པ་སངས་རྒྱས་པའི་ཆོས་ལུགས་བྱུང་ཚུལ་གྱི་སྐབས་སུ་ལེགས་ལྡན་སྔ་ཕྱིའམ་ཆེ་ཆུང་གི་ཐ་སྙད་གསལ་བར་འཁོད་དོ།།

གཞན་ཡང་མཁས་པའི་དབང་པོ་ཆོས་རྗེ་ངག་དབང་དཔལ་ལྡན་ (1797-?) གྱིས་མཛད་པའི་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དཀའ་གནད་མདུད་གྲོལ་བློ་གསལ་གཅེས་ནོར་ལས[8]། ༼ཝ༽ དྲང་སྲོང་བདུན་ནི། ལེགས་ལྡན་ཆུང་བའི་དབུ་མ་རིན་ཆེན་སྒྲོན་མེར་དངོས་སུ་དྲངས་པའི་མུ་སྟེགས་པའི་སྟོན་པ་སུམ་ཅུ་རྩ་གཅིག་གི་ནང་ནས། དབང་པོ་ནས་ས་ལ་དགའ་བའི་བར་ལ་བྱེད་པ་དང་། འབྲི་ཀུན་དང་ཨང་ཀི་ར་བ་སོགས་ལ་བྱེད་པའི་བཤད་ཚུལ་གཉིས་རྟོག་གེ་འབར་བ་ལས་བྱུང་བའི་དང་པོ་ལ་དབང་པོ་ལ་སོགས་པའི་མིང་ཅན་བརྒྱད་གསུངས་པས་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་མདོར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ལྕང་སྐྱ་རོལ་པའི་རྡོ་རྗེ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཆོས་རྗེ་ངག་དབང་དཔལ་ལྡན་རྣམ་པ་ལྔས་ལེགས་ལྡན་ལ་སྔ་ཕྱི་གཉིས་སམ་ཆེ་ཆུང་གཉིས་སུ་བྱོན་པར་གསུངས་པ་ལས། སྔ་མའམ་ཆེ་བ་ནི་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ལེགས་ལྡན་འབྱེད་དང་། ཕྱི་མའམ་ཆུང་བ་ནི་དེ་ལྟར་མིན་པར་དབུ་མ་རིན་ཆེན་སྒྲོན་མེ་མཛད་པ་པོ་ཡིན་པར་བཞེད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་ ༤༥༤

[2]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༥༦

[3]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༩

[4]  དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༢༦༩

[5]  གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༢༣༡

[6]  ལྕང་སྐྱ་གྲུབ་མཐའ་ཆེན་མོ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༡༤

[7]  ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༣༢

[8]  གྲུབ་མཐའ་ཆེན་མོའི་མཆན་འགྲེལ། གསུང་འབུམ། ༼ང༽ དཔེ་རིང་ཤོག་གྲངས་ ༡༢༣ན༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༧ ནས་ ༣༡༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *