༡༽ འགྲེལ་པ་དོན་གསལ་གྱི་དམིགས་བསལ་ཁྱད་ཆོས།

༡༽ འགྲེལ་པ་དོན་གསལ་གྱི་དམིགས་བསལ་ཁྱད་ཆོས།

 

དེ་ཡང་ཀུན་མཁྱེན་རོང་སྟོན་ཆོས་རྗེས་ (1367-1449) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པའི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ལས[1]།

གསུང་རབ་རལ་པའི་ཅོད་པན་གཙུག་ན་འཛིན། །

ལྟ་ངན་རི་དྭགས་འཇོམས་པའི་སྟོབས་ལྡན་ཞིང༌། །

སྤོབས་པའི་ཞབས་བརྟན་མི་འཇིགས་གདོང་ལྔ་པ། །

སྨྲ་བའི་སེང་གེ་བཟང་པོའི་ཞབས་པད་མཆོད། །

ཅེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོས་བསྟན་བཅོས་མང་དུ་མཛད་པའི་ཁྲོད་ནས་དཔེ་མཚོན་རང་བཞིན་དུ་གྱུར་པའི་བསྟན་བཅོས་གཅིག་ནི། འགྲེལ་པ་དོན་གསལ་ཡིན་ཏེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་བརྒྱུད་རྣམ་ཐར་ལས[2]། བདག་ཉིད་ཆེན་པོ་འདི་ནི་མཁྱེན་རབ་དང་ཐུགས་རྗེ་མཚུངས་པ་མེད་པ་དང་། རྗེ་བཙུན་བྱམས་པ་མགོན་པོས་བྱིན་གྱིས་བརླབས་པའི་མཐུས་འགྲེལ་པ་དོན་གསལ་ནི་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་རྣམས་ལ་ཤེར་ཕྱིན་གྱི་མདོ་སྡེ་བལྟ་བའི་མིག་ལྟ་བུར་གྱུར། ཞེས་བསྔགས་པ་དཔེ་མེད་མཛད་ལ། དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[3]། འོ་ན་རྒྱན་ལ་འགྲེལ་པ་དུ་མ་ཞིག་སྣང་ན་འདིར་གང་ལ་བརྟེན་ནས་འཆད་ཅེ་ན། འདིར་ནི་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་བའི་སྟེང་ནས་འཆད་དེ། དེ་ནི་ཚིག་ཉུང་ལ་དོན་འདྲིལ་ཞིང་གསལ་བས་འགྲེལ་པ་གཞན་ལས་ཁྱད་ཞུགས་པའི་ཕྱིར་རོ། །ཞེས་ཚིག་ཉུང་ལ། དོན་འདྲིལ་བ། ཁ་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཚུལ་ལས་བརྩམས་ཏེ་བསྔགས་པ་རྒྱ་ཆེར་མཛད་པས།  ཤེར་ཕྱིན་གྱི་མན་ངག་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཐམས་ཅད་ཀྱི་ནང་ནས་ཟླ་དང་བྲལ་བ་ནི། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་དང་། འགྲེལ་ཆེན་རྒྱན་གྱི་སྣང་བ་གཉིས་སུ་གསུངས་ལ། དེས་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་སློབ་པར་འདོད་པ་ཐམས་ཅད་ལ་སློབ་དཔོན་སེངྒེ་བཟང་པོ་འདི་ཉིད་བཀའ་དྲིན་མཚུངས་ཟླ་མེད་པར་གྱུར་ཅིང་། རྗེ་བདག་ཉིད་ཆེན་པོས་ཀྱང་ཕར་ཕྱིན་གྱི་གཞུང་ལ་སློབ་དཔོན་འདི་ཉིད་ཀྱི་གསུང་ཚད་མར་མཛད་དེ་སློབ་དཔོན་སེངྒེ་བཟང་པོའི་གསུང་བཟང་འདི་ལ་བསྔགས་བརྗོད་ཆེས་ཆེར་མཛད་དོ།།

དེ་ཡང་གཡག་སྟོན་སངས་རྒྱས་དཔལ་ (1350-1414) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་པ་དོན་གསལ་བ་དང་བཅས་པ་ལེགས་པར་བཤད་པ་རིན་ཆེན་བསམ་འཕེལ་དབང་གི་རྒྱལ་པོ་ལས[4]།

ཇི་ལྟ་ཇི་སྙེད་མཁྱེན་པའི་སྤྲིན་ཚོགས་ལས། །

མདོ་རྒྱན་བདུད་རྩིའི་ཆུ་རྒྱུན་ཕབ་བྱས་ནས། །

ཡང་དག་ལྟ་བའི་འབྲས་བུ་སྨིན་མཛད་དེ། །

འགྲོ་བློའི་དབུལ་བ་སེལ་མཛད་བཟང་པོ་རྒྱལ། །

ཞེས་བསྟོད་པ་མཛད་པ་ལྟར། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས[5]། མདོ་རྒྱན་སྦྱར་བ་དང་མ་སྦྱར་བའི་འགྲེལ་པ་ཇི་སྙེད་ཅིག་ཡོད་པའི་ནང་ནས་ཁྱད་པར་དུ་འཕགས་པ་ཚིག་ཉུང་ལ་དོན་གསལ་ཞིང་། བློ་མཆོག་དམན་ཀུན་གྱིས་འཇུག་པར་བདེ་བ། མངོན་པར་རྟོགས་པའི་རྒྱན་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་གའི་རྒྱན་དུ་འགྲེལ་བའི་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་ཆུང་དོན་གསལ་འདི་ནི་འཕགས་ཡུལ་གྱི་མཁས་པ་མཐའ་དག་གི་གཅེས་ནོར་དམ་པར་བཟུང་བར་མ་ཟད། ཡུལ་གངས་ཅན་གྱི་ལྗོངས་སུ་ནི་རྒྱན་གྱི་འགྲེལ་མཛད་ཐམས་ཅད་ཀྱིས་འགྲེལ་པ་འདི་ཁོ་ནའི་རྗེས་སུ་འབྲངས་ཤིང་ཚད་མར་བཟུང་བར་མཛད་དོ།།

བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་ཤེར་ཕྱིན་ལུང་གི་སྙེ་མ་ལས[6]། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལའང་ཤིང་རྟ་ཆེན་པོའི་སྲོལ་བཞིར་གྲགས་ཏེ། ཀླུ་སྒྲུབ་ཀྱི་སྙིང་པོའི་དོན་གཙོར་སྟོན་པ་དབུ་མ་རིགས་པའི་ཚོགས། ཕྱོགས་གླང་གི་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་བསྡུས་པ་བརྒྱད་སྟོང་པའི་དོན་བསྡུས། དཾཥྚ་སེ་ནའི་འབུམ་ཊཱིཀ་སྟེ་གསུམ་དང་། རྒྱལ་བ་མ་ཕམ་པས་མངོན་པར་རྟོགས་པའི་དོན་བསྟན་པ་ནི། ཟབ་ཅིང་རྒྱ་ཆེ་བ་ལ་འཇུག་པའི་གང་ཟག་ཕལ་ཆེར། མགྲོན་པོ་ཕྱོགས་བསླད་པ་ལྟར་རྨོངས་པར་གྱུར་པ་ལ་གཟིགས་ནས་ཡུམ་གྱི་དོན་མ་ལུས་པ་ཐུགས་ལ་བཞག་ནས་རྟོགས་དཀའ་བ་བདེ་བླག་ཏུ་རྟོགས་པའི་དོན་དུ་མངོན་རྟོགས་རྒྱན་མཛད་དོ།།

འདི་ལ་རྗེས་སུ་འབྲངས་པའི་འགྲེལ་པ་དེ་ཉིད་རྣམ་ངེས་ལ་སོགས་པ་འོག་ཏུ་འཆད་པར་འགྱུར་བ་བཞི་དང་། གཞན་ཡང་ཤཱནྟི་པས་དག་ལྡན་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་སྡུད་པའི་དཀའ་འགྲེལ་དང་། རཏྣ་ཀིརྟིས་གྲགས་ཆ་དང་། བུདྡྷ་ཤྲཱིས་ཤེས་རབ་སྒྲོན་མེའི་ཕྲེང་བ་དང་། ཨ་བྷས་གནད་ཀྱི་ཟླ་ཟེར་ལ་སོགས་པ་མཛད་དོ། །དེ་ལྟར་མཁས་པ་སྔ་མ་བཞིའི་ལེགས་བཤད་མཐོང་ཞིང་ལོ་བཅུ་བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་མཐར་བྱམས་པ་ཉིད་ཀྱིས་མདོ་དང་རྒྱན་དུ་སྦྱར་ཏེ་གསུངས་པ། སློབ་དཔོན་ཧ་རི་བྷ་དྲས་ཉི་ཁྲིའི་འགྲེལ་པ་དང་། བརྒྱད་སྟོང་འགྲེལ་ཆེན་དང་། སྡུད་འགྲེལ་རྟོགས་པར་སླ་བ་དང་། དོན་གསལ་འགྲེལ་པ་འདི་དང་བཞི་མཛད། འདི་ལ་རྒྱ་གར་ནས་འགྱུར་བའི་འགྲེལ་པ་ཀུ་ལནྟའི་རྟོགས་དཀའི་སྣང་བ། དྷརྨ་མི་ཏྲའི་ཚིག་གསལ། ནུབ་ཀྱི་སྒོ་གླེགས་པ་དང་ཁ་ཆེ་གཞོན་ནུ་དཔལ་གཉིས་ཀྱི་དོན་བསྡུས་ཏེ་བཞིའོ། །ཞེས་གསུངས་སོ།།

དེ་ཡང་མདོ་རྒྱན་སྦྱར་བའི་འགྲེལ་པ་ཐམས་ཅད་ཀྱི་ཐོག་མའམ་སྲོལ་འབྱེད་ལྟ་བུ་ནི། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་ཡིན་ལ། མདོ་རྒྱན་མ་སྦྱར་བའི་འགྲེལ་པ་ཐམས་ཅད་ཀྱི་ཐོག་མ་ནི། སློབ་དཔོན་གྱི་འགྲེལ་ཆུང་འདི་ཉིད་ཡིན་པར་མངོན་ནོ། །དེ་ཡང་སློབ་དཔོན་འདིས་དོན་གྱིས་དབང་གཉིས་ཤིག་གཟིགས་ནས་འགྲེལ་ཆུང་འདི་རྩོམ་པར་མཛད་དེ་མངོན་པར་རྟོགས་པའི་རྒྱན་ཡུམ་གསུམ་གའི་རྒྱན་དུ་སྟོན་པར་བཞེད་པ་དང་། མདོར་བསྡུས་ལ་དགའ་བའི་གདུལ་བྱ་རྣམས་ཀྱིས་དུས་ཡུན་ཐུང་ངུ་ཙམ་གྱིས་རྒྱན་དང་ཡུམ་གྱི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་དུའོ། །དེ་ལྟར་ཡང་། སྔོན་གྱི་སློབ་དཔོན་དག་གིས་བརྩམས་པའི་ཡུམ་གྱི་འགྲེལ་པ་འགའ་ཞིག་ནི་རྒྱན་དང་མ་སྦྱར་ལ། མདོ་རྒྱན་སྦྱར་བའི་འགྲེལ་པ་[7]རྣམས་ཀྱང་ཡུམ་རེ་རེ་མ་གཏོགས་གསུམ་ག་དང་མ་སྦྱར་བས། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་བྱའི་དོན་ལ་ཁྱད་པར་མེད་པ་དང་། རྒྱན་འདི་ཡུམ་གསུམ་གའི་རྒྱན་དུ་གོ་བར་བྱ་བའི་ཕྱིར་ཏེ།

ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཕྱིར། །[8]ཞེས་དང་།

མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང་། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །

དེ་ལྟ་མིན་ན་ཐམས་ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན། །[9]

ཞེས་གསུངས་པ་དང་། དེ་བཞིན་དུ་ཕྱི་རབས་ཀྱི་གདུལ་བྱ་བློ་དང་བརྩོན་འགྲུས་དམན་ཞིང་། ཁྱད་པར་དུ་ཡུན་རིང་པོའི་བར་གཞུང་ལུགས་ཆེན་མོ་ལ་ཉན་བསམ་བསྒོམ་པར་བྱ་བའི་གོ་སྐབས་ཀྱིས་དབུལ་བ་དག་རྗེས་སུ་བཟུང་བའི་ཕྱིར། དུས་ཡུན་ཐུང་ངུའི་ནང་མདོ་རྒྱན་གྱི་དགོངས་དོན་མཐའ་དག་ཁོང་དུ་ཆུད་པར་མཛད་པའི་སླད་དུ་སྟེ།

གོ་བར་སླ་ཕྱིར་ཚིག་དང་ནི། །ངག་སོགས་སྦྱོར་བ་མ་བྱས་པར། །[10]

ཞེས་གསུངས་པ་ཡིན་ནོ།།

གཞན་ཡང་མཁས་པ་རྣམས་ཀྱིས་མ་རྙེད་པའམ། ཡོངས་སུ་གསལ་བར་མ་མཛད་པའི་མདོ་རྒྱན་གྱི་དགོངས་དོན་ཁྱད་པར་མང་པོ་ཞིག་སློབ་དཔོན་འདིས་རྙེད་ཅིང་། དེ་དག་ཕྱི་རབས་ཀྱི་གདུལ་བྱ་ལ་སྟོན་པར་བཞེད་པའི་སྒོ་ནས་ཀྱང་འགྲེལ་ཆུང་འདི་མཛད་དེ།

འགའ་ཞིག་ཁོ་ནས་མ་རྙེད་པའི། །བསྟན་བཅོས་མཐའ་དག་འདི་དེ་ལྟར། །

རྙེད་པ་གང་དེ་ཡ་མཚན་ནོ། །[11]

ཞེས་གསུངས་སོ། །དེ་ཡང་ཡིན་ཏེ་ཐོགས་མེད་སྐུ་མཆེད་ཀྱིས་རྒྱན་སེམས་ཙམ་དུ་བཀྲལ་བ་དང་། འཕགས་པ་དོན་བཟང་ཡང་ཚིག་མ་འབྲེལ་བ་དང་། བཙུན་པས་བསྟན་བཅོས་མཐའ་དག་མ་རྙེད་པས་སོ། །ཞེས་ཆོས་བཤེས་ཀྱིས་བཤད་པ་ལྟར་རོ།།

དེ་ལྟར་སློབ་དཔོན་གྱིས་འགྲེལ་པ་འདི་ནི་རྒྱུ་མཚན་དུ་མའི་སྒོ་ནས་རྒྱ་འགྲེལ་གཞན་ལས་ཁྱད་པར་དུ་འཕགས་པས་ན། འཕགས་ཡུལ་གྱི་སློབ་དཔོན་ཕལ་ཆེ་བས་འདིའི་རྗེས་སུ་འབྲངས་པར་མ་ཟད། བོད་ཀྱི་འགྲེལ་བྱེད་ཐམས་ཅད་ཀྱི་འགྲེལ་ཆུང་འདི་ཁོ་ནའི་རྗེས་སུ་འབྲངས་ནས་འགྲེལ་བཤད་མཛད་ཅིང་། མདོ་རྒྱན་སྦྱར་ཚུལ་ཡང་རྒྱན་སྣང་གི་དགོངས་པ་ཁོ་ན་གཙོ་བོར་བཟུང་ཞིང་། སློབ་དཔོན་གྱིས་འཕགས་པ་རྣམ་གྲོལ་སྡེ་ཚད་མར་བཟུང་བས་བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་འཕགས་པའང་སློབ་དཔོན་དང་འདྲ་བར་ཁུངས་སུ་མཛད་ཅིང་། མདོ་རྒྱན་གྱི་དགོངས་པ་ཕྱེ་བ་ན་འཕགས་སེང་གཉིས་ཞེས་ཀུན་གྱིས་ཚད་མར་བཟུང་བའི་ཡུལ་དུ་གྱུར་ཏོ།།

འདིའི་མཚན་ལ་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ཞེས་པའམ། ཡང་ན་ཚིག་ལེའུར་བྱས་པའི་འགྲེལ་གསལ་བ་ཞེས་པ་ཙམ་ལས་མ་བྱུང་བས། འགྲེལ་པ་དོན་གསལ་ཞེས་པའི་མཚན་ནི་འཕགས་ཡུལ་དུ་མ་གྲགས་པར་སྣང་མོད། བོད་ཀྱི་འགྲེལ་མཛད་རྣམས་ཀྱིས་འགྲེལ་པ་འདིའི་ཚིག་དོན་གསལ་བའི་དབང་གིས་སམ། ཡང་ན་འདིའི་འགྲེལ་བཤད་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་ཚིག་གསལ་གྱི་ཟླས་དྲངས་ཏེ་དོན་གསལ་ཞེས་བརྗོད་པ་གང་ལྟར་ཡང་འདི་ལ་འགྲེལ་པ་དོན་གསལ་དང་། སློབ་དཔོན་གྱིས་མཛད་པའི་འགྲེལ་ཆུང་། ཞེས་བོད་ཀྱི་འགྲེལ་མཛད་པ་ཐམས་ཅད་ལ་གྲགས་སོ།།

འགྲེལ་པ་འདི་ལ་སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་འགྲེལ་བཤད་ཚིག་གསལ་དང་། གསེར་གླིང་པ་ཆོས་ཀྱི་གྲགས་པས་མཛད་པའི་འགྲེལ་བཤད་རྟོག་དཀའི་སྣང་བ། ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་བསྡུས་དོན་བཅས་རྒྱ་འགྲེལ་བོད་དུ་འགྱུར་བ་གསུམ་སྣང་ཞིང་། གོང་དུ་སྨོས་པ་ལྟར་བོད་འགྲེལ་ནི་བགྲངས་ཀྱིས་མི་ལང་བར་མཆིས་སོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རོང་སྟོན་བཀའ་འབུམ། ༼གཀ༽ དཔེ་གཟུགས། ཤོག་གྲངས་ ༢བ༣

[2]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༠༡

[3]  རྗེ་བདག་ཉིད་ཆེན་པོའི་གསུང་འབུམ། ༼ཙ་ཚ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡

[4]  གཞུང་འགྲེལ་སྐོར་ཤེར་ཕྱིན། གཡག་ཊཱིཀ །པོད། ༼༩༽ རྫོང་སར་ཁམས་བྱེའི་གློག་ཀླད་པར་མ། ཤོག་གྲངས་ ༢བ༡

[5]  མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་གླེང་བརྗོད། ཝཱཪ་ཎཱ་ཆེས་མཐོའི་སློབ་ཁང་། ཤོག་ ཀ ནས་ ལ་བར།

[6]  ཤེར་ཕྱིན་ལུང་གི་སྙེ་མ། སྟོད་ཆ། ཁམས་སྒར་གསུང་རབ་ཉམས་གསོ་རྒྱུན་སྤེལ་ཁང་། ༢༠༡༥ ལོ། ཤོག་གྲངས་ ༤

[7]  འགྲེལ་པ་ནི། རྣམ་པར་འབྱེད་པ་སྟེ། ཚིག་དོན་གཉིས་ལ་ཞིབ་མོར་འབྱེད་པ་ལ་རྒྱ་ཆེར་འགྲེལ། ཚིག་རེ་རེ་ནས་འབྱེད་པ་ལ་ཚིག་གི་འགྲེལ་པ། རྟོགས་པར་དཀའ་བའི་དོན་ཙམ་འབྱེད་པ་དཀའ་འགྲེལ། རྩ་བའི་དོན་བླངས་ཏེ་འབྱེད་པ་དོན་ཙམ་གྱི་འགྲེལ་པ། བལ་པོ་ཞི་གནས་ལྷས་མཛད་པའི་མཛོད་འགྲེལ་ལྟ་བུ། རྩ་བའི་དོན་བསྡུས་ཏེ་འབྱེད་པ་བསྡུས་དོན་གྱི་འགྲེལ་པ། རྩ་བའི་དོན་མདོ་དང་སྦྱོར་བ་མདོ་སྦྱོར་གྱི་འགྲེལ་པ། གཞན་གྱིས་གོ་སླར་བཞག་པ་འབྱེད་པ་གོ་སླའི་འགྲེལ་པ། ཞེས་བུ་སྟོན་རིན་ཆེན་གྲུབ་ཀྱི་ཤེར་ཕྱིན་ལུང་གི་སྙེ་མ། སྟོད་ཆ། ཁམས་སྒར་གསུང་རབ་ཉམས་གསོ་རྒྱུན་སྤེལ་ཁང་། ༢༠༡༥ ལོ། ཤོག་གྲངས་ ༧ གསུངས་སོ།།

[8]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༢༠༥

[9]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༣༥༣

[10]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༣༥༣

[11]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ཤོག་གྲངས་ ༢༠༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༥ ནས་ ༢༠༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *