༡༥༽ མཇུག་བྱང་གི་གལ་གནད་དང་། བཀའ་བསྟན་གྱི་སློབ་དེབ།
མཇུག་བྱང་འདི་ཁྱེད་རང་ཚོ་རང་ཚང་མས་ལེགས་པར་ལྟ་དགོས་པ་ཡིན། ཞིབ་ཕྲ་བལྟས་ཚེ་གཞི་ནས་སངས་རྒྱས་པའི་ཆོས་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་ཤེས་རྟོགས་ཐུབ་པ་ཞིག་ཡིན། རྒྱུ་མཚན་ལ་དཔྱད་པ་གཏན་ནས་མི་བྱེད་པར་དེང་གི་ཐ་སྙད་སྡུག་པོ་ཞིག་གི་ཐོག་ནས་བརྗོད་ན། རྨོངས་དད་ཅེས་བརྗོད་པ་ལྟར། རྒྱུ་མཚན་གང་ཡང་མེད་པའི་དད་པ་ནི་ཧ་ལམ་རྨོངས་དད་ཡིན་ཅིང་། ནང་པ་སངས་རྒྱས་པའི་ཆོས་རང་ཉིད་རྨོངས་དད་མིན་ནའང་།
ཆོས་བྱེད་པ་པོ་རང་ཉིད་ཀྱིས་ཆོས་ཀྱི་གནས་ལུགས་གང་ཡང་མ་ཤེས་པར་དད་པ་ཙམ་གྱི་དབང་དུ་ཕྱིན་ན་རྨོངས་དད་དུ་གྱུར་ཡོད། དེས་སངས་རྒྱས་པའི་བསྟན་པ་ཡུན་དུ་མི་གནས་ལ། སྤྱིར་བཏང་གི་ཤེས་ཡོན་ཇི་ཙམ་གོང་མཐོར་ཕྱིན་པའི་ཚོད་ཀྱིས་རྨོངས་དད་ཇེ་ཉུང་དུ་འགྲོ་ངེས་ཡིན། རྒྱུ་མཚན་ལྡན་པའི་ཆོས་ཤིག་ཡིན་ན། ཇི་ཙམ་གྱིས་ཤེས་ཡོན་ཡོད་པ་དེ་ཙམ་གྱིས་དེར་དོ་སྣང་གསར་པ་སླེབས་པ་ཞིག་ཡིན།
དེས་ན་ཁྱེད་རང་ཚོ་ཁ་ཤས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བློར་བཟུང་ནས་འདོན་གྱིན་འདུག་པས་རྗེས་སུ་ཡི་རང་ཡོད། སྨོན་ལམ་བཏོན་པ་ལྟར་སྐུ་ཐང་ཡང་གསར་བཞེངས་གནང་འདུག །དེ་ལས་འདི་དག་གི་གཞུང་ལ་སློབ་གཉེར་བྱ་རྒྱུ་གལ་གནད་ཆེ་ཞིང་། པཎ་གྲུབ་དེ་དག་གི་རྗེས་འཇུག་རྣལ་མ་ཞིག་བྱེད་ཐུབ་ན་ལེགས། དཔེ་ཆ་བ་རྣམས་ཀྱིས་ཤེས་གསལ་ལྟར། དྲང་ངེས་ལེགས་བཤད་སྙིང་པོ་ནི་མཁས་པ་འདི་དག་གི་མཇུག་མཐུད་པ་ཞིག་སྟེ། རྒྱ་ཆེ་བའི་ལམ་གྱི་རིམ་པ་མིན་ནའང་། ཟབ་མོའི་ལམ་གྱི་རིམ་པ་དེ་མཁས་པའི་དབང་པོ་འདི་དག་ལ་ཁུངས་གཏུགས་ནས་གསུངས་པ་ཞིག་ཡིན་པ་དྲང་ངེས་ལེགས་བཤད་སྙིང་པོའི་ནང་ཧ་ཅང་གསལ་པོ་ཡོད།
དེ་ལྟར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཉིད་ཀྱི་ཐོག་ནས་ང་ཚོས་བསམ་བློ་ཅུང་ཟད་བཏང་ན། བོད་ཀྱི་སངས་རྒྱས་པའི་ཆོས་དེ་མཁས་པ་དེ་དག་གི་གཞུང་ལ་ཁུངས་གཏུགས་པ་ཞིག་ཡིན་པ་ཤེས་ཐུབ་ཅིང་། བླ་མ་འདི་དང་འདི་ཞེས་བྱ་བས་གསུངས་པ་དང་། བོད་ཀྱི་བླ་མ་འདི་དང་འདིས་གཏེར་ནས་བཏོན་པ་རེད་ཅེས་བརྗོད་པ་གཅིག་པུ་མིན་པར། གཏེར་ཆོས་དང་དག་སྣང་གང་ཞིག་ཡིན་ནའང་པཎ་གྲུབ་བཅུ་བདུན་གྱི་གཞུང་དང་མཐུན་ན་འགྲིགས་པ་ཞིག་ཡིན་ལ། པཎ་གྲུབ་བཅུ་བདུན་གྱི་གཞུང་དང་མི་མཐུན་པ་ཞིག་ཡིན་ན། གཏེར་ཆོས་ཡིན་ཞེས་བརྗོད་ཀྱང་སྐྱབས་སུ་མཆིའོ་ཞེས་འཇོག་རྒྱུ་དང་། དག་སྣང་ཡིན་ཞེས་བརྗོད་ཀྱང་དེ་ཙམ་ཞིག་རེད། མདོར་ན། སངས་རྒྱས་པའི་ཆོས་ཀྱི་གཞུང་ཐིག་ལྟ་བུ་ནི། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་བརྟེན་དགོས། ངོས་ལ་སྐྱེས་རབས་གོང་མའི་སྐད་ཆ་བཤད་རྒྱུ་མེད། འོན་ཀྱང་ངོས་རང་ཚེ་འདིར། རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས[1]།
སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།།
རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།།
རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག།
དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།།
ཞེས་གསུངས་པ་ལྟར་ཡིན། དེ་ཡང་སྟོན་དེའི་རྗེས་སུ་རབ་ཏུ་བྱུང་ཞིང་། སྟོན་པའི་གསུང་ལ་སློབ་སྦྱོང་དགའ་རབ་བྱས་ཡོད་ལ། སྟོན་པའི་གསུང་ལ་སློབ་སྦྱོང་བྱེད་པའི་དོ་སྣང་ཧ་ཅང་ཤུགས་ཆེ་སླེབས་སྐབས་པཎ་གྲུབ་བཅུ་བདུན་ལ་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་པ་ཞིག་ཡིན། དེ་སྔ་བོད་ལ་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་ཟླ་བ་གྲགས་པ་དང་། ཞི་བ་ལྷ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ་སོགས་ཚུད་མེད། དེ་དག་ངེས་པར་དུ་ཚུད་དགོས་ཀྱི་འདུག་སྙམ་སྟེ། པཎ་གྲུབ་བཅུ་བདུན་གྱི་མཚན་མཐོང་ཡར་བཏེགས་ན་ངོས་ལ་གསོལ་རས་རག་རྒྱུ་གང་ཡང་མེད་ཀྱང་། མཁས་པ་འདི་དག་གི་གཞུང་ལ་བལྟས་ནས་སངས་རྒྱས་ཀྱི་ཆོས་འཛམ་གླིང་འདིར་དགུང་དུ་འདེགས་ཐུབ་པ་ཞིག་ཡོང་ཐུབ་ཀྱིན་འདུག །
དེར་བརྟེན་ངོས་ནས་ཆེན་པོ་ཤེས་ཀྱི་མེད་ཀྱང་། གཞུང་ཆེན་པོ་འདི་དག་ལ་སློབ་སྦྱོང་བྱེད་པར་ཧ་ཅང་དོ་སྣང་བྱེད་ཀྱིན་ཡོད། དེང་སྐབས་ཀྱང་དུས་ཚོད་ཡོད་སྐབས། གཞུང་ཆེན་མོ་འདི་དག་ལ་ཅུང་ཟད་མིག་བཤེར་རྒྱག་པ་སོགས་ཀྱི་ལམ་ནས་མཇལ་གྱིན་ཡོད། དེར་བརྟེན།
སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །
རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།།
རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །
ཅེས་གསུངས་པ་ལྟར་ཆུང་ངུའི་སྐབས་ནས་དབུ་མའི་ལྟ་བའམ་སྟོང་ཉིད་ཀྱི་ལྟ་བར་ངོས་རང་དོ་སྣང་ཡོད། དེ་ཡང་ཕལ་ཆེར་རང་ལོ་བཅུ་གཉིས་བཅུ་གསུམ་སྐབས་ནས་ངོས་རང་སྟོང་ཉིད་ཀྱི་ལྟ་བར་དམིགས་བསལ་གྱིས་དོ་སྣང་ཡོད་ཅིང་། དེ་དག་གི་ཐོག་ཏུ་བསམ་བློ་མང་པོ་བཏང་། གཙོ་བོར་རྒན་དངོས་གྲུབ་ཚོགས་གཉིས་ལ་གོ་བསྡུར་ཞུ་བ་སོགས་མང་པོ་བྱས་ཡོད། མདོར་ན། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས[2]།
སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །
རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །
རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །
དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །
ཞེས་གསུངས་པ་ལྟར། ངོས་རང་ལ་རྗེས་མཐུན་པ་ཞིག་ཚང་གིན་ཡོད། དེ་ཡང་སྟོན་དེའི་རྗེས་སུ་རབ་ཏུ་བྱུང་བ་ནི་ཡིན། ལྷག་པར་རྨི་ལམ་ཚུན་ཆད་དུ་ངོས་རང་དགེ་སློང་ཡིན་སྙམ་པ་དེ་ཉིད་དྲན་བཞིན་ཡོད། རྒྱལ་བའི་གཞུང་ལ་ངོས་ནས་ཧ་ལས་པ་སྦྱོང་མི་ཐུབ་ཀྱང་། གང་ཐུབ་ཀྱིས་གཞུང་ལུགས་དེ་དག་བལྟས་ཤིང་། དེང་སྐབས་ཀྱང་དུས་ཚོད་མེད་ན་མ་གཏོགས། དུས་ཚོད་ཡོད་ཚེ་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་ལུགས་ཀློག་བཞིན་ཡོད། ས་སྐྱ་ལེགས་བཤད་ལས[3]།
རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པ་མ་གྱུར་ཀྱང༌། །
ཞེས་སང་ཉིན་ཤི་འགྲོ་བ་ཞིག་ཡིན་ནའང་། དེ་རིང་གཞུང་ལ་ལྟ་དགོས། ཚེ་འདི་ཉིད་སང་ཉིན་ནས་རྫོགས་ནའང་།
སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །
ཞེས་གསུངས་ཡོད། དེས་ན་སློབ་གཉེར་བྱ་རྒྱུ་ནི། མ་ཤི་བར་དུས་ཚོད་རྫོགས་རྒྱུ་མེད། ལྷག་པར་དགེ་བཤེས་རྣམས་ཀྱིས་ང་དགེ་བཤེས་བཞག་ཟིན་པ་ཡིན། ཞེས་དཔེ་ཆ་ལྟེབ་ཚིགས་བརྒྱབ་ནས་མཆོད་གཤོམ་ནང་བཞག་ན་མི་འགྲིག །དགེ་བཤེས་ཀྱི་དམ་བཅའ་བཞག་ཟིན་ནའང་དཔེ་ཆ་མུ་མཐུད་ནས་ལྟ་དགོས་པ་ཧ་ཅང་གལ་འགངས་ཆེན་པོ་རེད། དུས་ཚོད་ཅུང་ཟད་འགོར་སོང་ནའང་། དེ་དག་གལ་གནད་ཆེན་པོ་ཡིན་སྟབས། ངོས་ནས་འགྲེལ་བཤད་བྱས་པ་ཡིན།
མདོར་ན། སངས་རྒྱས་པའི་ཆོས་བྱེད་མཁན་སུ་ཞིག་ཡིན་ནའང་དུས་རབས་ཉེར་གཅིག་པའི་སངས་རྒྱས་པའི་ཆོས་པ་ཞིག་བྱེད་དགོས། ཞེས་ངོས་ནས་འབོད་སྐུལ་བྱས་དང་བྱེད་མུས་ཡིན། བོད་པ་གཙོར་གྱུར་གྱི་སངས་རྒྱས་པའི་ཆོས་བྱེད་ཚང་མས་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་བྱེད་དགོས། དུས་རབས་ཉེར་གཅིག་པའི་ཆོས་པ་ཞེས་པ་གང་ཞེ་ན། བོད་པར་ཆ་མཚོན་ན། དངོས་གནས་བྱས་ན་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་རྣམས་ང་ཚོའི་སློབ་དེབ་ཡིན། ང་ཚོས་མཆོད་འབུལ་བྱེད་ཡུལ་ལྟ་བུ་རྩ་ཆེར་བརྩིས་ཏེ་དགོན་པ་དང༌། གཙུག་ལག་ཁང་། ལྷ་ཁང༌། ཁྱིམ་ཚང་འདི་དང་འདིར་བཀའ་བསྟན་ཆ་ཚང་བཞུགས་ཡོད་ཅེས་སྐབས་རེ་རྒྱུ་ངོམ་བྱེད་པ་ལྟ་བུ་དང༌། སྐབས་རེ་ཕྱག་དང་མཆོད་འབུལ་བྱེད་ཡུལ་དུ་བརྩིས་པ་ལྟ་བུ་བྱེད་པ་ནི་ནོར་བ་ཡིན། བཀའ་བསྟན་རྣམས་ཕྱག་དང་མཆོད་འབུལ་གྱི་ཡུལ་ཡིན་པ་སྨོས་ཅི་དགོས། འོན་ཀྱང་དེ་དག་ལ་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་སློབ་སྦྱོང་བྱེད་དགོས་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན།
གཞུང་དེ་དག་ནས་སངས་རྒྱས་པའི་ཆོས་ངོ་སྤྲོད་གནང་སྐབས། དཔེར་ན། རྒྱ་གར་མཁས་པའི་གཞུང་ལས་མགོན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དང༌། ཨཱརྱ་དེ་ཝའི་དབུ་མ་བཞི་བརྒྱ་པ། ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་དང༌། དབུ་མ་སྙིང་པོ་རྩ་འགྲེལ། མཁན་ཆེན་ཞི་བ་འཚོའི་ཚད་ཆེན་སོགས་ཀྱི་རྩ་འགྲེལ་དེ་དག་ནང་རྒྱ་གར་འཕགས་པའི་ཡུལ་དུ་དེའི་ཚེ་དེའི་དུས་སུ་ཡོད་པའི་ནང་པའི་གྲུབ་མཐའ་མིན་པའི་གྲུབ་མཐའ་གཞན་ལའང་དཔྱད་ཞིབ་གནང་ཡོད། དེ་ཡང་ཕྱི་རོལ་པའི་གྲུབ་མཐར་དཔྱད་ཞིབ་གནང་སྐབས་ལུང་ཁས་མི་ལེན་ཞིང་། རིགས་པ་ཁོ་ནའི་ཐོག་ནས་འགྲོ་དགོས་པ་ལས་ལུང་གི་སྒྲུབ་བྱེད་འགྲོ་ཐབས་མེད། དེར་བརྟེན་རྒྱ་གར་གྱི་གྲུབ་མཐའ་ཧ་ཅང་མང་པོའི་ཁྲོད་ནས་སངས་རྒྱས་པའི་ལྟ་གྲུབ་འཚར་ལོངས་བྱུང་བས་ན། གཞུང་དེ་དག་ཚད་དང་ལྡན་པ་ཡིན་ལ། གཞུང་ལུགས་དེ་དག་མཛད་པ་པོའི་སློབ་དཔོན་རྣམས་ཀྱང་རིགས་པ་སྨྲ་བའི་ཁྱུ་མཆོག་ཤ་སྟག་ཡིན། སློབ་དཔོན་དེ་དག་གིས་ལུང་ཙམ་ལ་ཆ་འཇོག་མི་བྱེད་པར་རིགས་པ་ཁོ་ནའི་ཐོག་ནས་བརྡར་ཤ་བཅད་པར་མ་ཟད། ལུང་ལའང་སྒྲ་ཇི་བཞིན་པར་ཁས་བླང་དུ་རུང་བ་དང་མི་རུང་བའི་རྣམ་དབྱེ་ཕྱེ། དེ་ཡང་བཅོམ་ལྡན་འདས་རང་ཉིད་ཀྱིས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
བླང་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་བཅོམ་ལྡན་འདས་ཉིད་ཀྱི་བཀའ་ལ་བརྟག་དཔྱད་བྱེད་དགོས་ལ། བརྟག་དཔྱད་བྱས་ནས་ངེས་པ་རྙེད་པ་ཞིག་འདུག་ན་ཉམས་སུ་བླང་དགོས་པ་ལས། བཅོམ་ལྡན་འདས་ཀྱི་བཀའ་ཡིན་པ་ཙམ་གྱིས་ཁས་ལེན་དགོས་དོན་མེད་ཅེས་གསུངས་པ་ལྟར། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་རྒྱལ་བའི་བཀའ་ལ་དཔྱད་པ་གནང་ཡོད།
དེ་ཡང་རྒྱལ་བའི་བཀའ་ཉིད་ལ་བཀའ་གང་ཞིག་ལ་རིགས་པས་གནོད་ཀྱིན་འདུག་ན་སྒྲ་ཇི་བཞིན་པར་ཁས་མི་ལེན་པ་དང༌། བཀའ་གང་རུང་ཞིག་གི་ལུང་དོན་ལ་རིགས་པའི་གནོད་པ་མེད་པར་རིགས་པའི་སྒྲུབ་བྱེད་དང་ལྡན་ན། སྒྲ་ཇི་བཞིན་པར་ཁས་བླངས་པའི་ཐོག་ཏུ་འགྲོ་བཞིན་ཡོད། དེས་ན་རང་གི་སྟོན་པའི་བཀའ་ལ་དཔྱད་པ་བྱེད་བཞིན་ཡོད་ན། སྟོན་པ་གཞན་གྱི་བཀའ་ལའང་དཔྱད་པ་གནང་བ་ཆོས་ཉིད་ཡིན། དཔྱད་པ་བྱས་ཏེ་རིགས་པས་བཀག་པ་དང་། རིགས་པས་བསྒྲུབས་པའི་ཐོག་ཏུ་འགྲོ་བཞིན་ཡོད་པ་འདི་དག་ལེགས་པར་ཤེས་ན། དུས་རབས་ཉེར་གཅིག་པའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞེས་པ་ཞིག་ཡོང་ཐུབ་པ་ཡིན། དེ་མིན་སྐྱབས་སུ་མཆི་ཞེས་དང༌། ངའི་ཕ་མ་ནང་པ་ཡིན་པས་ང་ཡང་ནང་པ་ཡིན་ཞེས་བརྗོད་ན་བརྟན་པོ་གང་ཡང་མེད། རྒྱུ་མཚན་དེ་ལྟར་ཡིན།
དེང་སྐབས་ང་རང་ཚོའི་ནང་ལའང་འདི་ལྟར་ཡོང་གྲབས་བྱེད་བཞིན་ཡོད། དེ་ཡང་ང་ཚོ་བོད་རིགས་ཀྱི་ཁྲོད་ནས་དེང་དུས་ཀྱི་ཤེས་ཡོན་དང་ཕྱི་ཡི་ཁྲ་ཁྲ་ཟང་ཟིང་མང་པོ་ཞིག་མཐོང་བ་དང་། ཚུར་ངོས་ཆོས་ཕྱོགས་ཀྱི་ཐོག་ལ་བསམ་བློ་གཏོང་སྐབས། དེ་སྔའི་བོད་ཀྱི་སྤྱི་ཚོགས་ནང་དབང་རྟུལ་དད་པའི་རྗེས་འབྲང་གི་རྨོངས་དད་ཀྱི་འགྲོ་སྟངས་ལྟ་བུ་ཞིག་མཐོང་བ་ལས། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་རྣམས་མ་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་སྐུར་བ་འདེབས་མཁན་དེང་སྐབས་ཀྱང་ཡོང་གིན་འདུག །མི་ཤེས་པ་རྣམས་ཀྱི་ཁྲོད་ནས་སྐུར་བ་འདེབས་ཀྱི་མེད་པར་ཤེས་ཡོན་ཅུང་ཟད་ཡོད་པའི་ཁྲོད་ནས་སྐུར་བ་འདེབས་བཞིན་ཡོད། དེ་དག་དབང་རྟུལ་དད་པའི་རྗེས་འབྲང་གིས་ཡིད་མ་ཚིམས་པ་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་རྣམས་མ་ཤེས་པའི་བར་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཆེ་མཐོང་དེ་ཙམ་མི་བྱེད། དེ་དག་མ་ཤེས་པའི་དབང་གིས་བྱུང་བ་ཡིན་པས་ཁག་མེད། ད་ལྟའི་མི་རབས་རྣམས་དེ་ལྟ་བུའི་ཐོག་ཏུ་སླེབས་བཞིན་ཡོད། འདི་ལྟའི་མི་རབས་ཀྱི་ཐོག་ཏུ་སླེབས་སྐབས། ད་ལྟ་ཁྱེད་རང་ཚོའི་མི་རབས་དེ་དག་གིས་གཟབ་ནན་ཐོག་དཔེ་ཆ་ལྟ་རྒྱུ་དང་། དཔེ་ཆ་དེ་ཡང་རང་དགར་ལྐུག་པའི་ཨུ་ཚུགས་དང་། རྨོངས་དད་ཀྱིས་བལྟས་པ་ལྟ་བུ་མིན་པར་བསམ་བློའི་སྒོ་མོ་ཡོངས་སུ་ཕྱེ་བའི་ཐོག་ནས་སློབ་གཉེར་བྱེད་དགོས། སྤྱིར་ནང་པའི་གཞུང་ཆེན་མོ་བལྟ་རྒྱུ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཐོག་མར་བློ་མིག་འབྱེད་ཅིང་། དེ་རྗེས་དཔྱད་ཞིབ་བྱས་ནས་འགྲོ་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
དངོས་ཡོད་གནས་ཚུལ་ལའང་ཕྱོགས་གཅིག་ནས་བལྟས་ན། ད་བར་ངོས་ཀྱིས་འཇོན་མིན་ཇི་ལྟར་ཡང་འདི་ལྟར་བྱེད་བཞིན་ཡོད། ད་ཆ་ངོས་རང་ལོ་ན་ ༨༠ བརྒལ་ནས་ ༨༡ ཐོག་ཏུ་སླེབས་བཞིན་ཡོད། གཟུགས་པོ་ཅུང་ཟད་ཐང་ཆད་ཀྱིན་འདུག །ད་དུང་ལོ་བཅུ་བསྡད་ན་ལོ་ ༩༠ དང་། དེ་ནས་ལོ་ ༡༠ བསྡད་ན་ལོ་ ༡༠༠ དེ་ནས་སྡོད་ཀྱི་མ་རེད། དེ་ནི་གཏན་འཁེལ་བ་ཞིག་ཡིན། ད་ནི་ཁྱེད་རང་ཚོ་མི་རབས་གཞོན་པ་རྣམས་ཀྱིས་འགན་འཁྱེར་དགོས་པ་ཡིན། རིམ་བཞིན་ངོས་རང་མེད་པར་གྱུར་འགྲོ་བ་ཡིན། ད་བར་མི་མང་པོ་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་བཞུགས་ཡོད་པས་བསྟན་པ་འཛིན་གྱི་རེད་ཅེས་སོགས་བརྗོད་པ་དེ་ལྟར་མིན། ག་ལེར་ངོས་རང་མེད་པར་གྱུར་ཚར་ན། ཁྱེད་རང་ཚོའི་མི་རབས་དེ་དག་གིས་འགན་འཁྱེར་བའི་དུས་སུ་སླེབས་ཡོད། དེར་བརྟེན་ད་ལྟ་སློབ་གཉེར་བྱེད་བཞིན་པ་འདི་དག་བོད་སྤྱིའི་བསྟན་པ་ཧ་ཅང་ཕྱུག་པོ་ཞིག་ཡོད་པ་དེ་དག་མི་རབས་ནས་མི་རབས་བར་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ལས་འགན་ཁྱེད་རང་ཚོས་འཁྱེར་དགོས་པ་དང་། ལྷག་པར་བོད་པའི་རབ་བྱུང་མ་རྣམས་ཀྱང་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག །དེ་དག་ཁྱེད་རང་ཚོའི་སེམས་ལ་བཅང་དགོས། དེར་བརྟེན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་མཐོང་སྟེ། ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འབྲི་དགོས་དོན་འདི་ལྟར་ཡིན། འདི་ནི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། པཎ་གྲུབ་བཅུ་བདུན་ངོ་སྤྲོད་ལྟ་བུ་ཞིག་ཀྱང་ཡིན།
མདོར་ན། པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ང་ཚོར་རྣམ་དཔྱོད་ཀྱི་མིག་སྦྱིན་པར་བྱེད་མཁན་ཞིག་ཡིན་པས། གཞུང་ལུགས་དེ་དག་ཧ་ཅང་གལ་གནད་ཆེན་པོ་ཡིན། གཞུང་ལུགས་འདི་དག་ལ་ཅུང་ཟད་རྒྱུས་མངའ་ཡོད་པ་ཞིག་བྱུང་ན། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་བ་ཡིན་ལ། དེ་མིན་རང་ཉིད་ཀྱི་ཕ་མ་དང་། མི་ཐོག་གོང་མ་དག་གིས་སྐྱབས་སུ་མཆིའོ། །ཞེས་བརྗོད་པ་དེ་ཙམ་ཞིག་གི་ཐོག་ཏུ་ཕྱིན་ན། དབང་རྟུལ་དད་པའི་རྗེས་འབྲང་ཞེས་པ་དེར་གྱུར་པ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་ན། ད་ལྟ་དུས་རབས་ཉེར་གཅིག་པ་ཡིན་ཅིང་། དུས་རབས་ཉེར་གཉིས་པ་དང་། ཉེར་གསུམ་པ། ཉེར་བཞི་པ། ཉེར་ལྔ་པ་སོགས་སུ་མུ་མཐུད་ནས་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་གི་དབང་དུ་ཕྱིན་ན། མི་ཐོག་གཅིག་ཙམ་གྱི་རྗེས་ནས་ག་ལེར་རྫོགས་ཉེན་ཡོད།
དེང་སྐབས་ཡོ་རོབ་སོགས་དེ་སྔ་ནང་ཆོས་མ་དར་བའི་ཡུལ་གྲུ་ཁག་ཏུ་མཁས་པ་རྣམ་དཔྱོད་ཅན་དང་། དེ་བཞིན་ཚན་རིག་པ་མང་པོས་པཎ་གྲུབ་བཅུ་བདུན་གྱི་གཞུང་གི་བཤད་པ་རྣམས་འགྲེལ་བཤད་བྱེད་སྐབས་དགའ་མོས་ཆེན་པོ་བྱེད་བཞིན་འདུག །དེས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་སྐྱེ་དགོས་པ་ཡིན། དེར་བརྟེན་ཁ་སང་ཞུས་པ་ལྟར་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་བརྗོད་པའི་རྒྱུ་མཚན་འདི་ཡིན། ཚང་མས་དེ་སྔའི་དགོན་པ་སོ་སོའི་ཆོ་ག་ཕྱག་ལེན་འདོན་པ་དང་། གྲོང་ཆོག་བརྒྱུགས་ནས་བསྡད་པ་ལྟ་བུ་མིན་པར་གཞུང་ཆེན་ལ་སློབ་གཉེར་བྱས་ཏེ་སངས་རྒྱས་པའི་ཆོས་ཀྱི་གཞི་བདེན་གཉིས་ལས་བསླངས་ཏེ་བདེན་བཞིའི་རྣམ་གཞག་གི་ཐོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཏན་ལ་འབེབས་པ་འདི་དག་ཧ་ཅང་གལ་གནད་ཆེན་པོ་རེད་འདུག། །།
༡༦༽ བོད་ཀྱི་རིག་གཞུང་གི་ཁྱད་ཆོས་དང་། འཛིན་སྐྱོང་གི་ལས་འགན།
ང་རང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་བཤད་ན། བོད་ཀྱི་རིག་གཞུང་ཞེས་བརྗོད་སྐབས། དེ་ལྟ་བུའི་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་གཏན་ལ་ཕབ་ནས་འཆད་རྒྱུ་ཡོད་པ། དེང་སྐབས་ཚན་རིག་པ་དང་མཉམ་དུ་དཔུང་གདང་གཤིབས་ནས་འགྲོ་རྒྱུ་ཡོད་པ་དེ་བོད་པའི་རིག་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། དེ་བོད་ལ་མ་གཏོགས་མི་འདུག །བོད་པའི་སྐད་ཡིག་ལ་ཆ་མཚོན་ནའང་། ལེགས་སྦྱར་ནང་ལ་ཡོད་པའི་མིང་ཚིག་དེ་དག་བོད་སྐད་ནང་ལ་ཆ་ཚང་ཡོད་ཀྱང་། པཱ་ལིའི་སྐད་དང་དབྱིན་ཇིའི་སྐད་ནང་ལ་དེ་ལྟར་མེད། དེ་ལྟར་བསམ་བློ་བཏང་ན་དཔལ་ནཱ་ལེནྡྲའི་གཞུང་ཆེན་དེ་དག་འཆད་ཉན་བྱེད་དགོས་བྱུང་ན། བོད་པའི་སྐད་ཡིག་དེ་ཉིད་མེད་ཐབས་མེད་པ་ཞིག་ཡིན། སྐད་ཡིག་གཞན་དག་ལ་བསྒྱུར་བ་མང་པོ་ཡོད་ཀྱང་། སྒྱུར་བ་པོ་སོ་སོས་མིང་ཚིག་གསར་པ་རེ་བཟོས་ནས་འགྲོ་བ་ལས། སྤྱི་ཁྱབ་ལ་ཚང་མས་གོ་ཐུབ་པའི་མིང་ཚིག་ཅིག་དཀོན་པོ་ཡིན་པས་བོད་སྐད་དེ་ཡག་ཤོས་རེད་འདུག །དེར་བརྟེན་དཔལ་ནཱ་ལེནྡྲའི་རིག་གཞུང་གཏིང་ཟབ་པོ་དེ་དག་གཏིང་རིང་པོའི་ཐོག་ནས་སློབ་སྦྱོང་བྱེད་མཁན་དེ་དག་གིས་རང་ཤུགས་སུ་བོད་སྐད་ལ་དོ་སྣང་བྱེད་དགོས་པར་གྱུར་ཡོད། ནང་ཆོས་རྒྱ་གར་ནས་དར་བ་ཞིག་ཡིན་ན་ཡང་། ལོ་སྟོང་ཕྲག་ལྷག་གི་རིང་ལ་བོད་པས་བདག་པོ་བརྒྱབ་པས། ད་ཆ་བོད་པའི་རིག་གཞུང་དང་། བོད་པའི་རིག་གནས། བོད་པའི་ཤེས་ཡོན་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད།
དེང་སང་རྒྱ་ནག་ནང་ལ་ནང་པ་ཧ་ཅང་མང་པོ་ཡོད་པས། འཛམ་བུའི་གླིང་འདིའི་ཐོག་ཏུ་ནང་པ་མང་ཤོས་དེ་རྒྱ་ནག་ཡིན་འདུག །འོན་ཀྱང་རྒྱ་ནག་གི་ནང་པ་ཚོར་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག་ལ། མ་འོངས་པར་རྒྱ་བོད་གཉིས་འཆམ་མཐུན་ཐོག་ཡག་པོ་བྱས་ནས་སྡོད་ཐུབ་ན། ང་ཚོས་རྒྱ་ནག་གི་ནང་པ་ཚོར་ཞབས་འདེགས་སྒྲུབ་པར་ཕན་ཐོགས་ཏན་ཏན་ཡོད་པར་མ་ཟད། ང་ཚོས་བྱེད་ཀྱང་ཐུབ། ང་ཚོའི་དཔེ་ཆ་བ་ཚོ་འགྱེད་དང་མང་ཇར་དགའ་པོ་ཡོད་པས། རྒྱ་མི་ལ་འགྱེད་ཁྱེར་ཤོག །མང་ཇ་ཐོངས་ཞེས་བཤད། ང་ཚོས་ཕར་གཞུང་ཆེན་དེ་དག་གི་སློབ་སྦྱོང་སྤྲད། གང་ལྟར་དཔལ་འབྱོར་ཡར་རྒྱས་གཏོང་བ་དེར་རྒྱ་ནག་གིས་ང་ཚོར་རོགས་རམ་བྱས་ནས་དཔལ་འབྱོར་ཡར་རྒྱས་བཏང་། སེམས་ཁམས་རིག་པའི་སྐོར་དེ་དག་ང་ཚོས་ཕར་རྒྱ་ནག་གི་ཆོས་གྲོགས་དག་ལ་སློབ་སྦྱོང་སྤྲོད་པའི་བསམ་བློ་འཁོར་གྱིན་ཡོད། སངས་རྒྱས་བཅོམ་ལྡན་འདས་སྟོན་པ་འདྲ་འདྲའི་ནང་ནས་ཁྱད་དུ་འཕགས་པ་རེད། ཅེས་བཤད་པའི་རྒྱུ་མཚན་ནི། བཅོམ་ལྡན་འདས་ཀྱིས།[4]
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
ཞེས་སོགས་ལྟ་གྲུབ་ཀྱི་སྐོར་ཧ་ལས་པ་ཞིག་གསུངས་འདུག །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་པའི་ཆོས་ཉིད་བདེན་པ་དེ་ལ་རིམ་པ་མང་པོ་ཞིག་བཤད་ཐུབ། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཡོད་པའི་ནང་ལ་འདུལ་བའི་སྐོར་སྡེ་ཚན་གཅིག་དང་། མདོ་མང་ངམ་མདོ་སྡེའི་སྐོར་སྡེ་ཚན་གཅིག །ཤེར་ཕྱིན་གྱི་སྐོར་སྡེ་ཚན་གཅིག་བཅས་ཡོད། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཅིག་ཡོད་པ་དེའི་ནང་ལ་ཀླུ་སྒྲུབ་ཀྱི་རིགས་ཚོགས་ལ་སོགས་པའི་དབུ་མའི་སྐོར་དང་། ཕྱོགས་གླང་ཆོས་གྲགས་ཀྱི་ཚད་མའི་གཞུང་ཞེས་ཧ་ལས་པའི་སྤུས་དག་ཅིང་རྒྱ་ཆེན་པོ་ཡོད། ང་ཚོས་བཀའ་འགྱུར་དང་བསྟན་འགྱུར་ཞེས་བརྗོད་སྐབས། བཀའ་འགྱུར་དག་སྒྲོག་དང་། བཀའ་བསྟན་དག་སྒྲོག་ཅེས་ཞབས་བརྟན་བྱེད་སྤྱད་ལྟ་བུ་ཞིག་ལས། དེ་མིན་སློབ་ཚན་ནམ་སློབ་དེབ་ཡིན་པའི་འདུ་ཤེས་མི་འདུག་ཅིང་། བཀའ་འགྱུར་དང་བསྟན་འགྱུར་དེ་དག་ང་ཚོའི་སློབ་སྦྱོང་བྱེད་པའི་རྩ་བའི་གཞུང་ཡིན།
བོད་གངས་ཅན་གྱི་ལྗོངས་ཀྱི་མཁས་པ་མང་པོས། དབུ་ཚད་ཀྱི་གཞུང་གསན་གཟིགས་གནང་སྟེ། དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་གསུངས་པ་དེ་ཧ་ཅང་ཤུགས་ཆེན་པོ་ཞིག་རེད། བཅོམ་ལྡན་འདས་ཀྱིས་ཟབ་མོ་སྟོང་པ་ཉིད་ཅེས་གསུངས་པ་ལྟར་ལྟ་བ་དེ་དབུ་མའི་གཞུང་བཤད། དེ་ཚད་མ་དང་སྦྲེལ་ནས་བཤད་ཡོང་བ་ན། གང་ལ་ཡང་འཇིགས་མི་དགོས་པས་དབུ་ཚད་སེངྒེ་མཇིང་བསྣོལ་ཞེས། སེངྒེ་གཉིས་མཇིང་པ་བསྣོལ་ནས། སེངྒེ་གཉིས་ལས་གཅིག་གི་གདོང་ཕར་ཕྱོགས་ཤིང་། ཅིག་ཤོས་ཀྱི་གདོང་ཚུར་ཕྱོགས་ནས་བསྡད་ན། རྒྱབ་མདུན་གང་ནས་ཁྱི་སྤྱང་སོགས་ཀྱི་གནོད་འཚེའི་འཇིགས་པ་མེད་པ་ལྟར། ང་ཚོ་བོད་པས་དབུ་མའི་ལྟ་བ་དང་ཚད་མའི་གཞུང་གཉིས་ཟུང་དུ་སྦྲེལ་བ་ལ་དབུ་ཚད་སེངྒེ་མཇིང་བསྣོལ་ཟེར་བ་དེ་བདེན་པ་རེད།
དེ་བཞིན་མགོན་པོ་གང་གི་བཀའ་སློབ་ལམ་སྟོན་ལས་[5]ཀྱང་། སྤྱིར་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་ཚང་མ་གོང་ཞུས་ལྟར་མི་ལ་ཕན་ཐོགས་ཡོད་པ་དང་། བྱམས་བརྩེའི་བསླབ་བྱ་གསུང་མཁན་ཤ་སྟག་རེད། ལྟ་གྲུབ་ཀྱི་རྣམ་གཞག་གསུང་སྐབས་ཆོས་ལུགས་ཕལ་མོ་ཆེས་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་འདོད་པའི་ཐོག་ནས་བྱམས་བརྩེ་སྤེལ་བཞིན་ཡོད། དེ་ཡང་ཧ་ཅང་ཤུགས་ཆེན་པོ་ཡོད། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་དེ་ཉིད་མཁྱེན་བརྩེའི་བདག་ཉིད་ཡིན་པས། ཚེ་འདི་ཉིད་འཇིག་རྟེན་བཀོད་པ་པོས་ཐད་ཀར་བཀོད་པ་ཞིག་བརྗོད་པས་ན། འགའ་ཞིག་ལ་ཕ་ལྟ་བུའི་འདུ་ཤེས་སླེབས་པ་ཞིག་ཡོང་གིན་ཡོད། ཕའི་ངོ་བོ་དང་རང་བཞིན་གང་འདྲ་ཞིག་ཡོད་ཅེ་ན། བྱམས་བརྩེའི་བདག་ཉིད་ཅན་ཞིག་ཡིན་པར་འདོད་ཅིང་། དེ་ལྟར་ན་འཇིག་རྟེན་ཁམས་ཀྱི་མི་རྣམས་འཇིག་རྟེན་བཀོད་པ་པོ་བརྩེ་བའི་བདག་ཉིད་ཅན་དེས་བཀོད་པའི་ཕ་གཅིག་གི་བུ་ལྟར་ཡིན་ཞེས་བརྗོད་སྐབས། མི་ཚང་མ་སྤུན་ཟླ་ལྟ་བུའི་བསམ་བློ་ཤུགས་ཆེན་པོ་འཁོར་བ་ཞིག་ཡོད། ང་རང་ཚོའི་འཇིག་རྟེན་བཀོད་པ་པོ་ཕ་ལྟ་བུ་དེ་ཉིད་བྱམས་བརྩེའི་བདག་ཉིད་ཡིན་པས་ན། ང་ཚོ་ཚང་མ་ཕ་དེ་ཉིད་ཀྱི་བུ་ཡིན་སྟབས་བྱམས་བརྩེའི་བློ་ཞིག་རང་བཞིན་གྱིས་ཡོད་པ་དང་། ཇི་ཙམ་བྱམས་བརྩེའི་ཉམས་ལེན་བྱས་པ་དེས་ཕ་ཡི་དགོངས་པ་སྒྲུབ་ཐུབ་ཅེས་ངོས་ནས་ཡེ་ཤུའི་ཆོས་པ་རྣམས་ལ་རྟག་ཏུ་དེ་ལྟར་རྗོད་བཞིན་ཡོད།
དེ་མིན་གྲངས་ཅན་ལྷར་བཅས་པ་དང་ལྷ་མེད་པ་གཉིས་ལས་ལྷ་མེད་པ་དང་། གཞན་ཡང་གཅེར་བུ་པ། ནང་པ་སངས་རྒྱས་པ་བཅས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་ཅིང་། ལྷག་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས[6]།
བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །
ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །
ཞེས་རང་ཉིད་ཀྱི་བདེ་སྡུག་ཚང་མ་རང་ཉིད་ཀྱི་ལག་ཏུ་ཡོད་པར་གསུངས། རང་ཉིད་ཀྱིས་ཡག་པོ་བྱས་ན་བདེ་སྐྱིད་ཡོང་བ་དང་། རང་ཉིད་ཀྱིས་སྡུག་པ་ཞིག་བྱས་ན་སྡུག་བསྔལ་ཡོང་གི་རེད་ཅེས་གསུངས་ཡོད་པས་འགན་འཁྲི་ཚང་མ་རང་ཉིད་ཀྱི་ཐོག་ཏུ་ཡོད། རང་ཉིད་ཀྱིས་ཡིན་ལུགས་ཚུལ་མཐུན་ཞིག་མ་བྱས་པར་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཡོང་རྒྱུ་གང་ཡང་མེད། དེས་ན་ང་ཚོ་བོད་རིགས་དང་། དེ་བཞིན་རྒྱ་རིགས། གཞན་ཡང་ནང་པའི་ཡུལ་གྲུ་དག་ཏུ་ང་ཚོའི་མ་འོངས་པའི་བདེ་སྡུག་རྣམས་ཧ་ལམ་སངས་རྒྱས་ཀྱི་ཕྱག་ཏུ་ཡོད་པ་ལྟ་བུའི་བསམ་བློ་སྐབས་རེར་འཁོར་གྱིན་ཡོད། དེ་ནི་འཇིག་རྟེན་བཀོད་པ་པོའི་ལྟ་ཚུལ་དང་འདྲ་མཚུངས་ལྟ་བུར་གྱུར་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོར། བདག་ཉིད་བདག་གི་མགོན། ཞེས་རང་ཉིད་ཀྱི་མགོན་རང་ཉིད་ཡིན་པར་གསུངས་ནས། རང་ཉིད་ཀྱི་མ་འོངས་པའི་བདེ་སྡུག་གང་ཞིག་ཡོང་མིན་རང་ཉིད་ཀྱི་ལག་ཏུ་ཡོད་པར་གསུངས། དེས་ན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། ཚོམས་ལས[7]།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །
ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །
ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡིག་པ་ཆུས་འཁྲུ་མི་ཐུབ་ལ། དེ་བཞིན་སྡུག་བསྔལ་ཕྱག་གིས་སེལ་མི་ཐུབ་ཅིང་། བཅོམ་ལྡན་འདས་རང་ཉིད་ཀྱི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་རྣམས་ཀྱང་ང་ཚོར་གསོལ་རས་གནང་རྒྱུ་མེད། འོ་ན་ཇི་ལྟར་ཡིན་ཞེ་ན།
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །
ཞེས་བདེ་སྡུག་ནི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཞིང་། སྡུག་བསྔལ་མི་འདོད་པ་ཡིན་པས། སྡུག་བསྔལ་གྱི་རྒྱུ་རྐྱེན་རྩད་བཅད་ནས་དེ་སེལ་ཐབས་དང་། དེའི་ཐོག་ནས་སྡུག་བསྔལ་ལས་ཐར་ཐབས་བྱེད་པ་དང་། བདེ་སྐྱིད་ཅེས་པ་དེ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བས། དེའི་རྒྱུ་རྐྱེན་རྣམས་ཤེས་པར་བྱས་ཏེ། འབྲས་བུ་བདེ་སྐྱིད་གོང་ནས་གོང་དུ་འཕེལ་ཐབས་བྱེད་དགོས་པར་གསུངས་ཡོད། དེས་ན་སྟོན་པ་རང་ཉིད་མངོན་པར་རྫོགས་པའི་སངས་རྒྱས་མ་ཐག་ཏུ། རྒྱ་ཆེར་རོལ་པ་ལས[8]།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །
སུ་ལ་བསྟན་ཡང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །
ཞེས་བཅོམ་ལྡན་འདས་ཉིད་ཀྱི་ཐུགས་རྒྱུད་ལ་ཆོས་ཟབ་པ་དང་། ཞི་བ། སྤྲོས་བྲལ། འོད་གསལ། འདུས་མ་བྱས་བཅས་དམིགས་བསལ་བའི་ཉམས་མྱོང་འཁྲུངས་ནས་མངོན་པར་རྫོགས་པར་སངས་རྒྱས། འོན་ཀྱང་སྐབས་དེར་སྟོན་པ་ཉིད་ཀྱི་ཐུགས་རྒྱུད་ལ་འཁྲུངས་པ་ལྟར་དུ་བསྟན་ན། དེའི་ཚེ་དེའི་དུས་སུ་རྒྱ་གར་འཕགས་ཡུལ་དུ་སུས་ཀྱང་བདག་མེད་ཀྱི་ལྟ་བ་གསུངས་མེད་ཅིང་། བདག་ཏུ་ལྟ་བ་ཁོ་ནའི་ཐོག་ཏུ་འགྲོ་བཞིན་ཡོད། དེས་ན་བདག་མེད་པའི་ལྟ་བ་བསྟན་ན་རན་ཐབས་མེད་པས་ན།
མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །
ཞེས་བདུན་ཕྲག་བདུན་གྱི་རིང་ཆོས་མི་གསུང་བར་བཞུགས་ཤིང་། དེ་རྗེས་འཁོར་ལྔ་སྡེ་བཟང་པོ་སོགས་རིམ་བཞིན་བཅོམ་ལྡན་ཉིད་ཀྱི་ངོ་ཤེས་གྲོགས་པོ་རྙིང་པ་དག་གིས་སྟོན་པ་བཅོམ་ལྡན་འདས་ཅུང་ཟད་མི་འདྲ་བ་ཞིག་ཏུ་མཐོང་སྟེ། ཉིད་ཀྱི་ཐུགས་ཀྱི་ཉམས་མྱོང་རྣམས་གསུངས་རོགས་གནང་ཞེས་ཞུས་པ་ལྟར། ཐོག་མར་ཡུལ་ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་གསུངས་ཤིང་། དེ་ནས་བདག་མེད་པ་ཞེས་པ་དེ་ཉིད་གསུངས་པ་སྟེ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་དང་། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞི། ལམ་རིག་པ་སྒྲུབ་པ་ངེས་སྦྱིན་བཞི་བཅས་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་དང་། ལུས་དྲན་པ་ཉེར་བཞག་དང་། ཚོར་བ་དྲན་པ་ཉེར་བཞག །སེམས་དྲན་པ་ཉེར་བཞག །ཆོས་དྲན་པ་ཉེར་བཞག་སྟེ། དྲན་པ་ཉེར་བཞག་བཞི་སོགས་བྱང་ཕྱོགས་སོ་བདུན་གྱི་ལམ་དེ་དག་རིམ་པར་གསུངས་ཤིང་། གདུལ་བྱ་དེ་དག་བདག་མེད་ཀྱི་ལྟ་བར་དོ་སྣང་སླེབས་ཡོང་བས་ན། གནས་བྱ་རྒོད་ཕུང་པོའི་རིར་དགེ་སློང་གི་དགེ་འདུན་ཆེན་པོ་སོགས་གདུལ་བྱ་རྣམས་ལ་ཤེར་ཕྱིན་གྱི་མདོ་གསུངས་ནས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
ཞེས་གསུངས་པ་དེ་དག་དཔྱིས་ཕྱིན་པར་འགྲེལ་བཤད་བསྐྱོན། ཡང་འཁོར་ལོ་མཐའ་མའི་སྐབས་སུ། ཤེར་ཕྱིན་གྱི་མདོའི་ནང་དུ་འོད་གསལ་འདུས་མ་བྱས་ཕྲ་ཞིང་ཕྲ་བ་གསུངས་པ་དེ་ཙམ་བློ་ངོར་མ་ཆུད་མཁན་གྱི་རིགས་ལ་མདོ་སྡེ་དགོངས་འགྲེལ་ལྟ་བུ་གསུངས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དེ་དག་ལ་གཏན་ནས་མེད་པ་རེད་སྙམ་པའི་ཕྱིན་ཅི་ལོག་གི་གོ་བ་སླེབས་ཉེན་ཡོད་སྟབས། གདུལ་བྱ་དེ་དག་གི་སླད་དུ་མདོ་སྡེ་དགོངས་འགྲེལ་ལྟ་བུར་ངོ་བོ་ཉིད་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་མིན་པར་གསུངས། དེ་དང་ཆབས་ཅིག་ཁམས་བདེ་གཤེགས་སྙིང་པོ་སྟེ། འཁོར་ལོ་བར་པའི་སྐབས་སུ་དྲི་མ་ཟད་ཐུབ་ལ། ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཐར་པའི་གོ་འཐང་ཐོབ་ཐུབ་པར་བརྟེན། ཉོན་མོངས་པས་བཞག་པའི་བག་ཆགས་ཤེས་བྱའི་སྒྲིབ་པ་ཡང་སྤོང་ཐུབ་པར་གསུངས་ལ། དེའི་རྒྱུ་ཆ་གཅིག་ནི་སེམས་རང་བཞིན་གྱིས་འོད་གསལ་བ་སྟེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
ཞེས་གསུངས་པའི་འོད་གསལ་དེ་ལ་ཡུལ་གྱི་འོད་གསལ་དང་། ཡུལ་ཅན་གྱི་འོད་གསལ་གཉིས་ཡོད་པ་ལས། ཡུལ་ཅན་གྱི་འོད་གསལ་དེ་འཁོར་ལོ་མཐའ་མའི་ནང་དུ་ཡོད་པའི་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་ནང་དུ་གསུངས། འཁོར་ལོ་བར་པའི་སྐབས་སུ་ཡུལ་གྱི་འོད་གསལ་གྱི་རྣམ་གཞག་གསུངས་ཤིང་། འཁོར་ལོ་མཐའ་མའི་སྐབས་སུ་ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་གསུངས། ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ནི། གསང་སྔགས་ཀྱི་སྐབས་སུ་གསུངས་པ་བཅས་ཀྱི་འགྲོ་ལུགས་འདི་ལྟར་ཡིན།
སྔ་འགྱུར་རྙིང་མའི་གཞུང་ནས་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། ཀྲི་ཡ་ཨུ་པ་ཡོ་ག་སྟེ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། མཧཱ་ཨ་ནུ་ཨ་ཏི་སྟེ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་ཐེག་པ་རིམ་པ་དགུར་ཕྱེ་ནས་གསུངས་པ་ནི། ཧ་ཅང་སྡོམ་ཆེན་པོ་ཞིག་ཡིན། འདི་ལྟར་འཁོར་ལོ་དང་པོ་ནས་བཟུང་སྟེ་བང་རིམ་བསྒྲིགས་ན། ཞེ་ས་མ་ཞུས་ན་བཅོམ་ལྡན་འདས་ཀྱིས། དེང་སྐབས་ང་ཚོའི་སློབ་ཆུང་ནང་ཐོག་མར་སློབ་སྦྱོང་སྤྲད་པ་དང་། དེ་ནས་སློབ་འབྲིང་། དེ་ནས་སློབ་ཆེན་དུ་ཕྱིན་པ་ལྟར་ལམ་རིམ་གྱིས་སྟོན་པར་མཛད། མདོར་ན། འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་སྡེ་རྣམས་གཙོ་བོར་གྱུར་ཡོད། དེ་དག་གི་དགོངས་འགྲེལ་གསུང་སྐབས་རྗེ་བཙུན་བྱམས་མགོན་གྱིས་བྱམས་ཆོས་སྡེ་ལྔ་མཛད། དཔེར་ན། བདེན་བཞིའི་སྡོམ་ཧ་ཅང་ཡག་པོ་ཞིག་བསྐྱོན་འདུག་པ་ནི་རྒྱུད་བླ་མ་ལས[9]།
ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །
བདེ་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །
སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །
ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །
ཞེས་བདེན་བཞིའི་འགྲོ་སྟངས་ནད་ལ་དཔེ་སྦྱར་ནས་གསུངས། དེ་ཡང་ཐོག་མར་ནད་ཀྱིས་མནར་བཞིན་པ་ཤེས་དགོས་ལ། དེ་ལྟར་ཤེས་ན་ནད་གཞི་དེ་ཉིད་རྒྱུ་གང་གིས་བྱས་མིན་རྩད་གཅོད་བྱེད་ཅིང་། དེ་ལྟར་རྩད་གཅོད་བྱེད་སྐབས་རྒྱུ་དེ་སེལ་བའི་སྨན་བསྟེན་ཐབས་ཤིག་སླེབས་ཡོང་། སྨན་ཟོས་པ་ལ་བརྟེན་ནས་ནད་ཀྱི་རྒྱུ་དེ་ལས་ཐར་བ་ཡོང་གིན་ཡོད། དེ་ལྟར་བདེན་པ་བཞི་ལ་སྦྱར་ནས་ཧ་ཅང་ཡག་པོ་ཞིག་གསུངས་ཡོད། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་རྒྱུད་བླ་མའི་ནང་དུ་དཔེ་དགུ་དོན་དགུའི་ཐོག་ནས་ཡུལ་ཅན་གྱི་འོད་གསལ་གྱི་རྣམ་གཞག་གསུངས་པ་རྣམས་ཀྱང་ཧ་ཅང་ཡག་པོ་ཞིག་འདུག །
དེ་ནས་གལ་གནད་ཆེ་ཤོས་ནི། ཟབ་མོ་ལྟ་བའི་བརྒྱུད་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་དུ་ཡོད། དེ་ཡང་དབུ་མ་རྩ་བ་ཤེས་རབ་ཏུ་སྟོང་ཉིད་ཀྱི་རྣམ་གཞག་ཤུགས་ཆེར་གསུངས། བདེན་པ་བཞི་པོ་དེ་དག་ཀྱང་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་གསུངས་པ་སྟེ། དེ་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་རབ་བྱེད་བཅོ་བརྒྱད་པ་ལས[10]།
ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་གསུངས་པའི་ཤླཽ་ཀ་འདིས་བདེན་བཞིའི་རྣམ་གཞག་དཔྱིས་ཕྱིན་པ་ཐོན་ཡོང་གིན་ཡོད། ཐར་པ་ཞེས་པ་ནི། ལས་དང་ཉོན་མོངས་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་མེད་པར་གྱུར་པ་སྟེ། ལས་སྔར་བསགས་ལ་གསོས་འདེབས་པ་མེད་ཅིང་། གསར་དུའང་གསོག་པ་མེད་པའི་གནས་སྐབས་དེ་ཐར་པ་རེད།
ལས་དང་ཐོན་མོང་ཟད་པས་ཐར། །
ཅེས་གསུངས་ཡོད། འོ་ན་ལས་དང་ཉོན་མོངས་གཉེན་པོ་སྐྱེས་ནས་སྤངས་ཏེ་ལས་ཉོན་ཟད་པའི་ཐར་པ་དེ། ལས་ཉོན་ཇི་ལྟར་མེད་པར་བྱེད་དགོས་ཤེ་ན། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་སྲིད་པ་འཁོར་བའི་སྡུག་བསྔལ་དེ་ཉིད་ལས་ཀྱི་དབང་གིས་བྱུང་ཞིང་། ལས་དེ་ཉིད་ཉོན་མོངས་ཀྱི་དབང་གིས་ཡོང་གིན་ཡོད། ཉོན་མོངས་དེ་ཉིད་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་ཡོང་བ་བཅས་ནི། ཚན་རིག་པས་ཀྱང་དེ་ལྟར་རྗོད་བཞིན་ཡོད། ངོས་ཀྱི་ངོ་ཤེས་ཚན་རིག་པ་ཨེ་རོན་འབེག་ཞུ་བ་བགྲེས་སོང་ཞིག་ཡོད་ཅིང་། ཁ་སང་ངོས་ཀྱིས་རྩད་གཅོད་བྱས་པར་འགའ་ཞིག་གིས་ཁོང་བཞུགས་ཡོད་ཚུལ་རྗོད་ཀྱིན་འདུག །ལོ་མང་གོང་ཁོང་དང་མཇལ་མྱོང་ཞིང་། སྐབས་དེར་ཁོང་དགུང་ལོ་ ༨༤ རེད་འདུག །ཁོང་གིས་ང་ཚོ་ཁོང་ཁྲོ་དང་ཞེ་སྡང་ཤུགས་ཆེ་ལང་སའི་ཡུལ་དེ་ཉིད་ཧ་ཅང་མི་སྡུག་པ་ཞིག་ཏུ་སྣང་བཞིན་ཡོད་ལ། མི་སྡུག་པ་བརྒྱ་ཆ་དགུ་བཅུ་ཐམ་པ་ཁོང་ཁྲོ་ཟ་མཁན་རང་ཉིད་ཀྱི་སེམས་ཀྱིས་བཅོས་འདུག་ཅེས་རྗོད་ཀྱིན་འདུག །དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་གསུངས་པ་དང་གཅིག་མཚུངས་སུ་གྱུར་ཡོད། དེ་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོ་བཏགས་པ་སྟེ། བློ་ངོར་ཅུང་ཟད་མི་འཐད་པ་ཞིག་ཡོད་ཚེ། དེ་ལ་སྒྲོ་བཏགས་ནས་ཤིན་ཏུ་མི་སྡུག་པ་ཞིག་ཏུ་སྣང་ནས་ཁོང་ཁྲོ་ཟ་བཞིན་ཡོད། ཅུང་ཟད་བཟང་བ་ཞིག་ཡིན་ནའང་། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་ཤུགས་ཆེར་སྒྲོ་བཏགས་ནས་དེར་ཧ་ཅང་ཞེན་ཅིང་ཆགས་པ་སྐྱེ་བར་གསུངས་ཡོད། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་དེ་ཉིད་ཧ་ཅང་རྩ་ཆེན་པོ་རེད་འདུག །ཚན་རིག་པས་ཀྱང་རྒྱབ་སྐྱོར་དང་མཉམ་དུ་འགྲོ་ཐུབ་པ་ཞིག་ཡིན།
ལས་དང་ཉོན་མོངས་རྣམ་རྟོག་ལས། །
ཞེས་གསུངས་པ་ལྟར། དེ་ལྟ་བུའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ནི། དེ་དག་སྤྲོས་ལས། ཞེས་བདེན་འཛིན་གྱི་སྤྲོས་པ་ལས་བྱུང་བར་གསུངས། དེས་ན་སྲིད་པ་འཁོར་བའི་སྡུག་བསྔལ་རྣམས་འཁོར་བར་འཕེན་བྱེད་ཀྱི་ཟག་བཅས་ལས་ཀྱི་དབང་གིས་བྱུང་བ་དང་། ལས་དེ་ཉིད་ཉོན་མོངས་ཀྱི་དབང་གིས་བྱུང་བ། ཉོན་མོངས་དེ་ཉིད་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་དབང་གིས་བྱུང་བ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་བདེན་འཛིན་གྱི་སྤྲོས་པ་ལས་བྱུང་བ་རེད་ཅེས་འདི་ལྟར་འབྲེལ་ནས་ཡོང་སྐབས། འགྲོ་ལམ་ལྟ་བུར་ཆ་མཚོན་ན། བློ་ངོར་ཧ་ཅང་གསལ་པོ་ཞིག་ཤར་ཡོང་གིན་ཡོད།
སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་བདེན་འཛིན་གྱི་སྤྲོས་པ་དེ་བདེན་མེད་རྟོགས་པའི་ཤེས་རབ་ཀྱིས་འཇོམས་ཐུབ་ཅིང་། དེ་ལ་ལེགས་སྦྱར་གྱི་གཞུང་གི་ཐོག་ནས་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་འདི་ལྟར་གསུང་གིན་ཡོད།
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་དུ་འགག་པར་འགྱུར། །
ཞེས་པའི་གོ་བ་ཞིག་ཀྱང་ཡོད་ཅེས་གསུངས། དེས་ན། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་པས་འགོག་བདེན་བཤད་ལ།
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །
ཞེས་པས་ལམ་བདེན་དེ་བཤད། མདོར་ན། ཤླཽ་ཀ་གཅིག་གིས་བདེན་བཞི་ཆ་ཚང་བ་ཞིག་ཧ་ཅང་གསལ་པོར་སྟོན། འདི་ལྟར་བསམས་ན་ཧ་ལས་པ་ཞིག་རེད་འདུག །བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཅས་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད་ཀྱི་བརྒྱུད་པ་གཉིས་ཀྱི་ཐོག་ནས་འགྲེལ་ལུགས་ནི་ཧ་ཅང་གནད་འགག་ཆེན་པོ་རེད་འདུག །
མདོར་ན།[11] དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པ་འདི་དག་ཧས་ལས་པ་ཞིག་རེད་འདུག །འདི་དག་ནི་ང་ཚོ་བོད་པའི་གཅེས་ནོར་རེད། བོད་པའི་གཅེས་ནོར་ཙམ་དུ་མ་ཟད། འཛམ་གླིང་གི་གཅེས་ནོར་རེད་ཅེས་བརྗོད་ཐུབ་པ་ཞིག་རེད་འདུག །དེ་ཡང་སེམས་ཁམས་རིག་པ་དང་གཅིག །ཚད་མ་རིག་པ་དང་གཉིས། ལྟ་གྲུབ་ཀྱི་རྣམ་གཞག་དང་གསུམ། ལྟ་གྲུབ་ལ་མཚོན་ནའང་། ཚད་རྡུལ་དངོས་ཁམས་རིག་པ་འདི་ཉིད་ལྟ་གྲུབ་གལ་གནད་ཆེ་བ་ཞིག་ཡིན་ཅིང་། ཚད་རྡུལ་དངོས་ཁམས་རིག་པར་ཆ་མཚོན་ན། དབུ་སེམས་ཀྱི་གཞུང་ནས་བདག་མེད་གསུངས་པ་དེ་དག་ཚད་རྡུལ་དངོས་ཁམས་རིག་པའི་རྒྱབ་རྟེན་གྱི་ཐོག་ལ་ཏག་ཏག་འགྲོ་ཐུབ་པ་ཞིག་ཡིན། དེས་ན་ཧ་ཅང་ཡག་པོ་རེད་འདུག །ང་ཚོས་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པ་འདི་དག་ནི་ཆོས་པ་ཞིག་བྱ་རྒྱུ་ཡིན་ལ། དེ་མིན་ལྟ་གྲུབ་ཀྱི་སྐོར་དང་། དེ་ནས་གཞི་ཡི་གནས་ཚུལ་བརྗོད་སྐབས། སེམས་ཁམས་རིག་པའི་རྣམ་གཞག་སླེབས་ཀྱིན་ཡོད། དེ་བཞིན་བདེན་གཉིས་ཀྱི་རྣམ་གཞག་ཀྱང་སླེབས་ཡོང་གིན་ཡོད། དེས་ན་ངོས་ཀྱིས་ནམ་རྒྱུན་འདི་ལྟར་རྗོད་ཀྱིན་ཡོད། དཔེ་ཆ་འཁྲིད་མཁན་རྣམས་ཀྱིས། མངོན་རྟོགས་རྒྱན་ལས[12]།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །
སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །
སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །
ཞེས་གསུངས་པ་འདི་དག་གི་ཐོག་ནས་དཔེ་ཆ་འཁྲིད་དགོས། ང་ཚོ་བོད་ལ་ཇོ་བོ་ཕེབས་རྗེས་བྱང་ཆུབ་ལམ་སྒྲོན་གསུངས་ནས་ཚེ་འདིའི་སྣང་ཤས་བཟློག་པ་དང་། ཕྱི་མའི་སྣང་ཤས་བཟློག་པ་བཅས་གསུངས་པ་རྣམས་ནི་ནང་པ་ཞིག་དང་། ཆོས་པ་ཡིན་ངེས་ཤིག་ལ་གསུངས་པ་ཞིག་ཡིན། ད་ལྟ་ང་ཚོས་འཛམ་གླིང་གི་སྡིངས་ཆའི་ཐོག་ཏུ་ཤོད་སྐབས། གཞི་བདེན་པ་གཉིས་ཀྱི་ཐོག་ནས་བདེན་བཞིའི་རྣམ་གཞག་དང་། བདེན་གཉིས་ལས་གཙོ་བོར་དབུ་མའི་ལྟ་གྲུབ་བཤད་པའི་སྐབས་ཀྱི་རྟེན་འབྱུང་གི་རིགས་པ་དེ་དག་གིས་བདེན་བཞིའི་རྣམ་གཞག་བཤད་པ་དང་། བདེན་བཞིའི་རྣམ་གཞག་གི་ཐོག་ནས་སྡུག་བསྔལ་ལ་གཉེན་པོ་བསྟེན་ན་སྡུག་བསྔལ་ཆུང་དུ་འགྲོ་བ་ཞིག་དང་། རིམ་བཞིན་སྡུག་བསྔལ་སྤོང་ཐུབ་པ་ཞིག་ཡོང་བ་ཡིན། དེས་ན་སྒྲུབ་ཅེས་པས། སྒྲུབ་པ་རང་གི་ངོ་བོ་བདེན་པ་གཉིས་ལ་འདོམས་པའི་གདམས་ངག་དང་། དེ་ནས་སྒྲུབ་པའི་དམིགས་ལ་བདེན་པ་བཞི་ལ་འདོམས་པའི་གདམས་ངག །དེ་ལ་བརྟེན་ནས་འགོག་བདེན་དང་ལམ་བདེན་གཉིས་ལ་གོ་བ་ཆགས་པ་ཞིག་བྱུང་ན། ཆོས་དཀོན་མཆོག་ཅེས་པ་དེ་རེད། ཆོས་ལ་སྐྱབས་སུ་མཆིའོ་ཞེས་པ་དེ་ཡང་དེ་ལ་བསམ་བློ་གཏོང་དགོས་པ་ཡིན། འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་ཡག་པོ་ཞིག་ངོ་ཤེས་ན། དེ་སྟོན་མཁན་གྱི་སྟོན་པ་དེ་མི་འདྲ་བ་ཞིག་ཡིན་པ་སྟེ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །ཞེས་པ་དེ་ཉིད་ཏག་ཏག་ངོ་འཕྲོད། ང་རང་ཚོའི་སྐྱབས་འགྲོའི་ཚིག་དེ་ཉིད་ལའང་།
སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །
སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །
འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །
སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
ཞེས་བརྗོད་པ་ལས་སྐྱོབ་པ་བླ་མེད་སངས་རྒྱས་དང་། སྐྱོབ་པ་བླ་མེད་དགེ་འདུན་ཞེས་མི་བརྗོད་ལ། དེ་བཞིན་འདྲེན་པ་བླ་མེད་དགེ་འདུན། ཞེས་རྗོད་ཀྱིན་ཡོད། དེས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་བཅས་ནི། ནམ་རྒྱུན་ཡོངས་གྲགས། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་སྐབས། སངས་རྒྱས་སྐྱབས་སྟོན་པ་པོ་དང་། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞེས་གསུང་གིན་ཡོད། འདི་དག་ཧ་ལས་པ་ཞིག་རེད། མ་གཞི་ཆོས་ལུགས་ཚང་མས་མི་ལ་ཕན་གྱིན་ཡོད་པས་ཧ་ཅང་ཡག་པོ་རེད། ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་པ་ཡིན། ངོས་ལ་ཆ་མཚོན་ན། ནང་པའི་དགེ་སློང་ཞིག་དང་། དཔལ་ནཱ་ལེནྡྲའི་ཚད་མ་རྣམ་འགྲེལ་དང་། དེ་བཞིན་དབུ་མ་བཞི་བརྒྱ་པ་སོགས་ལ་རྟག་ཏུ་ལྟ་བཞིན་ཡོད། གང་ལྟར་དེ་དག་ལ་སློབ་སྦྱོང་བྱེད་མྱོང་མཁན་ཞིག་ཡིན།
གཞན་ཡང་བོད་གངས་ཅན་གྱི་ལྗོངས་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སྔོན་གྱི་མཁས་པ་རྣམས་ཀྱིས་གྲུབ་མཐའ་མང་དུ་མཛད་ཡོད། དེ་དག་ལ་རྒྱུས་མངའ་ཕྲན་བུ་ཡོད་པ་རྣམས་ཅུང་ཟད་རྟོག་གེ་མགོ་མཁྲེགས་སུ་གྱུར་ཡོད། འོན་ཀྱང་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དེ་དག་གིས་མི་མང་པོར་ཕན་གྱིན་ཡོད། དེས་ན་རྗེས་སུ་ཡི་རང་དང་ཡག་པོ་ཞིག་ཏུ་བལྟས་ཏེ་བརྩི་བཀུར་བྱེད་བཞིན་ཡོད། ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་འགལ་འདུ་ཡོད། འོན་ཀྱང་ལྟ་གྲུབ་དེ་དག་ནི་ཁམས་དང་མོས་པ་མི་འདྲ་བར་ལྟ་གྲུབ་ཀྱང་མི་འདྲ་བ་དགོས་མཁོ་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། ཞེ་ས་མ་ཞུས་ན་དགེ་ཕྲུག་གཅིག་གྱུར་གྱི་ནང་དུའང་། བྱེ་བྲག་སྨྲ་བའི་ལྟ་གྲུབ་དང་། མདོ་སྡེ་པའི་ལྟ་གྲུབ། སེམས་ཙམ་པའི་ལྟ་གྲུབ། དབུ་མ་པའི་ལྟ་གྲུབ་བཅས་གསུངས་ཡོད། དེས་ན་ཁམས་དང་མོས་པ་མི་འདྲ་བར་ལྟ་གྲུབ་མི་འདྲ་བ་དགོས་ཤིང་། ཁམས་དང་མོས་པའི་ཁྱད་པར་ལས། འགའ་ཞིག་ལ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་དེ་ཤུགས་ཆེན་པོ་ཡོད། དེས་ན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས། སངས་རྒྱས་པའི་ལྟ་གྲུབ་ཅེས་པ་གང་འདྲ་ཞིག་ཡིན་པ་ང་ཚོས་ཤེས་པ་ཞིག་བྱུང་ན། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞེས་པ་ཞིག་འོང་། དེ་ལྟར་བྱུང་ན་དད་པ་དེ་བརྟན་པོ་ཡོད། དེ་མིན་གཞན་གྱིས་གང་ཞིག་བརྗོད་ཀྱང་དེ་རང་ཡིན་ངེས་བསམས་ནས་ཕྱིན་ན་བླུན་པོ་ཆུ་སྣ་གར་ཁྲིད་ཅེས་པ་དེར་འགྱུར།
བོད་ཀྱི་རིག་གཞུང་ཞེས་བརྗོད་སྐབས་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་གཅིག་པུ་མིན། བོད་ཀྱི་རིག་གཞུང་ཞེས་པ་ནི། རྩ་བ་ནཱ་ལེནྡྲའི་རིག་པའི་གཞུང་ལུགས་རྣམས་ང་ཚོ་བོད་ལ་མ་གཏོགས་མི་འདུག །དེང་སྐབས་དངོས་ཡོད་གནས་ཚུལ་ལ་བོད་པས་བདག་པོ་བརྒྱབ་པའི་རིག་གཞུང་དུ་གྱུར་ཡོད་པས། བོད་ཀྱི་རིག་གཞུང་ཡིན། དེ་ནི་འཛམ་གླིང་ལ་ངོམ་ཆོག་པ་ཞིག་ཡིན། དེ་དག་ཁྱེད་རང་ཚོས་ཤེས་པར་བྱེད་དགོས། སངས་རྒྱས་པའི་ཆོས་བྱ་དགོས་ཞེས་བརྗོད་སྐབས། སྨོན་ལམ་འདེབས་པ་དང་། གཟུངས་སྔགས་འགའ་ཞིག་བགྲང་བ་གཅིག་པུས་ཆོག་ཤེས་བྱས་ནས་མི་སྡོད་པར་ངེས་པར་དུ་སློབ་སྦྱོང་བྱ་དགོས་པ་དེ་ཤེས་དགོས།། །།
བཀའ་ཁྲིད་ཡོངས་སུ་རྫོགས་པའོ།།
ལུང་འདྲེན་ཕྱག་དཔེའི་མཚན་གཞུང་།
[1] ཕྱི་ལོ་ ༢༠༡༩ ཟླ་བ་ ༥ ཚེས་ ༡༧ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་མང་གཞིས་བྱེས་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་དང་ལྷ་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་སྐབས་སྩལ་པའི་བཀའ་སློབ་ལས་བཏུས།
[2] རྗེའི་བཀའ་འབུམ་ཐོར་བུ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༡
[3] ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༡༩༧
[4] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཁ༽ དེབ་ཨང་ ༤༦ པ། ༢༠༠༩ ལོ། ཤོག་གྲངས་ ༥༦
[5] ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༤ ཉིན་ཨ་རིའི་མངའ་སྡེ་མི་ནི་སུ་ཊར་གནས་འཁོད་མང་ཚོགས་སྩལ་པའི་བཀའ་སློབ།
[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༧༩༢
[7] བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༦ པ། ༢༠༠༩ ལོ། ཤོག་གྲངས་ ༧༥
[8] བཀའ་འགྱུར་དཔེ་བསྡུར་མ། བཀའ་འགྱུར་པར་མ་ཁག་གི་དཀར་ཆག །དེབ་ཨང་ ༡༠༦ པ། ༢༠༠༩ ལོ། ཤོག་ ༨༢
[9] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༩༧༠
[10] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༢༦
[11] ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༤ ཉིན་ཨ་རིའི་མངའ་སྡེ་མི་ནི་སུ་ཊར་བོད་རིགས་མང་ཚོགས་ལ་སྩལ་པའི་བཀའ་སློབ།
[12] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༥–––
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།