ན༽ གསུང་བཟང་བསྟན་འགྱུར་དུ་མ་འཁོད་པ།
༡༽ སྨན་དཔྱད་ཟླ་བའི་རྒྱལ་པོ།
དེ་ཡང་བློན་པོ་བཀའི་ཐང་ཡིག་ལས[1]།
ཀླུ་སྒྲུབ་མཛད་པས་སོ་མ་རཱ་ཛ་དང་། །
བདུད་རྩིའི་ཐིགས་པ་བདུད་རྩི་བུམ་པ་དང་། །
ཞེས་གསལ་བ་ལྟར་སོ་མ་རཱ་ཛ་སྟེ་སྨན་དཔྱད་ཟླ་བའི་རྒྱལ་པོ་དང་། བདུད་རྩིའི་ཐིགས་པ[2]། བདུད་རྩིའི་བུམ་པ་[3]ཞེས་པ་གསུམ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་ཤིང་། སྔ་མ་མཇལ་དུ་ཡོད་ཀྱང་ཕྱི་མ་གཉིས་ཀྱི་མ་ཡིག་མ་རྙེད་ལ། སྔ་མ་སྨན་དཔྱད་ཟླ་བའི་རྒྱལ་པོ་ཀླུ་སྒྲུབ་ཀྱིས་མཛད་མིན་དོགས་གཞི་ཆེ་བས་དཔྱད་རྩོམ་རྒྱས་པ་ཟུར་དུ་ཡོད་པ་དེར་གཟིགས་པར་འཚལ་ལོ།། །།
༢༽ སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས།
དཀར་ཆག
༡) ཀླུ་རྒྱལ་ཞུས་ལན། ༼མངོན་རྟོགས་དང་པོ། ལེའུ་ ༣༥ མངོན་རྟོགས་གཉིས་པ། ལེའུ་ ༢༤ དང་། ཁྱོན་ཤོག་གྲངས་ ༡༠༧ ཡོད།༽
༢) ལྕགས་སྦུབ་མ་རྒྱ་ནག་གི་ལུགས། གཙང་བསྒོམ་ཆུང་ནས་བརྒྱུད་པ། ༼འདི་ལ་ལེའུ་ ༧ དང་། ཤོག་གྲངས་ ༡༠༩ ནས་ ༡༢༡ བར་བཞུགས།༽
༣) གསང་བའི་བདག་པོས་བདེ་བྱེད་མཁའ་འགྲོ་མ་ལ་གནང་བའི་མཛེ་བཅོས་དོན་པ་བཞུགས་སོ། །༼ཤོག་གྲངས་ ༡༢༢ ནས་ ༡༢༥ བར་བཞུགས།༽
༤) མཛེ་རིགས་བཅོ་བརྒྱད་ཀྱི་རྟགས་བཅོས་ཡོད་ལགས། རྡོ་རྗེ་བདེ་ཁྲོད་ཀྱི་དགོངས་པ་ལས་བྱུང་བ། ༼འདི་ལ་ལེའུ་ ༨ དང་། ཤོག་གྲངས་ ༡༢༦ ནས་ ༡༧༩ བར་བཞུགས་སོ།།༽
༥) དཔལ་མགོན་ཀླུ་སྒྲུབ་ཀྱི་མདོར་བསྡུས་གསང་ཏིག་སྒྲོན་མ་[4]བཞུགས་སོ། ། ༼འདི་ལ་ལེའུ་ ༧༢ དང་། ཤོག་གྲངས་ ༡༨༠ ནས་ ༣༠༨ བར་བཞུགས།༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས། བོད་ཀྱི་གསོ་རིགས་དཔེ་རྙིང་ཕྱོགས་སྒྲིག་གངས་རི་དཀར་པོའི་ཕྲེང་བ། ཞེས་དེབ་གཟུགས་སུ་ ༢༠༠༤ ལོར་འདོན་སྤེལ་ཡང་གནང་འདུག
༦) རིན་ཆེན་མདོ་རྒྱུད་གསོ་རིག་ལས་ཏི་ཀ་རྣམ་དྲུག་བཞུགས་སོ། ། ༼འདི་ལ་ལེའུ་ ༢༡ དང་། ཤོག་གྲངས་ ༣༠༩ ནས་ ༣༥༩ བར་བཞུགས།༽
༧) རྩ་ཡིག་ཉི་ཟེར་སྒྲོན་མེ་བཞུགས་སོ། ། ༼འདི་ལ་ལེའུ་ ༡༨ དང་། ཤོག་གྲངས་ ༣༦༠ ནས་ ༣༧༧ བར་བཞུགས།༽
གོང་གསལ་སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། ཞེས་པའི་ཕྱག་དེབ་ཏུ་གསལ་བའི་ཆོས་ཚན་ ༧ ཅན་གྱི་པོད་གཅིག་ཕྱི་ལོ་ ༢༠༠༨ ལོར་མི་རིགས་དཔེ་སྐྲུན་ཁང་ནས་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་ཁོངས་སུ་འདོན་སྤེལ་གནང་བའི་གསུང་འབུམ་འདི་ཉིད་ཀྱི་ཆོས་ཚན་རྣམས་བསྟན་འགྱུར་དུ་མི་གསལ་བས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསུང་འབུམ་དུ་ཞལ་སྐོང་ཞུས་པ་ལགས་སོ།། །།
༣༽ སློབ་དཔོན་ཀླུ་སྒྲུབ་ཀྱི་སྔོ་སྦྱོར་གསུམ་པ།
དེ་ཡང་བྲང་ཏི་དཔལ་ལྡན་རྒྱ་མཚན་ (དུས་རབས་13) གྱིས་མཛད་པའི་མན་ངག་གསེར་བྲེ་མའི་མཇུག་བྱང་ལས[5]། འཕགས་ཀླུ་སྒྲུབ་ཀྱིས་མཛད་པའི་སྔོ་སྨན་ཁྱད་པར་ཆིག་རྒྱུད་དུ་གྲགས་པ་འདི། སྔོ་སྨན་མཛུབ་ཁྲིད་དུ་བསླབས་ཤིང་གབ་ཡིག་ཏུ་བྲིས་འདུག་ནའང་། གཞན་ཕན་གྱི་བློས་མཛུབ་ཁྲིད་མི་དགོས་པར་གསལ་པོར་བྲིས་པ་ཡིན། ཨྠི།། ཞེས་བྱུང་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྔོ་སྦྱོར་གསུམ་པ་ནི། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་རྩོམ་སྒྲིག་ཚོགས་པས་བསྒྲིགས་པའི་མན་ངག་གསེར་བྲེ་མ་དང་དངུལ་བྲེ་མ་ཞེས་བྱ་བའི་ཤོག་གྲངས་ ༢༡༤ ནས་ ༢༡༦ བར་བཞུགས་པ་ལས་ཟུར་འདོན་གྱིས་ཞལ་སྐོང་ཞུས་པ་ལགས་སོ།། །།
༤༽ སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་རིན་པོ་ཆེའི་ཞལ་གདམས་ཆེན་མོ།
གཞན་ཡང་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་རིན་པོ་ཆེའི་ཞལ་གདམས་ཆེན་མོ།[6] ཞེས་པ་འདི་ཉིད་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། པོད་ ༼ཏ༽ ཁམས་བྲིས་དཔེ་རྙིང་ཤོག་གྲངས་ ༥༣ ནས་ ༥༥ བར་ཤོག་བུ་གསུམ་ཅན་ཞིག་བཞུགས་པ་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་པས་ཞལ་སྐོང་ཞུས་པའོ།། །།
༥༽ རེག་པ་རྩའི་པྲ་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ།
རེག་པ་རྩའི་པྲ་སྒྲུབ་ཀླུ་སྒྲུབ་ཀྱིས་མཛད་པ་ནི། གཞུང་དེ་ཉིད་ལས[7]། སྨན་བླ་དྲང་སྲོང་སྒྲུབས་ཐབས་འདི། །འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད། །ཅེས་བྱུང་། འོན་ཀྱང་བསྟན་བཅོས་འདིའི་མཆོད་བརྗོད་ནང་ཐོག་མར་སྨན་བླ་དང་། དེ་ནས་བྲང་ཏི་དཔལ་ལྡན་འཚོ་བྱེད་ཞབས་ལ་མཆོད་པར་བརྗོད་པ་སོགས་ལས། བསྟན་བཅོས་ཆ་ཚང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ཞིག་མིན་པར། གཞུང་དེ་ཉིད་ལས། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་གསུང་ངག་ཕྱག་ལེན་ཇི་བཞིན་དུ་བྲང་ཏི་དཔལ་ལྡན་རྒྱལ་མཚན་དག་གིས་ཞུས་པའོ། །ཞེས་གསལ་བ་ལྟར། བྲང་ཏི་དཔལ་ལྡན་རྒྱལ་མཚན་ (དུས་རབས་13པ།) མཆོག་གིས་གུང་བསྒྲིགས་པ་ཞིག་མིན་ནམ་སྙམ་ལ། གཡག་གི་གཟུགས་ཞེས་བོད་ཀྱི་ཐུན་མོང་མིན་པའི་སྲོག་ཆགས་ཀྱི་མིང་ཡང་བྱུང་བས་དཔྱད་དགོས་པར་སྣང་ངོ་།།
བསྟན་བཅོས་འདིའི་བརྗོད་བྱར་མཚོན་ན། གཞུང་དེ་ཉིད་ལས[8]། གནས་ལྔ་དག་ལ་མཁས་པའི་ཀླུ་སྒྲུབ་ལ། །དྲང་སྲོང་ཉི་ཤུ་རྩ་གཅིག་གིས། །སྨན་གྱི་དངོས་གྲུབ་བྱིན་ནས་སུ། །གསོ་བའི་མཆོག་ཏུ་གྱུར་པ་ཡིས། །སྨན་དཔྱད་ཀུན་ལ་མཁས་བྱའི་ཕྱིར། །དྲང་སྲོང་མངོན་ཤེས་སྒྲུབ་པའི་ཐབས། །རྩ་དང་ཆུ་དང་ཕྱི་ཡི་ཡུལ། །ཀུན་ལ་མ་ལྟོས་ནད་ངོས་འཛིན། །མོ་དང་རྩིས་ལ་མ་ལྟོས་པར། །གདོན་ངོས་འཛུག་ཚུགས་འཛིན་པ་དང་། །རྒྱུད་གཞུང་མན་ངག་དཔེ་ལ་མ་ལྟོས་པར། །སྨན་སྦྱོར་མ་ལུས་ཤེས་དང་། །ལག་ལེན་ཉམས་ལ་མ་ལྟོས་པར། །གཏར་སྲེག་དཔྱད་རྣམས་ཤེས་པའི། །སྒྲུབ་པའི་མན་ངག་གདམས་པ་འདི། །དྲང་སྲོང་རྣམས་ཀྱིས་བདག་ལ་ཕུལ། །ཞེས་བྱུང་བ་ལྟར་རོ།།
བསྟན་བཅོས་འདིའི་མན་ངག་གི་བརྒྱུད་རིམ་ནི། དེ་ཉིད་ལས[9]། གུ་རུ་ན་ག་ཛུ་ནས་ཤིན་ཏུ་ཟབ་པར་དགོངས་ནས། པདྨ་འབྱུང་གནས་ལ། དེས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ། དེས་གནམ་སྟེངས་བཅུ་གསུམ་ཀ་ཤུའི་ནང་དུ་སྦས། དེས་བྲང་ཏི་རྒྱལ་མཉེས་མཁར་བུས་སྟོན་ནས་བསྒྲུབས་པས་གྲུབ་ཅིང་རྟགས་ཐོན་པའོ། །དེ་ནས་རིམ་པར་བརྒྱུད་དེ་བྲང་ཏི་འཇམ་དཔལ་བཟང་པོ། དེས་བྲང་ཏི་རྒྱལ་བ་བཟང་པོ། དེས་བྲང་ཏི་དཔལ་ལྡན་འཚོ་བྱེད། དེ་ལ་བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གིས་ཞུས་ནས། བུ་དང་སློབ་མའི་དོན་དུ་གབ་སྦས་སེར་སྣ་སྤངས་ནས་ཡི་གེར་བཀོད། ཅེས་དང་། དེ་ཉིད་ལས[10]། སློབ་དཔོན་བཻ་རོ་ཙ་ནས་རྒྱ་ནག་ཡུལ་ནས་བསྒྱུར། དེ་ནས་གྲྭ་པ་མངོན་ཤེས། དེ་ནས་གཡུ་ཐོག་མགོན་པོ་ནས་རིམ་པར་བརྒྱུད་དེ་བྲང་ཏི་འཇམ་དཔལ་བཟང་པོ། བྲང་ཏི་རྒྱལ་བ་བཟང་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད། དེ་ལ་བྲང་ཏི་དཔལ་ལྡན་རྒྱལ་མཚན་བདག་གིས་ཞུས། བུ་རྣམ་རྒྱལ་དཔལ་བཟང་པོའི་ཆེད་དུ་ཡི་གེར་བཀོད་པ། ཞེས་བྱུང་ངོ་།།
སྐད་ཡིག་གང་ནས་ལོ་ཙཱ་བ་སུས་བསྒྱུར་བ་ནི། དེ་ཉིད་ལས། སློབ་དཔོན་བཻ་རོ་ཙ་ནས་རྒྱ་ནག་ཡུལ་ནས་བསྒྱུར། ཞེས་དང་། ཡང་དེ་ཉིད་ལས[11]། སློབ་དཔོན་བཻ་རོ་ཙ་ན་ཡིས། །རྒྱ་ནག་ཡུལ་ནས་བསྒྱུར་བ་ཡིས། །རྒྱུད་ནས་གསུངས་པའི་ངོ་མཚར་ཅན་གྱི་རྩ་བདུན་གསལ་བར་བྱེད་པའི་སྒྲོན་མེ་འདི། བཻ་རོ་ཙ་ནས་རྒྱུད་ཀྱི་བཙས་སུ་བཞག་གོ །ཞེས་ལོ་ཆེན་བཻ་རོ་ཙཱ་ནས་རྒྱའི་སྐད་ལས་བོད་སྐད་དུ་བསྒྱུར་བར་གསལ་ལོ། །གཞུང་འདི་ཉིད་བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས་གླེགས་བམ་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། བྲིས་མ་དཔེ་རྙིང་། འདྲ་བཤུས་ཡིག་ཆ། ཤོག་གྲངས་ ༡ ནས་ ༡༠ བར་བཞུགས་པ་ལས་ཟུར་འདོན་ཞུས་པའོ།། །།
༦༽ ནག་པོ་དགུ་སྦྱོར།
དེ་ཡང་བསྟན་བཅོས་ཀྱི་མཚན་བྱང་ལས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནག་པོ་དགུ་སྦྱོར། ཞེས་བྱུང་ལ། བསྟན་བཅོས་འདི་ཉིད་བསྟན་འགྱུར་དུ་མི་བཞུགས་ཀྱང་། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོའི་ (དུས་རབས་14པ།) གསུང་འབུམ་པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་ནས་ ༢༠༠༥ ལོར་པར་སྐྲུན་གནང་བའི་དེབ་གཟུགས་ཤོག་གྲངས་ ༣༢༥-༣༢༦ བར་གསལ་བ་ལས་བཏུས་ཤིང་། གཞུང་དེ་ཉིད་ལས[12]།
གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཡིས། །
ནག་པོ་དགུ་ཡི་སྦྱོར་བ་འདི། །རྒྱུད་སྡེ་ཀུན་ནས་བཏུས་པའོ། །
ཞེས་གསུངས་པ་ལྟར། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་རྒྱུད་སྡེ་ཀུན་ལས་བཏུས་པ་ཞིག་ཡིན་ལ། འདི་ནི་གསོ་བ་རིག་པའི་གཞུང་ཞིག་སྟེ། བསྟན་བཅོས་འདིའི་བརྗོད་བྱ་ནི། དེ་ཉིད་ལས། གིའུ་ཝང་དང་ནི་ཨ་རུ་ར། །བཙན་དུག་གླ་རྩི་ཤུ་དག་དང་། །གུར་གུམ་མུ་ཟི་ཤིང་ཀུན་རྣམས། །རྒྱུ་ཡི་སྣག་ཚས་གཞི་བླངས་ལ། ཕྱེ་མ་རིལ་བུ་གང་ཡང་རུང་། །ལུས་ལ་བྱུག་གམ་གདགས་པར་བྱ། །དགུ་ཡི་སྦྱོར་བ་འཚོགས་པ་ན། །གཅིག་ཏུ་ས་བདག་གཉེན་པོར་འགྱུར། །གཉིས་སུ་ཀླུ་ཡི་དུག་གསུམ་སེལ། །གསུམ་དུ་གཉན་གྱི་དུག་རྣམས་སེལ། །བཞི་རུ་ལྷོག་པ་དཀར་ནག་སེལ། །ལྔ་རུ་འབྲུམ་ནག་ཐུབ་པར་འགྱུར། །དྲུག་ཏུ་རྒྱུ་གཟེར་ཐུབ་པ་ཡིན། །བདུན་དུ་བལ་ནད་ཐུབ་པར་འགྱུར། །བརྒྱད་དུ་མཁྲིས་པ་རྩར་རྒྱུག་ཐུབ། །དགུ་རུ་འགོ་བའི་ནད་རྣམས་ཐུབ། །བྱིས་པའི་གདོན་ཆེན་བཅོ་ལྔ་ཐུབ། །ཅེས་ཕན་ཡོན་དང་བཅས་པ་གསལ་བ་འདི་ལྟར་རོ།། །།
༧༽ མཛེ་ནད་གསོ་བའི་མན་ངག་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོའི་ཞུ་ལན།
མཛེ་ནད་གསོ་བའི་མན་ངག་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོའི་ཞུ་ལན་སོགས་བཞུགས་སོའི་མཐའ་ཅན། ཤིང་པར་ཤོག་གྲངས་ ༢༦ ཅན་ལས་བཏུས་ཤིང་། གཞུང་འདིའི་བར་མཚམས་རྣམས་སུ་ཡིག་ཆུང་མང་དུ་སྣང་བ་དེ་ཙམ་མི་གསལ་བས་སྐབས་འདིར་མ་ཡིག་ལས། ཡིག་ཆུང་རྣམས་མི་དགོས་པར་བྱས་ལ། བསྟན་བཅོས་ཀྱི་མཚན་བྱང་ལས་སློབ་དཔོན་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་ཞུ་བ་ཞུ་ལན་གྱི་ལམ་ནས་མཛད་པ་ཞིག་སྟེ། བསྟན་བཅོས་དེ་ཉིད་ལས[13]། དགེ་སློང་དཔལ་དང་ལྡན་པ་ཡི། །ནཱ་ག་ཛུ་ནས་ཡང་གསོལ་པ། །ཀྱཻ་ཀླུའི་རྒྱལ་པོ་སྟག་ཤ་ཀ །གོང་དུ་གསུངས་པ་ས་འོག་གདོན། །དེ་དག་ཕོ་ཡི་རིགས་རྣམས་ཏེ། །དེ་རྣམས་དག་དང་འབྲེལ་བ་ཡི། །མོ་ཡི་གདོན་རྣམས་བསྟན་དུ་གསོལ། །དེ་སྐད་ཅེས་ནི་བཀའ་སྩལ་པ། །ཀླུ་ཡི་རྒྱལ་པོས་ཡང་གསོལ་པ། །ཞེས་སོགས་བྱུང་བ་ལྟར་མགོན་པོ་ཀླུ་སྒྲུབ་དང་ཀླུའི་རྒྱལ་པོ་སྟག་ཤ་ཀ་རྣམ་གཉིས་ཞུ་བ་ཞུ་ལན་གྱིས་མཛད་པའི་བསྟན་བཅོས་ལེའུ་སྟེ་སུམ་ཅུ་རྩ་བཞི་ཅན་ཞིག་གོ། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༨༦
[2] འདི་ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩི་ཐིག་པ་ཆོས་རྗེ་ཞང་སྟོན་ཞིག་པོས་མཛད་པ་ཡིན་འདུག
[3] གསོ་དཔྱད་གཏེར་མའི་སྐོར་ལ་བོན་པོ་དྲག་རྩལ་གྱི་སྨན་དཔྱད་བདུད་རྩིའི་བུམ་པའི་སྐོར་རྒྱས་པ་ཞེས་བྱུང་བས་དཔྱད་དགོས།
[4] མདོར་བསྡུས་གསང་ཏིག་སྒྲོན་མ་ནི། བོད་ཀྱི་གསོ་རིག་དཔེ་རྙིང་ཕྱོགས་བསྒྲིགས་གངས་རི་དཀར་པོའི་ཕྲེང་བ། ཞེས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༤ ལོར་ལོགས་སུ་དཔར་སྐྲུན་གནང་འདུག
[5] མན་ངག་གསེར་བྲེ་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༧༢༠
[6] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼ཏ༽ བྲིས་མ། ཤོག་གྲངས། ༢༤༣-༢༤༤
[7] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༥ན༡
[8] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༡བ༤
[9] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༤ན༡
[10] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༦ན༥
[11] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼༡༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་ ༡༠བ༡
[12] འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོའི་གསུང་འབུམ། པོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༣༢༥
[13] བཀའ་བརྒྱུད་སྔགས་མཛོད། ༼༨༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡༩ན༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༣ ནས་ ༣༢༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།