ཇོ་བོ་གསེར་གླིང་དུ་བྱོན་པའི་རྣམ་ཐར། (4)

ཡང་ཡེར་པ་ལྷ་རི་སྙིང་པོའི་མགུལ་ན་ཇོ་བོ་ཡབ་སྲས་གཉིས་བཞུགས་པའི་དུས་སུ། རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་དང་རྒྱལ་བ་རྒྱ་མཚོ་ཐུན་མོང་དུ་ཕྱག་ལ་སོགས་པ་ཡན་ལག་བདུན་པ་དང་། ཁྱད་པར་དུ་དངུལ་དཀར་གྱི་མཎྜལ་མདའ་གང་བ་དུང་ཆུང་དཀར་པོའི་རྒྱན་བཀོད་ནས་ཕུལ་ཏེ་ཐལ་མོ་སྦྱར་ནས། བླ་མའི་ཡོན་ཏན་དེ་འདྲ་བ་ཐོས་ཙ་ན། མིག་གི་མཆི་མ་འཁྲུག །ལུས་ཀྱི་བ་སྤུ་གཡོ། འདི་ལྟ་བུའི་སྐྱེས་རབས་བདེ་བར་གཤེགས་པའི་མདོ་སྡེ་དང་འདྲ་བ།

སེམས་ཅན་གཞན་གྱི་རྣ་བར་མ་བཏང་བར་སྦས་ན་རུང་ངམ། བླ་མ་གཞན་གྱི་རྣ་བར་མ་འཆད་པར་དམ་བཅས་ཏེ་གླེགས་བམ་གཅིག་ཙམ་བྱས་ནས། སྦས་པའི་རྣལ་འབྱོར་པ་ནམ་ཞིག་ལས་གསང་ནས། འདི་ལ་སྤྱོད་པ་དག་ལ་གནང་བ་མི་དྲག་གམ། འདི་འདྲ་ཐོས་ཙ་ན་ཡི་གེར་འགོད་སྙིང་འདོད་ཅིང་ལག་པ་འགུལ་ཞུས་པས། བཤེས་གཉེན་པའི་ཞལ་ནས། ཁྱེད་རང་ལག་པ་འགུལ་ན་སཙྪ་ཐོབ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཕྱིས། མཆོད་རྟེན་བྱིན་རླབས་ཅན་རྣམས་གསོས་གསུངས་པས། རྔོག་ན་རེ། ང་ལག་པ་དེ་ཕྱོགས་ནས་འགུལ་བ་མིན་ཞུས་པས། བཤེས་གཉེན་པའི་ཞལ་ནས། འོ་ན་ཁྱེད་བྱ་བ་ནི་མང་། བླ་མ་དམ་པ་རྣམས་ཀྱི་སྐུ་འདྲ་བཞེངས་གསུངས་པས། རྔོག་ན་རེ། བླ་མའི་སྐུ་འདྲ་ཙམ་ཞིག་བཞེངས་པ་བས། བླ་མ་དངོས་ཀྱི་ཡོན་ཏན་བརྗོད་པ་གལ་ཆེ་བ་གདའ་ཡི་ཞུས་པས། བཤེས་གཉེན་པའི་ཞལ་ནས། དེ་ཐམས་ཅད་འདས་ནས་མེད་པ་ལ་སྐུ་དངོས་ཀྱི་ཡོན་ཏན་བྱ་བ་ཅི་ལ་ཟེར་གསུངས་པས། རྔོག་ན་རེ། འདས་པའི་རྗེས་རྣམ་པ་ནས་རྣམ་པ་ཐམས་ཅད་དུ་བཅད་དགོས་པ་ཡང་མི་གདའ་ཡི། ད་ལྟ་ང་ལ་སྐུ་དངོས་བྱུང་བས་མཆོག །བཤེས་གཉེན་པའི་ཞལ་ནས། སྐུ་དངོས་བྱ་བ་ཆོས་སྐུ་ལ་ཟེར་བ་ཡིན། ང་ལ་སྐུ་དངོས་རང་མ་ཟེར་གསུངས་པས། རྔོག་ན་རེ། སྐུ་དངོས་ཆོས་སྐུ་ལ་ཟེར་ནའང་ཟེར། མི་ཟེར་ནའང་མི་ཟེར། ངེད་འདྲ་བའི་གདུལ་བྱ་ལ་མཐོང་ངོས་ཤེས་པའི་སྤྲུལ་སྐུ་རང་དགའ་བར་གདའ་ཡི་ཞེས་ཞུས་པའི་འཕྲོ་ལ། ཇོ་བོ་ཞལ་འཛུམ་བྱས་ནས། ཁྱེད་གཉིས་ཀྱི་དགའ་འཐབ་བྱེད་པ་བས། རྔོག་ཁྱེད་རང་ཞུས་ཤིང་ངས་ལན་བྱའོ་གསུངས། རྔོག་དེ་དུས་ལ་བབ། ཁོ་བོ་དེ་འདོད། ཤགས་ཀྱང་དེའི་ཕྱིར་དུ་བཏབ། ཁོ་བོ་གཞན་ཉོ་ཚོང་བྱ་རྒྱུ་མི་གདའ་ཡི་ཞུས་པས། ཇོ་བོའི་ཞལ་ནས། རྔོག་དེ་རིང་ཡུས་སོ་གསུངས། རྔོག་ན་རེ། གཞན་ཀུན་ཞིང་དུམ་རེ་ཙམ་འཕྲོགས་པ་ལའང་ཡུས་པ་ཡིན། ང་ཐར་པའི་ཞིང་ས་བླ་མའི་ཡོན་ཏན་ཐོས་པ་ལ་བརྟེན་ནས་སྒྲུབ་དགོས་པ་ལ། དངོས་སུ་བཞུགས་བཞིན་དུ་རྗེས་མི་ཆོད་པ་ལ་སྙད་མཛད་པར་གདའ། འོ་ནའང་ཞུ་ལན་གྱི་ཕྲེང་བ་འདི་ནས་མར་ལ།

སྡིག་པའི་གྲོགས་པོ་སྤངས་བྱ་ཞིང་། །དགེ་བའི་བཤེས་གཉེན་བསྟེན་པར་བྱ། །

ཞེས་གསུངས་གདའ་ན། བཤེས་གཉེན་འདིས་སྔོན་སྡིག་པའི་གྲོགས་པོ་ཇི་འདྲ་སྤངས། དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན། སྔར་ལེའུ་བཅུ་བཞི་ཙམ་དུའང་དགེ་བའི་བཤེས་གཉེན་བསྟེན་ཚུལ་མང་པོ་ཞིག་བྱུང་ནའང་། ད་རུང་ཞོར་ལ་སྐྱེས་རབས་ཁྱད་པར་ཅན་འབྱུང་བར་གདའ་བས་གསུང་བར་ཞུ་ཞུས་པས། བཤེས་གཉེན་པ་སྔོན་ཡངས་པ་ཅན་དུ་ཡབ་འོད་དཔལ་དང་། ཡུམ་འོད་ལྡན་ཞེས་བྱ་བའི་སྲས་སུ་འཁྲུངས། དགེ་བའི་བཤེས་གཉེན་འོད་དཔག་མེད་པ་ལ་བསྟེན་ཅིང་མཚན་འོད་ཟེར་ཅན་ཞེས་གསོལ་ཞིང་། ཡབ་ཡུམ་སྲས་དང་བཅས་པ་དེ་རྣམས་ཀྱིས་འགྲོ་བའི་དོན་ཇི་ལྟར་མཛད་པའི་ཚུལ་གསུངས་སོ།།

ཡང་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་དང་རྒྱལ་བ་རྒྱ་མཚོ་གཉིས་ཐུན་མོང་དུ་ཕྱག་ལ་སོགས་པ་ཡན་ལག་བདུན་པ་དང་། ཁྱད་པར་དུ་ཡང་དངུལ་དཀར་གྱི་མཎྜལ་མདའ་གང་པ་ལ་དུང་ཆུང་གི་རྒྱན་བཀོད་ནས་ཕུལ་ཏེ། ཐལ་མོ་སྦྱར་ནས་བླ་མ་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ། དེ་ལྟ་བུའི་ཡབ་ཡུམ་སྲས་དང་བཅས་པས་དེ་དག་ལས་ཁྱད་པར་ཅན་དེ་འདྲ་མཛད། བླ་མ་དེ་འདྲ་བ་བསྟེན། སྔར་གྱི་སྐྱེ་རབས་ཞུས་པས་མ་འོངས་པའི་དམིགས་བསལ་ཡང་བྱུང་། ལོ་ཙཱ་བ་ལ་དྲིས་པས་ཀྱང་དེ་ལ་འགལ་བ་མེད་པ་ཞིག་ཐོས། རྒྱ་གར་གྱི་ཚོ་ངས་མ་རྟོགས་ཀྱི། བོད་ཀྱི་མི་དྲེགས་པ་ཅན་འདི་ཚོ་དམུས་ལོང་དང་འདྲ་བ་འདུག །ནོར་བུ་རིན་པོ་ཆེ་མདུན་ན་ཡོད་བཞིན་དུ་མི་ཤེས་པར་ལག་ནོམ་བྱས་པས། རྡོ་སྣུམ་གཅིག་དང་འདྲ་བར་ཤེས་པ་ཙམ་ལས་མི་གདའ། ཡང་ཞུ་ལན་གྱི་ཕྲེང་བ་འདི་ནས་མར་ལ།

སྡང་དང་མི་བདེའི་སེམས་སྤངས་ཤིང་། །གང་དུ་བདེ་བར་འགྲོ་བར་བྱ། །

གང་ལ་ཆགས་པ་སྤང་བྱ་ཞིང་། །ཆགས་པ་མེད་ལ་གནས་པར་བྱ། །

ཆགས་པས་བདེ་འགྲོའང་མི་ཐོབ་ཅིང་། །ཐར་པའི་སྲོག་ཀྱང་གཅོད་པར་བྱེད། །

ཅེས་གསུངས་གདའ་ན་ཞེས་པའི་འཕྲོ་ལ་བཤེས་གཉེན་པའི་ཞལ་ནས། གདའ་ནའང་གདའ། མི་གདའ་ནའང་མི་གདའ་ན་དང་། རྣམ་གཡེང་མ་ཆེ། རང་གི་སེམས་ཉིད་ལ་བཙན་ས་མ་ཟིན་པའི་བྱུང་ཁུངས་མང་པོ་བྱས་ཀྱང་གར་མི་འགྲོ། ངའི་འཁོར་ཚེ་ཐོས་པས་ཁྱེད་ཐུགས་ཚིམ་ན་ད་ཚོ་དགྲོལ་བ་བཤའ། ཇོ་བོ་ནི་གསུངས་ལ་མདུད་པ་མི་མཛད། ཁྱེད་ནི་ཐུབ་ཚོད་དུ་འདྲི། ངས་ནི་སྐྱེ་འཆི་མང་པོ་བྱས། སྔར་ཡང་བཅོ་ལྔ་ཙམ་ཞིག་མ་བྱུང་ངམ་གསུངས་པས། རྔོག་ན་རེ། ཤིན་ཏུ་མང་བཅོ་ལྔ་བྱུང་། བླ་མའི་གསུང་ལ་སེར་སྣ་ཚོ་ཤིག །འཇིག་རྟེན་ན་ལྔ་གསུམ་བཅོ་ལྔ་བུ་མོའི་ལོ་ཟེར་ནས་གཟེག་གཟེག་མང་པོ་བྱེད་པ་ལ། སྐྱེ་རབས་གསེར་གྱི་སྒྲོག་ཐག་དང་འདྲ་བ་བཅོ་ལྔ་ཙམ་ཐོས། སྔར་ལ་ལྟོས་ན་ད་ཚོད་གྲོལ་བ་རང་དུ་གདའ་གསུངས། གདའ་ནས་ཅི་བྱེད་མི་གདའ་ནས་ཅི་བྱེད། དེ་ཙམ་ཞིག་དེ་ཙམ་ང་རང་ལའང་ཚོད་ཡོད་ཀྱིས། ཇོ་བོ་བཤེས་གཉེན་པ་ཐུ་མོ་འདིས། སྔོན་སྡང་བའི་གྲོགས་དང་མི་བདེ་བའི་སེམས་སྤངས་ཏེ་བདེ་བའི་གནས་སུ་ཇི་ལྟར་ཕྱིན། རྫས་གང་ལ་ཆགས་པ་སྤངས་ནས་ཆགས་པ་མེད་པར་ཇི་ལྟར་གནས། གཞན་གཉིས་ཤུགས་ལ་གོ་བར་མཆིའམ་ཟེར་བའི་མོད་ལ། ཇོ་བོས་འཕྲོ་རྟོགས་ཏེ་བླངས་ནས། ཡང་སྔོན་ཡུལ་ཡངས་པ་ཅན་ན་ཞེས་པའི་འཕྲོ་ལ་དགེ་བསྙེན་པ་ན་རེ། ང་ལས་དབང་ཆུང་བ་ཞིག་གསུངས་པ་ལ། ཇོ་བོ་ན་རེ། དབང་ཆུང་ན་ཁ་རོག་འདུག །འཛེར་པའི་རིགས་ནི་མང་ན་འཛེར་པ་རང་ལ་གཟན་པ་ཡིན་གསུངས་ཤིང་། འབྲོམ་ཉིད་ཁྱེའུ་བྱམས་པར་འཁྲུངས་པའི་ཚེ། ཕ་མ་དང་བཅས་པ་བསོད་སྙོམས་པ་ཀུན་ཏུ་བཟང་པོ་ལ་བསྙེན་བཀུར་ཅིང་། ཆགས་པའི་གནས་སྤངས་ཏེ་རབ་ཏུ་བྱུང་བར་གསུངས་ཤིང་། ལེགས་པའི་ཤེས་རབ་དེའི་ཚེ་བྱམས་པ་དང་། ཀུན་ཏུ་བཟང་པོ་ནི་སྨོས་ཅི་འཚལ། ཡབ་ཀུན་དགའ་ནག་ཚོ་ཆེན་པོ་ཡིན། ཡུམ་ལེགས་སྦྱིན་མ་ནི་ཀ་བ་ཤཱཀྱ་དབང་ཕྱུག་གོ །ལེགས་པའི་ཤེས་རབ་དེ་ལྟ་བས་ན་ལས་འབྲས་ལ་བླང་དོར་མཁས་པར་བྱེད་པ་ལ་གཅེས་སྤྲས་སུ་མཛོད་ཅིག །སྨན་བཤད་དང་ལག་ལེན་བསྟུན་པ་ནི་ཀུན་ཏུ་གཅེས་པར་གདའོ་ཞེས་གསུངས་སོ།།

ཡང་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཆེན་པོ་ལགས། བཤེས་གཉེན་འདིས། དགེ་བཤེས་ལོ་ཙཱ་བ་དང་། དགེ་བཤེས་ཤཱཀྱ་དབང་ཕྱུག་གཉིས་པོ་ལ་རྟག་ཏུ་དྲིན་ཆེ་བར་གདའ་སྟེ། དྲིན་དུ་གཟོ་བ་ཅི་འདྲ་བདོག་གམ་ཞུས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་དང་ང་གཉིས་མང་དུ་འགྲོགས་ཏེ། དྲིན་གཟོ་བའི་གཏམ་འབའ་ཞིག་ལས་མི་རིགས་པ་གཅིག་ཀྱང་ཐོས་མ་མྱོང་། ཀ་བ་འདི་ཆོས་པ་བཟང་པོ་ཞིག་འདུག །འབྲོམ་འདི་ལའང་བརྩེ་དུང་ཆེ་བ་ཅིག་འདུག །འབྲོམ་ཡང་བློ་གཏད་ཆེ་བ་ཅིག་འདུག །གཉིས་པོའི་བར་དུ་གཞན་གྱི་དབྱེས་མི་ཚུད་པ་ཅིག་ཀྱང་འདུག །ནངས་པར་ནས་ཤིན་ཏུ་གསལ་མཆིས་གསུངས། དེའི་སང་རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་དང་རྒྱལ་བ་རྒྱ་མཚོ་ཐུན་མོང་དུ། ཕྱག་ལ་སོགས་པ་ཡན་ལན་བདུན་པ་དང་། ཁྱད་པར་དུ་དངུལ་གྱི་མཎྜལ་མདའ་གང་པ་ལ་དུང་ཆུང་གི་རྒྱན་བཀོད་ནས་ཕུལ་ཏེ་ཐལ་མོ་སྦྱར་ནས། ཁ་སང་ལས་འབྲས་མི་བསླུ་བས། སྤང་བླང་ལ་བརྩོན་དགོས་གསུངས་པ་དང་། སྨན་བཤད་བཀླགས་པས་མི་ཕན་ལག་ལེན་ལ་གདབ་དགོས་གསུངས་པའི་གསུང་དེ་ཤིན་ཏུ་མད། སྤྱིར་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག །ཁྱད་པར་དུ་ཡང་སེམས་ཅན་འདི་སྐྱེ་འཆི་མང་། ཡང་སྒོས་སུ་ཡང་འདི་སང་ཚེའི་སྙིགས་མར་སོང་བ་དང་། ཉིང་དགོས་སུ་ཡང་ན་སོ་ཡར་གཏུགས་པའི་སྟོབས་ཀྱིས་བཤད་པ་བྱས་པ་ཙམ་གྱིས་ཆོག་པར་གདའ་ལགས་སམ། ཁ་སང་ནས་ང་ལ་ཉན་བཤད་བྱས་པའི་བློ་བསྐྱེད་ཚེ། ཐོས་རྡོ་ཙ་ན་བསམ་རྡོ། བསམ་རྡོ་ཙམ་ན་སྒོམ་འཕེལ། འཇིག་རྟེན་གྱི་ཁ་ངག་ལ། རྣ་བར་བུ་རམ་མུར་ཟེར་བ་དེ་ང་ལ་བྱུང་བ་ཡིན། ཡང་ཞུ་ལན་གྱི་ཕྲེང་བ་འདི་ནས་མར་ལ།

གང་དུ་བདེ་བའི་ཆོས་མཐོང་བ། །དེར་ནི་རྟག་ཏུ་འབད་པར་བྱ། །

ཐོག་མར་བརྩམས་པ་གང་ཡིན་པ། །དང་པོར་དེ་ཉིད་བསྒྲུབ་བྱ་སྟེ། །

དེ་ལྟར་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །

ཞེས་གསུངས་གདའ་ན་འཕྲོ་ལ། བཤེས་གཉེན་པའི་ཞལ་ནས། སྣང་ཚུལ་མང་ལ་ཉམས་མྱོང་ཆུང་བ་དེ་མ་མཛད། ཐོག་མར་བརྩམས་པ་དེ་ཉིད་སྒྲུབ། གཞན་དུ་གཉིས་ཀར་འགྲུབ་མི་འགྱུར་བྱ་བ་དེ་ཐུགས་ལ་ཁྲོམ་ལ་ཐོག་མར་འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས་སེམས་པ་ཡིན་པས་དེ་ཉིད་ལ་སྒོམ་གྱིས། སྤྱིར་མི་རྟག་པ་ཁྱད་པར་དུ་རྒས་པ་སྐད་ཟེར་ཅིང་། ད་རུང་ངའི་འཁོར་ཚེ་ལ་ཐོས་པ་མང་པོ་བྱེད་པ་མི་འཁྲུགས་ཀྱི། རྒས་ཁར་གཏན་དུ་ཕན་པའི་ཟབ་མོ་ཚོ་ཡང་སྒོམ་པ་མ་བྱུང་། ངས་འདིར་སྐྱེས་འདིར་སྐྱེས་ཀྱི་རྩད་ཐར་རེ་ཡང་མ་ཆོད་པས། སླར་ལབ་ཕྲེང་བ་ཞིག་འོང་གི་འདུག་གསུངས་པས། རྔོག་ན་རེ། ཐོག་མར་བརྩམས་པ་རིམ་གཅིག་ཚར་ནས་གདའ་ཡི། རིགས་གཅིག་ལ་མི་རྒན་རོང་ཁུང་དོག་མོ་འདི་ནས་ཡར་ཡོང་བའི་དོན་གོ །ཐོག་མར་ཁྱེད་ཀྱི་སྐྱེས་རབས་ཟབ་མོ་འདི་ཚོ་ཞུ་བ་ཡིན་པ། ཐོག་མ་འདི་ཉིད་སྒྲུབ་པར་བྱ་ཡིས། འཆི་བ་མི་རྟག་པ་ལས་རྒྱུ་འབྲས་སྒོམ་ནའང་དང་པོ་ཞག་རང་འཕེལ་གྱིས་ཐོག་མར་གཉིས་ཀ་འགྲུབ་པ་ཞིག་འོང་བར་འདུག་སྟེ་ང་རང་གིས་ཉོས་པ་ཡིན་གྱིས། འཆི་བའི་ཚེ་ནའང་མཐོ་རིས་སུ་སྐྱེ་བའི་རྒྱུ་ཚུལ་ཁྲིམས་གཙང་པོ་བསྲུངས། རྒྱུད་ཐོས་བསམ་སྒོམ་གསུམ་གྱིས་བཏུལ། རྒས་ནའང་རྒས་ཏེ་ཆོས་ཀྱི་ངང་དུ་རྒས་པ་ཡིན། ཤི་ཡང་འགྱོད་པ་མེད། རྒྱལ་བ་ཡབ་སྲས་ཀྱི་གསུང་ཁྱད་པར་ཅན་ཐོས་པས་མཚམས་སྦྱོར་བཟང་། ཇོ་བོ་ཆེན་པོ་ངའི་འདི་ལ་ལན་ཅིག་མཛད་པར་ཞུ་ཞུས་པར། བཤེས་གཉེན་པ་དེ་ལ་ཧཱུཾ་གསུངས་པ་ནས་གཞན་བྱ་རྒྱུ་མ་བྱུང་། ཇོ་བོ་བཞད་ཅིང་ལྕེ་བཅོ་བརྒྱད་ཙམ་གྱིས་སྨྲ་བ་དག་གིས་ཀྱང་། ངའི་ཨུ་སི་ཀ་ལ་ལན་གདབ་རྒྱུ་མ་བྱུང་ན། དེ་རིང་རྔོག་འདི་རང་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་དབུགས་བྱུང་ཞེས་གསུངས་ཤིང་། རྒྱལ་བུ་སེངྒེ་སྒྲའི་སྐྱེས་རབས་གསུང་པར་བརྩམས་པ་དང་། བཤེས་གཉེན་པའི་ཞལ་ནས། ཇོ་བོ་རེ་ཞིག་འཐེན་མཛོད་ཅིག །ངའི་ལོ་ཙཱ་བ་དང་། ཤཱཀྱ་དབང་ཕྱུག་གཉིས་འབྱོན་ཞིང་ཡོད། དེ་རིང་གི་གཏམ་རྒྱུད་འདི་ཁོང་གཉིས་པོ་ལའང་བཤད་དགོས། རེ་ཞིག་གསུང་གླེང་གཞན་མཛོད་ཅིག །ནང་དུ་ཇ་སུན་ཅིག་སྐོལ་དུ་བཞུགས་འཚལ་གསུངས་པས། རྔོག་ན་རེ། ཕྱི་མི་ཞུགས་ན་མི་འཐད་ཁོ་བོས་སྐོལ་གྱི་ཟེར། བཤེས་གཉེན་པའི་ཞལ་ནས། དེ་རིང་ཁོ་བོའི་ཉེ་འབྲེལ་བཙུན་ཆུང་བློ་ཐུབ་པ་གཅིག་ཡོད་ཀྱིས་བགྲེས་པོ་འོ་བརྒྱལ་ཞེས་ནང་དུ་གཤེགས་པ་དང་། འབྲོམ་དུ་བ་ཐུལ་གྱིས་བྱུང་། འོ་ན་ཁོང་ནང་ན་ཇ་སྐོལ་བའི་ཁ་ཏ་མཛད་ཅིང་ཡོད་སྙམ་ཙ་ན། མཆོད་རྟེན་དཀར་ཆེན་གྱི་རྩ་ན་མར་སླེབས་འདུག །དེར་རྔོག་ཅི་ཡིན་སྙམ་ནས་ཕར་བལྟ་ཚུར་བལྟ་བྱེད་ཙ་ན། ཇོ་བོའི་ཞལ་ནས། དེ་རིང་མི་རྒན་གསུམ་ན་ཆུང་མ་གསུམ་འཕྲད་པ་དང་འདྲ་བར་ཕར་འཐེན་ཚུར་འཐེན་འོང་། ང་ཀུན་ལྟད་མོ་བལྟ་གསུངས། རྔོག་ན་རེ། ང་ཡང་བལྟ་ཟེར་ནས་བལྟས་ཙ་ན། མཆོད་རྟེན་དཀར་ཆེན་གྱི་རྩར་ཀ་བ་དང་ལོ་ཙཱ་བ་གཉིས་ཀྱིས་སླེབས་ནས་བྱུང་། ཁོང་གསུམ་འཛོམས་པ་ན། དེ་རིང་ཕྱག་གི་འཚལ་ལུགས་ཇི་འདྲ་བྱེད་སྙམ་ཙ་ན། ཇོ་བོ་ཡང་སྤྱན་ཅེ་རེ་གཟིགས་འདུག །བཤེས་གཉེན་པའི་ཐུགས་དགོངས་ལ། ཀ་བ་བགྲེས་པ་ཡིན་སྔོན་ལ་ཕྱག་བྱེད་དགོས། དེ་ནས་ལོ་ཙཱ་བ་འདི་བོད་ལ་དྲིན་ཆེ་བ་ཡིན་ཏེ། རྟིང་ལ་ཕྱག་བྱེད་དགོས་སྙམ་དུ་དགོངས། ཀ་བའི་ཐུགས་དགོངས་ལ། བོད་ཀྱི་མགོན་པོ་སྤྱན་རས་གཟིགས་བསུ་རུ་བྱོན་པ་ལ་ཕྱག་འཚལ་དུ་ཡོད་པ་དགའ་སྙམ་སྟེ་ཕྱག་འཚལ་བར་བཞེད་དེ། ལོ་ཙཱ་བའི་ཐུགས་དགོངས་ལ། ཚེ་རབས་ཐོག་མ་མེད་པ་ནས་ཀྱི་འདྲེན་པ་ཁོང་ཡིན། ཐུགས་རྒྱལ་མི་བྱེད་པར་འབྱོན་པ་རང་དྲིན་ཆེ་ཕྱག་འཚལ་དགོས་སྙམ། དེར་ཀ་བ་ཆེན་པོ་བཤེས་གཉེན་པ་ལ་ཕྱག་འཚལ་དུ་བྱུང་བ་ལ། བཤེས་གཉེན་པའི་ཞལ་ནས། དེ་འདྲ་མི་མཛད་པར་ཞུ་བྱས་ནས། ཕྱག་ནས་འཛིན་དུ་བྱོན་པའི་བར་ལ། ལོ་ཙཱ་བས་བཤེས་གཉེན་པ་ལ་ཕྱག་འཚལ་དུ་བྱུང་ནས། ཡང་བཤེས་གཉེན་པས་ཀ་བ་བཞག་ནས་ལོ་ཙཱ་བ་འཛིན་དུ་ཕྱིན་པས། ཡང་ཀ་བས་ཕྱག་འཚལ་དུ་བྱུང་། དེ་བཞིན་དུ་གཅིག་འཛིན་དུ་ཕྱིན་པ་དང་། གཅིག་གིས་ཕྱག་འཚལ་ཏེ། སྤྲུལ་པ་དུ་མ་མཁྱེན་ཀྱང་དེའི་སྐབས་སུ་སྟབས་ཏེ། ང་ཕར་འཛིན་ཚུར་འཛིན་བྱེད་པའི་བར་ལ་ཁོང་གཉིས་ཀྱིས་ཕྱག་དུ་མ་བཙལ་ནས་ངས་གཅིག་ཀྱང་འཚལ་བ་མ་བྱུང་། ད་འཛིན་པ་རང་བས་ང་རང་ཡང་ཕྱག་འཚལ་བ་དྲག་སྙམ་ནས། ཚུར་ལ་ཕུལ་བ་ཡར་དཀོན་མཆོག་བཞེས་ཞེས་ཁོང་གཉིས་བླ་གོས་ཀྱི་ཤམ་ཤམ་བྱེད་པའི་བར་ལ། བཤེས་གཉེན་པ་ཅ་པོ་བདེ་བས་ཕྱག་ཡང་ཡང་བཙལ་བ་དང་། ཁོང་རྣམ་པ་རྣམས་བྲེད་དེ་བླ་གོས་ཙར་མ་ནར་མ་ལ་བྱུང་ནས་འཛིན་གྱི་གདའ་བ་ལ། རྔོག་དགའ་དྲགས་ནས་མཆི་མ་ཤོར། ཇོ་བོའང་ཡང་ཡང་བཞད་ཅིང་འདུག །ཐམས་ཅད་སེམས་ཀྱི་ཁྱད་པར་འདི་ངོ་མཚར་ཆེ། གཞན་ནི་འདི་འདྲའི་ཕར་འཐེན་ཚུར་འཐེན་ལ་མི་ཚེ་ལ་མི་བཟླུམ་པའི་འཁོན་འོང་བ་ལ། ཁོང་གསུམ་ནི་གཅིག་གིས་གཅིག་འཁུར་བའི་ཕར་འཐེན་ཚུར་འཐེན་ཡིན་པས་མི་ཚེ་ལ་གཞན་གྱིས་མི་ཕྱེད་པའི་དག་སྣང་འོང་། དེར་རྔོག་ན་རེ། རྒད་པོ་གསུམ་གྱི་རྩེད་མོའི་གསེབ་ཏུ་རྒད་པོ་ཡང་རྩེད་མོ་ལ་འགྲོ་ཟེར་ནས། ཡན་ལག་བཞི་ཀ་ས་ལ་བཙུགས་ནས་ལངས་ཏེ་སོང་ངོ་། །

ཇོ་བོ་ཤུལ་ནས་བཞད་ཅིང་རྐང་པའི་རོགས་ལག་པས་བྱེད་ཅིང་ཁོང་ཡང་དག་སྣང་ལ་སོང་ངོ་གསུངས། དེ་ནས་རྔོག་གི་རྟོག་པ་ལ་དེ་ལྟར་ཕར་འཐེན་ཚུར་འཐེན་པས། ད་ལྟ་འདི་ནས་རང་ཕྱག་བཙལ་སྙམ་སྟེ་ཕྱག་འཚལ་བས། ལོ་ཙཱ་བའི་ཞལ་ནས། ཕ་གི་ཡང་ཕྱག་འཚལ་བར་རྩོམ་མོ་ཟེར། བཤེས་གཉེན་པའི་ཞལ་ནས། ཀ་བ་བགྲེས་པ་ཡིན་པས་བཞུགས། ལོ་ཙཱ་བས་ཕྱག་འཚོལ་ཅིག་གསུངས། ཀ་བའི་ཞལ་ནས། ང་རྒན་ཏེ་ཆོས་རང་ཁོས་བྱས་ཀྱིས་གསུངས་ནས་ཕྱག་འཚལ་བས། རྔོག་ན་རེ། དེ་ལྟར་མཛད་ན་ནི་མི་འཚལ་ལོ་ཟེར་བས་ཇོ་བོ་བཞད་ཅིང་གདའ། ཀ་བའི་ཞལ་ནས། འོ་ན་གནད་པོ་རང་གཅིག་བྱས་ཀྱིས་ཟེར། དེ་ནས་བཞི་ཆར་གདོང་ནས་ཇོ་བོའི་དྲུང་དུ་འོང་བའི་ལམ་ཁར། ལོ་ཙཱ་བའི་ཞལ་ནས། ཁྱེད་ཡབ་སྲས་གསུམ་གྱིས་དབེན་པར་བཞུགས་ཏེ་གནོག་པོ་ཞིག་གསོལ་དབའ་ཟེར། རྔོག་ན་རེ། བྱུང་བ་བྱུང་སྟེ་དབང་ཆུང་བས་ཕྱིར་འབུག་བྱས་པ་མེད་པ་ཞིག་བྱུང་། ལོ་ཙཱ་བའི་ཞལ་ནས། འུ་ཅག་གི་ཆོས་ལུགས་འདིའི་ལུགས་ཀྱིས་དེ་སྐྱོན་མ་ཡིན། ཁྱེད་པས་ལྟ། ངས་ཇོ་བོའི་ཚོགས་གཉིས་ཀྱི་སྒོ་ནས་དཀའ་སྤྱད་མཛད་ལུགས། ཐར་པ་ཐོབ་ལུགས་ལ་སོགས་པ་དུམ་ཞིག་ཡོད་དེ། གཏམ་ཆེན་མོ་ལ་སོགས་པ་གྲགས་པ་ཅན་ཕལ་ཆེ་བ་ཞིག་མ་ཡིན་པ། སྦས་པའི་ཆོས་དུ་མ་ཞིག་གཏེར་དུ་སྦེད་པ་ལས་འབུར་བྱས་པ་མ་བྱུང་། དེར་རྔོག་གི་བསམ་པ་ལའང་བཀའ་སྲོལ་འདིའི་ལུགས་ཀྱི་ཡོན་ཏན་སྦེད་པ་ལ་གཙོ་ཆེར་མཛད་ཀྱི་ཡོད་པར་འདུག་སྙམ་སྟེ། དེ་རིང་ངས་བཤད་པར་མི་གདའ་སྟེ། ཇོ་བོ་རང་གིས་གསུང་བར་ཡོད་ཀྱིས། གཞན་མི་བྱུང་གིས་དོགས་པ་ལ་ཁྱེད་བྱུང་བ་དེ་དགའ་བ་ཞིག་བྱུང་ཟེར་ནས་ཇོ་བོའི་དྲུང་དུ་སླེབས་པ་དང་། དགེ་བཤེས་པ་གཉིས་ཀྱིས་ཡན་ལག་བདུན་པ་ཕུལ། ཇོ་བོའི་ཞལ་ནས། ཁྱེད་གཉིས་ཡོང་བ་དེ་དགའ། སི་ཀས་ནང་ན་ཇ་སྐོལ་དུ་བཅུག་ཡོད། སྔོན་ལ་ཇ་འཐུང་དུ་འདེངས། དེ་ནས་ངེད་ཀྱི་ཆོས་འཕྲོ་ཞིག་ཡོད་པ་ཁྱེད་གཉིས་ལ་ཡང་བསྟན་གྱིས་གསུངས་ནས་ནང་དུ་བྱོན་ཙ་ན། སྔར་མེད་པའི་བཙུན་ཆུང་གཞོན་ནུ་མ་གཅིག་ཇ་བཟང་པོ་ཞིག་བཙོས། ཀོང་ཚེ་གཅིག་ནས་དཀར་ཡོལ་དྲུག་པ་ཞིག་ཕྱུང་། སྡེར་མ་ལྔར་ཙམ་པ་དང་། ཞིབ་ཐུད་སྦྱར་ཏེ་གཙང་སྦྲས་ཐོན་པ་བྱས་ཏེ་དྲངས། བཙུན་ཆུང་རང་ཕྱེ་དང་མི་འགམ་པར་ཇ་གསོལ་ཞིང་གདའ། དེར་ལོ་ཙཱ་བའི་ཞལ་ནས། ཚེ་དང་ལྡན་པ་འདི་གང་པ་ཞིག་ཡིན་ཟེར། བཤེས་གཉེན་པའི་ཞལ་ནས། འུ་ཅག་གི་ཉེ་སྐོར་ཞིག་ལགས་ཏེ། ཁོང་ཡང་གློ་བུར་དུ་བྱུང་། དེ་རིང་འདིར་མཁོ་བ་ཞིག་བྱུང་གསུངས། ཀ་བའི་ཞལ་ནས། འོས་ཀྱང་མེད་བཙུན་ཆུང་འདུལ་བ་དང་མཐུན་གསུངས། དེ་ནས་ཇ་གསོལ་བའི་རྗེས་ལ། ཇོ་བོའི་ཞལ་ནས། ད་ཅི་ནས་ཀྱི་འཕྲོ་དེ་བཤད་དགོས་ཏེ་འཕྲོའི་སྔོན་ལ་ཁྱེད་གཉིས་པོས་མ་སླེབས་པས། ད་ཅི་ནས་ཀྱི་དེ་ཡང་བཤད་དགོས་གསུངས་ནས་སྐྱོར་བ་མཛད་ཅིང་། རྒྱལ་པོ་དཔའ་བོའི་སྲས་རྒྱལ་པོ་སེངྒེ་སྒྲས། རྒྱལ་པོ་སྤྱོད་མེད་ཇི་ལྟར་བཏུལ་བའི་གཏམ་རྒྱུད་གསུངས་སོ།།

ཡང་ཡེར་པ་ལྷ་རི་སྙིང་པོའི་མགུལ་ན་རྒྱལ་བ་ཡབ་སྲས་གཉིས། སྤྲུལ་པའི་བྱང་ཆུབ་སེམས་དཔའ་སྐད་གཉིས་སྨྲ་བ་ཆེན་པོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དང་། མཁས་བཙུན་ཆེན་པོ་ཀ་བ་ཤཱཀྱ་དབང་ཕྱུག །འབྲོམ་གྱི་ཕྱག་གཡོན་པ་དང་འདྲ་བ་དེ་བཞི་གྲྭ་གཅིག་ཞལ་འཛོམས་པའི་དུས་སུ། རྔོག་ལེགས་པའི་ཤེས་རབ་ཀྱིས་བླ་མ་དང་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་དག་ལ་སྟོན་པ་དང་། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་རབ་ཏུ་བཞག་སྟེ། ཕྱག་ལ་སོགས་པ་ཡན་ལག་བདུན་པ་རྒྱས་པར་ཕུལ་ཏེ། ཁྱེད་དཔོན་སློབ་ཀ་བ་པ་རྣམ་གཉིས་ལ་ཞུ་ན། ཆོས་ལ་ལ་ཀུན་ན་མར་ལ་འུ་ཅག་གི་འདི་ཀུན་གཞན་ལ་མེད་པའི་ཆོས་ཟབ་མོ་ཡིན་ཟེར་ནས། རང་ལ་ཅི་ཡང་མེད་ཀྱང་རྒྱུ་ཆ་ཐམས་ཅད་བསགས་ནས་ཚོགས་འཁོར་རྒྱ་ཆེན་པོ་བཏང་སྟེ་དངོས་གཞི་ལ་ཅི་འོང་ངམ་སྙམ་ཙ་ན། རས་མ་རེ་ཙམ་གྱིས་མིག་དཀྲིས། ལག་པའམ་མེ་ལོང་གི་གཟུགས་བརྙན་དེ་ཙམ་རེ་སྟོན། ཁྱོད་མ་རིག་པའི་བསྒྲིབས་པས་འོད་གསལ་ཆེན་པོ་མ་མཐོང་། ཞེས་བྱ་བ་ལ་སོགས་པ་བྱིས་པའི་རྩེད་མོ་འདྲ་བའི་བརྡ་ཆོས་འདྲ་བ་ཟབ་མོ་རྔམས་ལས་རྒལ་བ་ཙམ་དུ་རྩི་ཞིང་གདའ། ངས་བལྟས་ཙ་ན་འགལ་སྙམ་གྱི་གདའ། ལེན་པ་ཐེག་པའི་ཡང་རྩེར་ཁས་ལེན། ཆོས་བརྡའ་ཆོས་ལ་བསྟན་དུ་མི་བཏུབ། ཐེག་པ་དེ་ནས་ཡར་ལ་སོང་ནས། ཐེག་པ་དེ་ནས་ཡར་ལ་སོང་ནས། མིག་རས་མས་དཀྲིས་པ་འདྲ་བའི་སྒྲིབ་པ་ཞིག་འོང་བའི་ཁྲིམས་ཡོད་དེ། ལར་ཆོས་མགོ་འདོན་མཁས་མི་མཁས་ཀྱི་ཁྱད་པར་དུ་གདའ་བ། འུ་ཅག་ཀུན་ཐེག་པའི་དམའ་ཤོས་ཚོགས་ལམ་ཆུང་ངུ་ནས་བཟུང་ནས། མཐར་སངས་རྒྱས་ཀྱི་ས་ཐུག་སར་འགྲོ་བ་ལ། སྐས་གདང་བཅུའི་བར་དུ་འཛེགས་ནས་གཟོད་ཐོག་ཁ་དང་འདྲ་བའི་སངས་རྒྱས་ཀྱི་སར་འགྲོ་བར་འདོད་པ་ལ། དང་པོར་ཚོགས་ལམ་ཆུང་ངུ་དེ་མེད་ན་ལམ་གོང་མ་མི་འབྱུང་བར་བྱེད་ལ། ཚོགས་ལམ་ཆུང་དེ་ན། འཆི་མྱུར་དུ་འཆི། རྒྱུ་མཚན་ཡང་མི་དུ་མ་གཅིག་པ་ལ་སྔར་ཚེ་ཐར་བ་ཡིན་ཟེར་བ་གཅིག་ཀྱང་མ་མཐོང་། རྒྱལ་བ་རྣམས་ཀྱི་བཀའ་ལས་ཀྱང་། མི་འཆི་བར་བཤད་པ་གཅིག་ཀྱང་མི་འདུག །རང་ལ་མངོན་ཤེས་མེད་པས་དོ་ནུབ་མི་འཆི་བའི་ཚོད་མི་ཟིན་པ་མ་གཏོགས་འཆི་བ་འདི་སྙིང་ཉེ་རིང་མེད། ང་གཅིག་པུ་བཞག་དོགས་མེད། མིར་མ་ཟད་སེམས་ཅན་ཐམས་ཅད་དེ་དང་མཚུངས། སེམས་ཅན་དུ་མ་ཟད། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་མི་རྟག་པ་ཡིན། དེ་ལས་སྐྱོབ་པའི་ཆོས་ཤིག་ཅིས་ཀྱང་མ་བྱས་པས་མི་འོང་སྙམ་དུ་འུ་ཅག་གི་ལས་དང་པོ་དམའ་ཤོས་དེ་ནའང་། ངེས་ངེས་ཏིག་ཏིག་རྗེན་ཆེ་རེ་དེ་འདྲ་གཅིག་གིས་ཉམས་སུ་ལེན་ན། ཁོང་གི་ཐེག་པའི་ཡང་རྩེ་ན་ཡང་ལྐུག་པ་ལ་ལག་བརྡ་བྱེད་པ་འདྲ་བ་དེ་འདྲ་བ་གཅིག་རང་འོང་། ང་བླ་མ་རྒྱ་བོད་གཉིས་ན་རྩོད་པ་མེད། ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་ཡང་། ཕལ་ཆེར་རྒྱ་མཚོའི་གཏིང་ལ་ཆོད་པ་མེད་པར་མ་ཟད། རྒྱ་མཚོ་སྲེད་མེད་ཀྱི་བུའི་རྡོ་རྗེས་བཤིག་ཀྱང་མི་བཤིག་པ་དེའི་གཏིང་དུ་སུས་ཕྱིན་ཏེ་རྟོགས། ལུང་ཆུང་རེའི་ནང་ནས་མར་ལ་འབབ་པའི་ཆུ་ཕྲན་དེ་ཀུན་ཡོད་ས་མེད་ས་ནས་ཀུ་ཅོ་འབྱིན། རང་གི་ཁ་གཏིང་ཐམས་ཅད་ཅི་ཡོད་སྟོན། རྒྱ་མཚོ་ཆེན་པོ་དེ་ལྟར་ག་ན་ཡིན། དེ་རིང་ང་ལ་ཡོད་ན་མཆོད་སྤྲིན་ནམ་མཁར་ཤོང་ཚད་བཤམས་པ་འབའ་པ་ཡིན་ཏེ་རྒྱུས་མ་ལྕོགས། འོ་ན་གང་ཡོད་འབུངས་འཚལ་ཟེར་ནས། ཇོ་བོ་ལ་གསེར་གྱི་མཎྜལ་མདའ་གང་པ་གཅིག་ལ་གཡུ་སྲང་གང་མ་གཅིག་དཀྱིལ་དུ་བཞག །ཞོ་རེ་མ་བརྒྱད་ཀྱིས་མཐའ་སྐོར། དངུལ་གྱི་མན་འཇི་གཅིག་སྟེང་དུ་བཞག་སྟེ་ཕུལ། ཀ་པ་བ་རྣམ་གཉིས་ལའང་གསེར་ཞོ་རེ་རེ་ཕུལ་བས། ཀ་བའི་ཞལ་ནས། ང་ཀུན་ནི་གསེར་ལ་མི་རེག་གོ་གསུངས། ལོ་ཙཱ་བའི་ཞལ་ནས། ང་ལོ་ཙཱབ་མི་གཅིག་ལ་གསེར་དང་དགོས་རྒྱུ་མི་གདའ་སྟེ། བསྟན་པ་ལ་ནོར་གྱིས་ཕན་པའི་དུས་ཚོད་ཅིག་འོང་ཀ་ཙ་ན། སྔར་ཡང་རེག་རེག་མང་དུ་བྱ་དགོས་པ་བྱུང་། ད་ལན་ཡང་དུས་དྲན་བྱ་བ་ལས་མ་ཤེས་སོ་གསུངས་ནས་བཞེས་སོ།།

བཤེས་གཉེན་པའི་ཞལ་ནས། གཉིས་ཀ་ངོ་མཚར་ཆེ་གསུངས། ཇོ་བོའི་ཞལ་ནས། ང་ཡང་ལོ་ཙཱ་བ་ལ་མཐུ་མོ་གསུས། དེར་རྔོག་གིས་རང་གོན་འཕྲོའི་ཕྲུག་ཆམ་བཟང་པོ་གཅིག་ཡོད་པ་དེ་ཀ་བ་ལ་གསོལ་ནས་གསེར་ཕྱག་ཚགས་མཛད། དེར་བཤེས་གཉེན་པའི་ཞལ་ནས། ཆོས་དང་མཐུན་པར་མཛད་ན་འབྲས་བུ་མངོན་དུའང་འོང་། གསེར་ཞོ་གང་མ་བཞེས་པས་སྲང་ཕྱེད་རི་བའི་ཆམ་ཚེ་གཅིག་བྱུང་གསུངས་པས། དེར་ཐམས་ཅད་བཞད་གད་ཐེག་པ་ཞིག་བྱུང་། གཞན་ཡང་རྔོག་གིས་དཀར་གསུམ་མངར་གསུམ་ལ་སོགས་པ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། དཀོན་མཆོག་སྤྱི་ལ་ཡང་མཆོད་པ་ཕུན་སུམ་ཚོགས་པ་བཤམས། ཡན་ལག་བདུན་པ་རྒྱས་པར་ཕུལ་ཏེ། ཇོ་བོ་ལ་ཐལ་མོ་སྦྱར་ནས། དེ་རིང་བླ་མའི་གདམས་ངག་བརྡ་ལ་མི་ལྟོས་པར་རྗེན་ཅེ་རེ་བ་ཅིག་ཞུ་ན། ཞུ་ལེན་གྱི་ཕྲེང་བ་འདི་ནས་མར་ལ།

རྟག་ཏུ་སྡིག་དང་དགའ་བྲལ་བས། །གང་དུ་མཐོ་བའི་སེམས་བྱུང་ཚེ། །

དེ་ཚེ་ང་རྒྱལ་བཅག་བྱ་ཞིང་། །བླ་མའི་གདམས་ངག་དྲན་པར་བྱ། །

ཞེས་གསུངས་གདའ་བས་བླ་མའི་གདམས་ངག་དུས་ལ་བབ་ཅེས་སྔར་བཞིན་སྐྱེས་རབས་གསུང་བར་ཞུས་པ་དང་། ཇོ་བོའི་ཞལ་ནས། དཀོན་མཆོག་ཐུགས་རྗེའི་སྤྲིན་ཕུང་འཁྲིགས་པའི་སྐྱབས་ཀྱི་འོག་ནས། རང་རེ་དཔོན་སློབ་བམ་ཁྱེད་གྲོགས་མཆེད་ལས་སྨོན་ལམ་ཆོས་དམ་ཚིག་བསམ་གྱིས་མི་ཁྱབ་པས་སྦྲེལ་ནས་བསིལ་དྲོད་སྙོམས་པར་བཞུགས་ཤིང་། ཕ་རོལ་ཏུ་ཕྱིན་པའི་རྒྱུ་འབྲས་ཕུན་སུམ་ཚོགས་པ་ལ་ཚོགས་པས་ཚོགས་པ་ཁྱད་པར་འཕགས་པ་གདའ། འདས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་དང་ད་ལྟར་གྱི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱིས་བདག་ཅག་མ་འོངས་པའི་སངས་རྒྱས་སུ་འགྱུར་བ་ནི། སྤྱིར་སེམས་ཅན་རྣམས་དང་སྒོས་རང་རེ་དཔོན་སློབ་གྲོགས་མཆེད་ལ་བཀའ་དྲིན་ཆེ་བའི་ཚུལ་ནི་སངས་རྒྱས་ཉིད་ཀྱིས་ཀྱང་བགྲང་བར་མི་ནུས། ད་ཐུགས་རྗེའི་སྤྲིན་ཕུང་འཁྲིགས་པ་ལ་བརྟེན་ནས་བརྡ་ལ་མི་ལྟོས་པར་ཆོས་ཀྱི་སྦྲང་ཆར་དལ་བུས་ཕབ་པ་ནི་སྐབས་ཀྱི་དོན་ཡིན་པས། རྔོག་གསུངས་པ་བཞིན་དུ་བཤད་འཚལ་གསུངས་པས། ཀ་བ་ཆེན་པོའི་གསུངས་ནས་ངེད་ཀུན་རྒས་པ་མིན་ན། གྲལ་མགོ་དེ་སྡོད་པ་ལ་དེ་རིང་གི་དེ་ཀུན་བཟུང་ན་ནི་བྱིན་རླབས་དང་ཕན་ཡོན་དང་སྐབས་དོན་གསུམ་ཀ་ཆེ་བ་ཞིག་གདའ་སྟེ་གསུངས། བཤེས་གཉེན་པའི་ཞལ་ནས། གྲལ་མགོའི་རིགས་ནི་རྒད་པོ་ཀུན་ལ་འབབ་ཀྱི་གདའ། ཟླ་དུམ་གཅིག་ལས་མ་ཐུབ་ཀྱང་བཟུང་འཚལ་གསུངས་ནས་ཁོང་གིས་དེ་ཀར་ལན་གཅིག་བསྐྱར་བས། ལོ་ཙཱ་བའི་ཞལ་ནས། བཤེས་གཉེན་པ་འཛིན་ནི་བཟང་། མང་པོ་ཞིག་གི་བསྟན་ཆོས་གསུངས་ཚད་ནི་ཐུགས་ལ་འཛིན། ཡོན་ཏན་ནས་འཁོར་ཤིག་པ་ལྟར་ནང་ན་ཅི་ཡོད་མིག་གིས་བལྟ་རུ་ཡོད་ན་ནི་རྔམས་ཆེན་པོ་ཞིག་ཡོང་གསུངས། དེར་ཇོ་བོའི་ཞལ་ནས། དག་པའི་གསུང་གླེང་ལ་རྫོགས་དུས་ནི་མེད། ཁོ་བོས་འཕྲོ་བགྱི་ཡིས་གསུངས་ནས། རྒྱལ་བུ་བདེ་མཆོག་གི་སྐྱེས་རབས་རྒྱ་ཆེར་བཤད་པ་མཛད་དོ།།

ཡང་ཡེར་པ་ལྷ་རི་སྙིང་པོའི་མགུལ་ན་ཇོ་བོ་ཡབ་སྲས་གཉིས། ཀ་བ་ཤཱཀྱ་དབང་ཕྱུག །ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྣམས་ཞལ་འཛོམས་པའི་སྤྱན་སྔར། རྔོག་ལེགས་པའི་ཤེས་རབ་ཀྱིས་ཡན་ལག་བདུན་པ་དང་མཎྜལ་ཕུལ་ཏེ། ཇོ་བོའི་དྲུང་དུ་ཐལ་མོ་སྦྱར་ནས་འདི་སྐད་དུ།

ཆོས་ཀྱི་གནས་ལུགས་རབ་སྟོན་ཅིང་། །མི་ཤེས་འཆིང་བ་འགྲོལ་མཛད་པ། །ཀུན་གྱི་བླ་མ་ལྷར་གྱུར་མཆོག །སྔོན་ཆད་རྒྱལ་བ་རྒྱ་མཚོ་ལ། །ཉིན་དང་མཚན་དུ་བཏུང་དུ་བྱུང་། །དེ་ཡང་བླ་མའི་བཀའ་དྲིན་ཡིན། །ད་ཡང་ཐུགས་རྗེས་བཟུང་དུ་གསོལ། །སྔོན་ནས་སྐྱེས་མཆོག་དམ་པ་ནའང་། །མ་དག་སྒྲིབ་པས་བསྒྲིབས་པ་ཡི། །སྐྱེ་བོ་ལོང་བ་དུ་མ་ཡིས། །ཨེ་མ་རྒྱལ་བའི་འབྱུང་གནས་མཆོག །བོད་ཀྱི་མིག་གཅིག་རིན་པོ་ཆེ། །དགོས་འདོད་འབྱུང་བར་མ་མཐོང་ན། །སྐྱེ་བོ་རང་མཚན་ཉིད་དུ་འཁྲུལ། །རྒྱལ་བ་བཞུགས་བཞིན་འདི་འདྲ་ན། །མིག་གཅིག་མྱ་ངན་འདས་གྱུར་ཏེ། །བསྒྲུབ་ཀྱང་བསྒྲུབས་པས་མི་འགྲུབ་ཚེ། །རྨོངས་པའི་སྐྱེ་བོ་མི་འགྱོད་དམ། །ཁྱེད་ཀྱི་མཛད་ཚུལ་ཐོས་པ་ང་། །སྐལ་བ་བཟང་ངོ་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །འབྲལ་གླགས་མེད་དོ་བརྩེ་བ་ཅན། །ང་ནི་ལུས་སྟོང་ཞིག་གྱུར་ཀྱང་། །ཁྱེད་དང་འབྲལ་བར་མི་བྱའོ། །ཞེས་དང་། དེང་སང་ཚེ་ཚད་ཡར་ལ་བརྒལ། །ཚེ་ལྷག་སྤྱོད་པ་ཁར་ཆེར་བཟང་། །རྒན་པོ་ཡལ་བར་མ་དོར་ཞིག །ཉི་མ་རྒས་ཁའི་འོད་ཟེར་ལྟར། གསལ་པོ་མ་དེ་ནུབ་ལ་ཤོར། །ཉིན་འཇུག་འདེགས་པ་ལྔ་བརྒྱ་ཙམ། །ནམ་ཞིག་ཁོ་བོ་ཕ་རོལ་ཚེ། །ཨེ་མ་བདག་ཅག་མུན་པར་འཐོམ། །ཉི་མའི་དཀྱིལ་འཁོར་ནུབ་པར་གྱུར། །དབང་ཡོད་བཞིན་དུ་ཕྱིན་པ་སྐད། །བདག་ཅག་བཞག་ནས་གར་འགྲོ་ཞེས། །སྨྲེ་སྔགས་འདོན་ཞིང་ངུ་བའི་ཚེ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །མཐུ་སྟོབས་དབང་གིས་བསྐྱབ་ཏུ་གསོལ། །དབུགས་ཕྱུང་མྱ་ངན་ཞི་བར་མཛོད། །བདག་ཀྱང་ཞིང་ཁམས་དག་པར་སྐྱོལ། །ལམ་གྱི་བར་གཅོད་བསལ་དུ་གསོལ། །དེ་ནི་བདག་གིས་གསོལ་བའོ། །ཞེས་ཞུས་པ་དང་། བཤེས་གཉེན་པའི་ཞལ་ནས། དགེ་བའི་བཤེས་གཉེན་ང་ལ་ཉོན། །འབྲས་བུ་རྒྱུའི་རྗེས་སུ་འབྲང་། །ཕྲ་ཞིང་ཕྲ་བའི་རྒྱུ་འབྲས་ནི། ཟབ་ཅིང་ཕྲ་སྟེ་རྟོགས་པར་དཀའ། །ཞེས་དང་། ཕྲ་ཡང་བླང་དོར་མཁས་པར་མཛོད། །དེ་ལྟར་གྱུར་ན་ཁོ་བོས་འཛིན། །འཇིག་རྟེན་སྒྲོན་མ་ཀུན་གྱི་སྲས། །སྨོན་ལམ་དབང་བས་བསམ་པ་འགྲུབ། །འབྲས་བུ་བཟང་ངོ་བཤེས་གཉེན་པ། །ལས་ཅན་ལྔ་བརྒྱའི་འཁོར་གྱིས་བསྐོར། །ཐར་དང་ཐར་པའི་ལམ་མཆོག་སྟོན། །རྒས་ཀྱང་བྱ་བ་བཟང་པོར་སྤྱད། །ཞུམ་པར་མ་བྱེད་བཤེས་གཉེན་པ། །ཞེས་གསུངས།

ཇོ་བོའི་ཞལ་ནས། འཇམ་པའི་དབྱངས་ཀྱིས་བྱིན་བརླབས་ནས། །ཡོན་ཏན་རྒྱ་མཚོས་མ་བཅིངས་པར། །རྒྱལ་བ་རྒྱ་མཚོས་བྱིན་བརླབས་པའི། །གྲུབ་ཐོབ་བརྒྱ་རྩའི་གནས་ཀྱི་མཆོག །ཏིང་འཛིན་འཕེལ་བའི་ཕོ་བྲང་འདིར། །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་དང་དམ་ཚིག་རབ་བརྟན་པའི། །སྨོན་ལམ་མཐུ་བཙན་བདག་ཅག་གཉིས། །བཟང་པོའི་འབྲེལ་བས་བགྲོ་བའི་ཚེ། །ཤཱཀྱའི་དགེ་སློང་གནས་འདིར་བྱོན། །རྒྱལ་བ་རྒྱ་མཚོའི་སྐྱེས་རབས་མཆོག །རྦ་རླབས་ནོར་བུ་སྟེར་བ་དེ། །ཡུན་དུ་མ་ཐོགས་ཁྱེད་ཀྱིས་བླངས། །ཡེ་ནས་བཟང་པོ་མི་ཕྱེད་པ། །དེང་སང་རྐྱེན་གྱིས་བརྟན་པར་མཛོད། །གཟུང་དང་ཏིང་འཛིན་གསལ་བ་ཡི། །ཞེས་དང་། ཨེ་མ་ལེགས་པའི་ཤེས་རབ་ཁྱོད། །འདི་ནས་འཕོ་ཚུལ་བསྟན་པའི་ཚེ། །དགའ་ལྡན་པདྨོ་རབ་མཛེས་པའི། །སྦུབས་སུ་ཤེས་རབ་སྒྲོན་མ་ཞེས། །གཟུང་དང་ཏིང་འཛིན་གསལ་བ་ཡི། །གཙང་མའི་ལྷ་མཆོག་ཉིད་དུ་འཁྲུངས། །དེ་ཚེ་རྒྱལ་བ་རྒྱ་མཚོ་ཡིས། །པདྨོའི་སྦུབས་ནས་ཁྱོད་སླང་སྟེ། །ས་བཅུའི་དབང་ཕྱུག་དྲུང་མཆོག་ཏུ། །དྲི་མ་མེད་པ་ང་མཆོད་ཕྱིར། །སྲས་འདི་སྲས་སུ་བཞེས་ཤིག་ཅེས། །དགའ་བ་སྒྲོག་ཅིང་འབུལ་བར་བྱེད། །དགའ་བ་སྒོམས་ཤིག་ཤཱཀྱའི་སྲས། །ཞེས་དང་། དེ་བཞིན་དུ་ཀ་བ་ཤཱཀྱ་དབང་ཕྱུག་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ཨ་མེས་བྱང་ཆུབ་གསུམ་ཡང་དགའ་ལྡན་གྱི་ཞིང་དུ་འཁྲུངས་པར་ལུང་བསྟན་ཅིང་། གཞན་ཡང་བདག་དང་འབྲེལ་ལྡན་རྣམས། །རྒྱལ་བའི་འབྱུང་གནས་བཟང་པོ་འདིས། །དངོས་སམ་བརྒྱུད་པས་འདྲེན་པར་བྱེད། །ཨེ་མ་ནམ་མཁའི་མཐའ་མཉམ་པའི། །ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཅན། །སེམས་ཅན་སྤྱི་དང་བྱེ་བྲག་ལ། །དུས་དྲུག་རྟག་ཏུ་སོ་སོར་གཟིགས། །ཨེ་མ་གསོལ་བ་འདེབས་སོ་ལྷ། །བྱིན་གྱིས་རློབས་ཤིག་སྤྱན་རས་གཟིགས། །རབས་མེད་སྒྲོལ་ཅིག་གྲུ་བོ་ཆེ། །མ་ལུས་བསྡུས་ཤིག་ཕྱག་སྟོང་པ། །གང་ལའང་གཟིགས་ཤིག་སྤྱན་སྟོང་པ། །ཁྱོད་ཡོད་རྒྱལ་བ་མ་ལུས་ཡོད། །ཁྱོད་མེད་འགྲོ་བའི་བདེ་བ་ཟད། །ཁྱོད་ཀྱི་ཡོན་ཏན་རྒྱལ་བས་ཀྱང་། །བརྗོད་པར་མི་ནུས་རླབས་ཆེ་བ། །ཨེ་མ་སྦས་པ་མ་དྲགས་སམ། །ཚིག་ཙམ་མ་ཡིན་སྙིང་ནས་སྨྲས། །ངེས་པར་དགོངས་ལ་བརྩེ་བར་མཛོད། །ཅེས་གསུངས་པས། སྤྱན་སྔ་ན་ལོ་ཙཱ་བ་ཀ་བ་རྔོག་མཆིས་པ་གསུམ་པོ་ན་རེ། བླ་མ་ཨ་ཏི་ཤ་ཡང་འདི་སྐད་གསུངས་པ་ན། བདག་ཅག་ལྟ་བུའི་ལོང་མིག་རྣ་བས་བསླུས་པ་ཡོན་ཏན་དེ་ལྟ་བུ་ཡོད་བཞིན་དུ་མ་མཐོང་། དམ་པ་རྣམས་ཀྱི་ཡོན་ཏན་རྒྱུད་མར་བརྗོད་ཅིང་ཡོད་བཞིན་དུ་མ་ཐོས། ད་གཟོད་རབ་རིབ་ཅན་ལ་སྨན་བཏང་བ་བཞིན་དུ་ཡོན་ཏན་གྱི་ཆ་ཤས་མཐོང་བ་བླ་མའི་བཀའ་དྲིན་ཡིན། སྨན་གཞན་ལ་བརྟེན་ནས་མངོན་སུམ་དུ་ཐོབ་པའི་དུས་ཚོད་ཀྱང་བྱུང་ཞེས་ཡིད་ཆེས་པའི་སྒོ་ནས་སྤྱན་ཆབ་དུ་མ་འབྱུང་། དག་པའི་སྣང་བ་རྒྱ་ཆེན་པོའི་གླེང་མོ་ལ་ཟད་པའི་དུས་མེད། ཞུ་ལན་གྱི་ཕྲེང་བ་འདི་ནས་མར་ལ།

གང་དུ་ཆགས་སྡང་ཡུལ་བྱུང་ཚེ། །སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ། །

མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཆ་བཞིན་དུ་བལྟ་བར་བྱ། །

ལུས་ལ་གནོད་པ་བྱུང་བའི་ཚེ། །སྔོན་གྱི་ལུས་སུ་བལྟ་བར་བྱ། །

ཞེས་གསུངས་གདའ་ན། བཤེས་གཉེན་པ་འདིས། སྔོན་ཆགས་སྡང་བྱུང་བ་ལ་སྒྱུ་མ་སྤྲུལ་པ་བཞིན་དུ་ཇི་ལྟར་མཛད། ཅེས་སོགས་དྲི་བ་ཞུས་པ་དང་། སྔོན་བཤེས་གཉེན་པ་ཆུ་བོ་ཡ་མུ་ནའི་གླིང་དུ་ལྷའི་རྒྱལ་པོར་འཁྲུངས་ཤིང་། དེའི་ཚེ་ཀུན་ཏུ་བཟང་པོས་འགྲོ་བའི་དོན་ལ་བསྐུལ་ཞིང་། བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་མང་པོ་རིམ་པར་འབྱུང་བའི་ལུང་བསྟན་ཇི་ལྟར་མཛད་པ་ལ་སོགས་གསུངས་པ་དང་། ཀ་བའི་ཞལ་ནས། མ་འོངས་ལུང་བསྟན་གྱི་རྒྱལ་རབས་ཤིག་དེར་ཡང་བྱུང་། ཇོ་བོ་རིན་པོ་ཆེ་ལགས། བོད་དུའང་རྒྱལ་པོ་དུ་མ་ཞིག་བྱུང་བ་ལ། ཕལ་ཆེར་ཆོས་རྒྱལ་དེ་དག་རྒྱལ་བའི་འབྱུང་གནས་ཀྱི་སྤྲུལ་པ་ཡིན་པར་འདུག་པ་ལ། ད་རིང་སྣ་རྩེ་ཅིག་རྙེད་པས་ཇོ་བོས་རྒྱལ་རབས་འདི་ཚོའི་ཡིན་ལུགས་ཤིག་བསྟན་པར་ཞུ་ཞུས་པས། སྔོན་རྒྱལ་རབས་གཏེར་སྦས་ཚུལ་སོགས་རགས་པ་ཞིག་གསུངས་ནས། ད་ཧྲིལ་གྱིས་གྲིལ་ན་སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་རིགས་གསུམ་མགོན་པོའི་སྤྲུལ་པར་གྲགས་ཏེ། རལ་པ་ཅན་ལ་སོགས་པ་རིགས་གཞན་གཉིས་ཀྱི་རིགས་ཡིན་ལ། མཁན་བརྒྱུད་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་ང་ཁོ་ན་ཡིན་གྱིས་གཞན་དུ་མ་སེམས་ཤིག་གསུངས་ནས་སྤྱན་ཧུར་མཛད་པས། གཟུགས་མ་མཐོང་བའི་སྒྲ་སྙན་པོ་ཞིག་ཐོག་ཕྱི་ན་ཡོད་པའི་ཁྱི་ཚུན་ཆད་ཀྱིས་ཀྱང་ཐོས་པར་གྱུར་ཏེ། ཁྱི་རྣམས་ཕར་རྒྱུག་ཚུར་རྒྱུག་བྱེད། ལྷ་རི་སྙིང་པོ་ཡང་ཡོམ་ཡོམ་བྱུང་བ་ལ། ཡེར་པ་ན་གནས་པའི་སྐྱེ་བོ་དག་ན་རེ། འདི་འདྲ་བའི་ལྟས་ཅི་ཡིན་ནམ་ནངས་པར་ཕ་སྟོན་ལ་འདྲི་དགོས་ཟེར་ཞིང་གླེང་། དེར་དྲུང་ན་འཁོད་པ་ཀུན་རིག་པ་ཐམས་ཅད་འུར་ནས་སོང་། ཡར་ལ་ལངས་ནས་འཁྲབ་སྙིང་འདོད་པ་བྱུང་།

ཡང་རེ་ཞིག་ན། ཇོ་བོའི་ཞལ་ནས། མཁན་བརྒྱུད་དུ་མ་ཟད་དགེ་སློང་བྱང་ཆུབ་སེམས་དཔའ་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ཐུགས་དང་ལྡན་པ་མཚོ་སྐྱེས་རྡོ་རྗེ་ནི། རྒྱ་གར་ན་འདུལ་བ་འཛིན་པ་ཆེན་པོ་གཅིག་གི་སྤྲུལ་པར་གྲགས་ཏེ། དཔལ་ཧེ་རུ་ཀའི་བཞེད་པས་ཁོ་བོ་ཁོ་ན་ཡིན་པར་བཞེད། གདུལ་བྱའི་དབང་གི་བོད་ཁམས་འདིར་ལན་གཉིས་གསུམ་ཞིག་འོངས་ཏེ་སྤྲུལ་པའང་དེ་ལྟར་དུ་བསྟན་ནོ། །ཞེས་བྱ་བ་སོགས་གསུང་གླེང་མང་པོ་ཞིག་མཛད་དེ། སྐུ་མཆེད་གསུམ་ལ་སོགས་པ་དགེ་བའི་བཤེས་གཉེན་མང་པོ་ལུང་བསྟན་ཅིང་། གཞན་ཡང་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་མཛད་པ་དུ་མ་ཞིག་འབྱུང་སྟེ། བསྡོམས་ན་ཁྲི་ཁྲག་བརྒྱད་དང་། བརྒྱ་ཕྲག་བརྒྱ་དང་ཉི་ཤུ་རྩ་ལྔ་བྱུང་ངོ་། །དེ་ལས་གཞན་པ་དག་ནི་རྟགས་ཙམ་འཛིན་པའོ། །

ཞེས་གསུངས་པའི་འཕྲོ་ལ་དགེ་སློང་དགུང་ལོ་བརྒྱ་ལྷག་ཙམ་བཞེས་པ་གཅིག་དེར་བྱོན་པ་དང་། ཇོ་བོ་གག་སྟེ་བཞེངས་ནས་གནས་བརྟན་ཆེན་པོ་བྱོན་པ་ཐུགས་ལ་བཏགས་གསུངས་པ་དང་། དགེ་སློང་དེའི་ཞལ་ནས། སྙིགས་མའི་དུས་ཀྱི་དགེ་སློང་གི་ཀུན་སྤྱོད་ཅིག་ཁྱེད་གསུངས་པར་འདུག་པ་ལ་ང་ཡང་ཉན་དུ་འོངས་པ་ཡིན་གསུངས། དེ་ནས་ཇོ་བོས་ལྔ་བརྒྱ་མཐའ་མའི་དུས་ཀྱི་རབ་ཏུ་བྱུང་བ་རྣམས་ཀྱི་སྤྱོད་ཚུལ་དང་། བསྟན་པའི་འགྲིབ་ཚུལ་དག་གསུངས་ནས། དེ་འདྲ་བའི་དུས་སུ་རྒྱལ་བའི་འབྱུང་གནས་མ་གཏོགས་པ་འཕགས་པ་དགྲ་བཅོམ་པ་ཐམས་ཅད་ཞིང་ཁམས་གཞན་དུ་གཤེགས། གདུལ་བྱར་མ་གཟིགས་ནས་རྒྱལ་བ་རྣམས་མི་འབྱོན། སྙིང་རྗེ་ཆེན་པོ་རྣམས་ཀྱང་དེ་དག་ལ་ཤིན་ཏུ་བརྩེ་མོད་ཀྱིས་འབྲེལ་མེད་པའི་སྟོབས་ཀྱིས་བརྩེ་བ་ཁོ་ནར་ཟད། རྒྱལ་བའི་འབྱུང་གནས་ནི་ཐབས་དུ་མ་ལ་བརྟེན་ནས་ལས་ཀྱི་འབྲེལ་བ་ཕྲ་ཞིང་ཕྲ་བའང་འཇོག་པར་བྱེད་དོ་གསུངས། འདིའི་སྐབས་སུ་ཀ་བ་པ་གསུམ་སྤྱན་ཆབ་མང་པོ་བྱུང་། ཆོས་རྒྱལ་རྒྱལ་བའི་འབྱུང་གནས་ལ་སྐྱབས་སུ་མཆིའོ། །ཞེས་གསུངས། ད་ཅི་ནས་ཀྱི་གནས་བརྟན་བགྲེས་པོ་བཞེངས་ནས། རྒྱལ་བའི་འབྱུང་གནས་ལ་ཕྱག་གསུམ་བཙལ་ཏེ། ང་ཇོ་བོ་ཆེན་པོས་བཀའ་ལེགས་བསྐོས་པའི་དགེ་སློང་ཡིན་ན། ད་ཡུན་མི་རིང་བར་བྲག་རྒྱབ་ཏུ་བཙུན་ཆུང་གཅིག་འོང་གིས། ལོ་རེ་རེ་གཉིས་གཉིས་དགེ་འདུན་གྱི་གཉེར་འདྲ་བ་བྱེད་འཚལ། རྒྱལ་བ་ཁྱེད་ཀྱིས་བསྐྱང་བར་ཞུ། རེ་ཞིག་གངས་ཏེ་སི་ལ་འགྲོ་གསུངས་ནས་མི་སྣང་བར་གྱུར། དེར་དགེ་བཤེས་ལོ་ཙཱ་བས་དེ་སུ་ཡིན་ཞུས་པས། བཤེས་གཉེན་པའི་ཞལ་ནས་དེ་ངས་བཤད་པས་ཆོག །གནས་བརྟན་ཆེན་པོ་ཡན་ལག་འབྱུང་ཞེས་བྱ་བ་ལྷ་མི་ཐམས་ཅད་ཀྱི་བསོད་ནམས་སྤྱི་དཔལ་ལས་འཁྲུངས་པ་ཅིག་ཡིན་ཏེ། དགེ་བསྙེན་རྒད་པོ་རི་བོང་འདྲ་བ་གཅིག་ལ། ཁོང་གངས་ཀྱི་སེངྒེ་གཅིག་འདུད་དུ་འོང་སྐད་དེ་དགོད་རེ་བྲོ། བློ་ཕུགས་དཀོན་མཆོག་གསུམ་ལ་གཏད་ལ་ཅི་ཡང་ཡོང་བར་འདུག་གསུངས་ཤིང་། དར་མ་བསྟན་པ་བསྣུབས་པའི་འོག་ཏུ་ཡུམ་བསྟན་འོད་སྲུང་སོགས་བྱོན་ཚུལ་ལས་བརྩམས། སྔ་ཕྱིའི་ལུང་བསྟན་མང་པོ་ཞིག་ཐུགས་ཕེབས་པའི་གསུང་གླེང་གི་ཚུལ་དུ་མཛད་དེ། ད་ནི་མི་བཟློག་པའི་འཆི་བདག་ལྟག་ཏུ་བྱུང་ཡང་འགྱོད་པ་མེད་ཅེས་འཕྲོས་པའི་གཏམ་ཐོ་རེ་གསུངས་པ་ལ། ལོ་ཙཱ་བའི་ཞལ་ནས། འོ་ན་དེའི་གོང་དུ་ཆོས་རྒྱལ་མེས་དབོན་གསུམ་ཀ་བྱོན་པས་ཐུགས་བརྩེ་བའི་སྒོ་ནས་ཡིན་ཚུལ་ཞིག་གསུང་བར་ཞུ། དེ་དག་ནི་རིགས་གསུམ་མགོན་པོའི་སྤྲུལ་པར་བཞེད་ཞུས་པས། ཇོ་བོའི་ཞལ་ནས། རྩ་བ་གཅིག་ལ་འཕྲོས་པ་སྟོང་། སྨྱོན་པའི་ཚིག་དང་འདྲ། དང་པོའི་རྩ་བ་གཏོར་ནས་འགྲོ་བ་དེ་མི་འཐད་པ་ཡིན། རེ་ཞིག་ཁོ་བོས་རྔོག་གི་དྲིས་ལན་རྫོགས་པར་བྱ་ཡི། དེ་ནས་ཚུལ་ཁྲིམས་རྒྱལ་བ་དང་མཐུན་པར་ཁོ་བོས་ཀྱང་ཞུ་ཡི་གསུངས་ནས། ལྷའི་རྒྱལ་པོའི་སྐྱེས་རབས་ལུང་བསྟན་དང་བཅས་པ་རྫོགས་པར་གསུངས་ནས། དེས་ལེགས་པའི་ཤེས་རབ་ཀྱི་ཞུ་ལན་ཐལ། ད་མགོན་པོ་སྤྱན་རས་གཟིགས་ཀྱིས་ཆོས་རྒྱལ་མེས་དབོན་གསུམ་དུ་སྤྲུལ་ནས་བོད་དུ་ཇི་ལྟར་བྱོན་པ་དང་། དེ་དག་གི་མེས་ཆེན་གཉའ་ཁྲི་བཙན་པོར་ཇི་ལྟར་སྤྲུལ་ནས་བྱོན་ཚུལ་གླུ་རུ་བཞེས་སུ་གསོལ། སྤྱན་རས་གཟིགས། སྤྱན་རས་གཟིགས། སྤྱན་རས་གཟིགས་ཞེས་ལན་གསུམ་གསུངས་པ་དང་། བཤེས་གཉེན་པ་དབུ་སྐྲ་ལྕང་ལོ་ཡར་བཏེག་མཛད་ནས། སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་མཛད་པའི་འཕྲོ་ལ། དབུ་སྐྲའམ་ན་བཟའི་ཁུད་ཤེད་ནས། སྒྲིབ་པ་རྣམ་པར་སེལ་བ་ཁྱེའུ་གཞོན་ནུ་མའི་གཟུགས་སུ་བྱས་ལ། དགུང་ལོ་བདུན་བརྒྱད་ཙམ་བཞེས་པ་བལྟ་བས་ཆོག་མི་ཤེས་པ་གཅིག་བྱུང་སྟེ། གཡས་གཡོན་དུ་ཕར་ཡུལ་ཡུལ་མཛད་ནས། མགོན་པོས་ཀྱང་གསུང་འབྱོན་པར་ཞུ། ཀྱེ་ཇོ་བོ་པ་རྣམ་པ་རྣམས་ཀྱང་ནང་མི་གསང་ཐུབ་པ་གལ་ཆེ་བ་ཡིན། ངས་ཀྱང་གསང་དཔང་པོའི་ཚུལ་གྱིས་ཐ་མི་དད་པར་ཉན་གྱིས་གསུངས་པ་ལ། བཤེས་གཉེན་པའི་ཞལ་ནས། ཧྲཱིཿ པོ་ཏ་ལ་ཡི་རི་བོ་ན། །སྤྱན་རས་གཟིགས་དབང་ང་བཞུགས་ཚེ། །སྒྲིབ་པ་རྣམ་སེལ་དེར་བྱོན་ཏེ། །མགོན་པོ་བོད་ཀྱི་ཡུལ་དུ་བྱོན། །བོད་རྗེ་གཉའ་ཁྲི་བཙན་པོར་མཛོད། །འགྲོ་བའི་དོན་དུ་ངེས་འགྱུར་གསུངས། །ང་ནི་བདེ་གཤེགས་ཆོས་སྐུ་ལ། །འགྲོ་འོང་ཐ་དད་མི་མངའ་མོད། །བོད་རྗེ་གཉའ་ཁྲི་བཙན་པོར་གྲགས། །སྣང་ངོར་ཐ་དད་དུ་མ་བྱུང་། །གསུངས་པ་དང་། ཡང་དབུ་སྐྲ་དང་ན་བཟའི་ཁུད་ཤེས་ནས། ཀུན་ཏུ་བཟང་པོ་ཁྱེའུ་གཞོན་ནུ་ལོ་བརྒྱད་ཙམ་བཞེས་པ་གཅིག་བྱུང་སྟེ། གཡས་གཡོན་ན་ཕར་ཡུལ་ཡུལ་མཛད་ནས། མགོན་པོས་ཀྱང་གསུང་བྱོན། ཀྱེ་ཁྱེད་ཇོ་བོ་པ་རྣམ་པས་ཀྱང་ནང་མི་གསང་ཐུབ་པར་མཛོད། བདག་གིས་ཀྱང་དཔང་པོའི་ཚུལ་དུ་ཐ་མི་དད་པར་ཉན་གྱིས་གསུངས་པ་དང་། བཤེས་གཉེན་པའི་ཞལ་ནས། ཧྲཱིཿ པོ་ཏ་ལའི་རྩེ་མོ་ན། །སྙིང་རྗེ་ཆེན་པོ་ང་བཞུགས་ཚེ། །ཀུན་ཏུ་བཟང་པོ་དེར་བྱོན་ནས། །ཐུགས་རྗེ་ཆེན་པོ་བོད་དུ་བྱོན། །མཐོ་དོ་རི་ཞེས་བོད་རྗེར་མཛོད། །སེམས་ཅན་དོན་དུ་ངེས་འགྱུར་རོ། །ང་ནི་བདེ་གཤེགས་ཆོས་སྐུ་ལ། །འགྲོ་དང་འོང་བ་མི་མངའ་ཡང་། །མཐོ་དོ་རི་ཞེས་བོད་རྗེར་གྲགས། །སྣང་ངོར་ཐ་དད་དུ་མ་འབྱུང་། །གསུངས་པ་དང་།

ཡང་དབུ་སྐྲའམ་ན་བཟའི་ཁུད་ཤེད་ནས། སྤྱན་རས་གཟིགས་ཁ་སར་པ་ཎིའི་ཆ་ལུགས་འོད་དཀར་པོ་འཕྲོ་བ་དགུང་ལོ་བདུན་བརྒྱད་ཙམ་བཞེས་པ་གཅིག་བྱུང་སྟེ། ཕར་ཡུལ་ཡུལ་མཛད་ཅིང་སྔར་ལྟར་གསོལ་བ་དང་། ཧྲཱིཿ པོ་ཏ་ལ་ཡི་ཞིང་ཁམས་ན། །བརྩེ་བ་ཆེན་པོ་ང་བཞུགས་ཚེ། །ཐུགས་རྗེ་ཆེན་པོ་ཉིད་བྱོན་ཏེ། །རྒྱལ་བ་རྒྱ་མཚོ་བོད་དུ་བྱོན། །བོད་རྗེ་སྲོང་བཙན་སྒམ་པོར་མཛོད། །སེམས་ཅན་དོན་དུ་ངེས་འགྱུར་རོ། །ང་ནི་བདེ་གཤེགས་ཆོས་སྐུ་ཡིན། །འགྲོ་དང་འོང་བ་མི་མངའ་ཡང་། །དེ་ཚེ་སྲོང་བཙན་སྒམ་པོར་གྲགས། །སྣང་ངོར་ཐ་དད་དུ་མ་བྱུང་། །གསུངས།

ཡང་འཇམ་པའི་རྡོ་རྗེ་གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལ་དུ་བྱོན་ནས་སྔར་ལྟར་གསོལ་བ་དང་། ཧྲཱིཿ པོ་ཏ་ལ་ཡི་ཕོ་བྲང་ན། །རྒྱལ་བའི་འབྱུང་གནས་ང་བཞུགས་ཚེ། །འཇམ་པའི་རྡོ་རྗེ་དེར་བྱོན་ཏེ། །དཔའ་བོ་ཆེན་པོ་བོད་དུ་བྱོན། །ཁྲི་སྲོང་ལྡེ་བཙན་བོད་རྗེར་མཛོད། །འགྲོ་བའི་དོན་དུ་ངེས་པར་འགྱུར། །ང་ནི་བདེ་གཤེགས་ཆོས་སྐུ་སྟེ། །འགྲོ་དང་འོང་བ་མི་མངའ་ཡང་། །དེ་ཚེ་ཁྲི་སྲོང་ཞེས་བྱར་གྲགས། །སྣང་ངོར་ཐ་དད་དུ་མ་བྱུང་། །ཞེས་གསུངས། ཡང་ཁྱེའུ་ལྕགས་ཀྱི་རྡོ་རྗེའི་མཁར་བ་ཅན། །ཤིང་ལོ་སྔོན་པོའི་གོས་གྱོན་པ་གཅིག་བྱུང་སྟེ། སྔར་ལྟར་དཔང་པོའི་ཚུལ་གྱིས་ཉན་པར་གསོལ་བ་དང་། རི་རབ་རིའི་རྩེ་མོ་ན། །ལྷ་མིན་འདུལ་ཞིང་ང་བཞུགས་ཚེ། །རྡོ་རྗེ་འཛིན་པ་དེར་བྱོན་ཏེ། །སྤྲུལ་པའི་རྒྱལ་པོ་འགྲོ་ལ་གཟིགས། །ཁྱོད་ཀྱི་ཞིང་ཁམས་བོད་ཡུལ་དེར། །ད་ཡང་བདུད་སྡེས་བསམ་ངན་རྒྱུ། །མཐའ་ཡི་གདུག་པ་དེར་ལྷགས་ཏེ། །ཐམས་ཅད་སྡིག་ལ་བཀོད་པ་སྲིད། །དེ་བས་རྡོ་རྗེ་འཛིན་པ་ང་། །ཁྱེད་དང་དབྱེར་མེད་དཔའ་བོར་བགྱིད། །དེ་ཚེ་བདག་གིས་འདི་སྐད་དུ། །རལ་བ་ཅན་ཞེས་བོད་ཁམས་སུ། །མཐའ་དམག་ལ་སོགས་བདུད་སྡེ་རྣམས། །དྲག་པོས་འདུལ་ཞིང་བསྟན་པ་བསྲུངས། །ཞེས་སོགས་མགུར་མང་པོ་བཞེས་པའི་མཐར། གང་ལ་གང་འདོད་དངོས་གྲུབ་ཡིན། །ཐམས་ཅད་ང་ཡིན་ང་མི་མངའ། །ང་རོའི་བྲག་ཆ་དེ་སྐད་སྒྲོག །ཡིག་འབྲུ་མ་ཡིན་ཐིག་ལེ་ཡིན། །ཐིག་ལེར་རང་གྲོལ་རང་སར་ཡལ། །ཡལ་མེད་ཡེ་ཤེས་ཆེན་པོར་ཐལ། །ཞེས་གསུངས་ནས། སྐུ་ཐིག་ལེ་སེར་པོ་གཅིག་ཏུ་འཁྱིལ་འཁྱིལ་འདུག་པའི་འཕྲོ་ལ་བཤེས་གཉེན་པ་མི་སྣང་བར་ཐལ་ལོ། །དེར་ལོ་ཙཱ་བ་རྣམ་པ་གཉིས་དང་རྔོག་མགྲིན་གཅིག་ཏུ། སྤྲུལ་པའི་ཆོས་རྒྱལ་གང་དུ་ཐལ། །རྒྱལ་བ་རྒྱ་མཚོ་གང་དུ་གཤེགས། །ཐམས་ཅད་ཡིན་ཞེས་གསུངས་གྱུར་ནས། །གཅིག་ཀྱང་མི་སྣང་ཇི་ལྟར་ལགས། །ཐིག་ལེ་ཆེན་པོ་ཡིན་གསུངས་ནས། །སྤྲུལ་པ་དུ་མར་རབ་ཏུ་བསྐྱེད། །ད་ལྟ་གཅིག་ཀྱང་མི་གདའ་ན། །ཆོས་སྐུ་བདེ་གཤེགས་གང་དུ་ཐལ། །ཞེས་པ་ལས་བརྩམས།

ཆོས་དབྱིངས་མཐའ་བྲལ་ཆེན་པོ་ལས། །རྒྱལ་བ་ལྔའི་འབྱུང་གནས་མཚོ། །སྣང་སྟོང་འོད་དུ་ཤར་གྱུར་ནས། །འོད་གསལ་འབྲོམ་རྗེ་མི་སྣང་ན། །ཡིད་སྐྱོ་ཤེས་པ་སོར་མི་གནས། །ཐུགས་རྗེ་ཅན་དེ་གང་དུ་ཐལ། །མ་ཅིག་བུ་ཡོད་དགར་གྱུར་ཏེ། །འབྲལ་རླགས་མེད་པར་བརྩེ་བའི་ཚེ། །གློ་བུར་བུ་གཏོར་ང་རེ་ཞེས། །བུ་དེ་ནམ་རྙེད་སེམས་པ་བཞིན། །ཐུགས་རྗེ་ཅན་དེ་རྙེད་གྱུར་ནས། །ཡུད་ཙམ་ཞིག་ལ་ཐིག་ལེར་གཏོར། །ནམ་ཞིག་མཇལ་བར་འགྱུར་སྙམ་ལས། །རྟོག་པ་གང་ཡང་མི་འགྱུའོ། །ཨེ་མ་མགོན་པོ་ཨ་ཏི་ཤ །རྒྱལ་སྲས་མཆོག་དེ་བསྟན་དུ་གསོལ། །དུས་ལ་བབ་བོ་ཐུགས་རྗེ་ཅན། །ཞེས་གསོལ་བ་དང་། ཇོ་བོའི་ཞལ་ནས། རྒྱལ་བའི་འབྱུང་གནས་མཐོང་འདོད་ན། །ཁོའི་རང་བཞིན་སྙིང་རྗེ་ཡིན། །འགྲོ་བ་ཐམས་ཅད་ཡུལ་བྱས་ནས། །བཟོད་གླགས་མེད་པའི་སྙིང་རྗེ་བསྒོམ། །རིང་པོར་མི་ཐོགས་མངོན་དུ་འགྱུར། །གདམས་པ་ཟབ་མོའང་ཐོབ་པར་འགྱུར། །ཞེས་གསུངས་པ་དང་། ཞུ་བ་པོ་གསུམ་གྱིས་སྙིང་རྗེ་དྲག་པོ་ཐུན་མོང་མ་ཡིན་པ་བསྒོམས་པ་ལ་བརྟེན་ནས། ཇོ་བོའི་ཐུགས་ཁ་ཤེད་ནས། ཐིག་ལེ་དཀར་པོ་གཅིག་འཁྱིལ་འཁྱིལ་བྱུང་བ་སྙམ་པ་ལ། ཐིག་ལེ་དེ་ལས་འོད་ཟེར་དཀར་པོ་དྲུག་བྱུང་ནས་སྟེང་འོག་ཕྱོགས་བཞིར་འཕྲོས་ཏེ། ཁང་པ་ཀ་བཞི་མའི་རྒྱ་ཁྱོན་ཙམ་པའི་འོད་ཀྱི་གཞལ་ཡས་ཁང་ལ་བཏུད་ནས་བལྟས། སྟེང་ཨོ། འོག་ཧཱུཾ། ཤར་མ། ནུབ་པད། བྱང་མེ། ལྷོ་ཎིའི་རྣམ་པར་གནས་པ་དེ་ལྟ་བུའི་གཞལ་ཡས་ཁང་གི་ཕྱོགས་གང་ནས་བྱུང་ཆ་མེད་པར། ཐིག་ལེ་དཀར་པོ་སྲན་མའི་གའུ་ཙམ་ཞིག་བྱུང་སྟེ། དེ་ལ་སེམས་བཏུད་ནས་བལྟས་པས། དེ་འགྱུར་བ་སྙམ་བྱེད་པའམ། དེའི་གསེབ་ཤེད་ནས་ཧྲཱིཿ དཀར་པོ་བཀྲག་འཚེར་བ་གཅིག་བྱུང་། དེ་ཡང་འོད་ཁ་དོག་ལྔས་བཏུམས་ནས་འོད་ཀྱི་རྣམ་པར་ཧྲིལ་ཧྲིལ་ཡོད་པའི་གསེབ་ནས། རེས་འགའ་ཨེའི་རྣམ་པ། རེས་འགའ་ཟླ་བའི་རྣམ་པ་འདྲ་བ་ཞིག་བྱུང་སྟེ་འོད་དེ་བཏེག་གོ།

དེ་ནས་ཅུང་ཞིག་ནས་འོད་དེའི་གསེབ་ནས་ཚུར། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་ཡིག་འབྲུ་དྲུག་རང་སྒྲ་དང་བཅས་ཏེ། སྟེང་འོག་ཕྱོགས་བཞིར་འོད་ཟེར་འཕྲོས་ཤིང་སླར་འོད་དེའི་དཀྱིལ་དུ་ཐིམ། དེ་ནས་རེ་ཞིག་ནས་འོད་དེ་ཇེ་སྲབ་ཏུ་སོང་ནས། ཟླ་འོད་ཅུང་ཟད་ཡོད་པའི་གསེབ་ནས་ཕར་བལྟས་པས། ཧྲཱིཿ དེ་ལ་ཡི་གེ་དྲུག་པོས་གཡས་ཕྱོགས་ནས་བསྐོར་ཏེ། དེ་དག་ལའང་དབུས་ཀྱི་ཡིག་འབྲུ་དེ་ལས་ཡིག་འབྲུ་དྲུག་གི་རྣམ་པར་འོད་ཟེར་འཕྲོས་ཏེ། དྲུག་པ་དེ་ལས་ཀྱང་། ཡིག་འབྲུ་རེ་རེ་ལའང་ཡིག་དྲུག་གི་རྣམ་པའི་འོད་ཟེར་ཕྱོགས་བཅུར་འཕྲོས་ཏེ། མདོར་ན་འོད་ཟེར་དྲུག་ཅུ་དྲུག་ཅུ་གདའོ། །དེར་འོད་ཐམས་ཅད་དང་ཕྱོགས་ཐམས་ཅད་ཀྱང་ཡི་གེ་དྲུག་པའི་སྒྲ་འུར་འུར་པའི་རྣམ་པར་བྱུང་། དེ་ནས་འོད་ཟེར་དྲུག་ཅུ་དྲུག་ཅུ་པོ་དེ་དག་ཚུར་འདུས་ཏེ། ལ་ལ་སྟེང་འོག་དང་ངོས་བཞི་ལ་ཐིམ། ལ་ལ་ཡིག་འབྲུ་ལ་བསྐོར། ཡིག་འབྲུ་དྲུག་ལ་ཐིམ། ལ་ལ་དབུས་ཀྱི་གཙོ་བོ་ཉིད་ལ་ཐིམ།

དེ་ནས་རེ་ཞིག་ནས་ཧྲཱིཿ དེ་ཉིད་བཤེས་གཉེན་པར་འགྱུར་བ་སྙམ་བྱེད་པའམ། ཡིག་འབྲུ་དྲུག་པོ་དེ་དག་གི་གསེབ་ནས་བྱུང་སྙམ་པའམ། འོག་གཞི་ཟླ་བའི་དཀྱིལ་འཁོར་དེ་གཡོ་ཞིང་འདུག་པའི་གསེབ་ནས་བྱུང་བ་སྙམ་པའམ། རེས་འགའ་སྟེང་འོག་ངོས་བཞིའི་གསེབ་ནས་བྱུང་བ་སྙམ་བྱེད་དེ། མདོར་ན་དག་པའི་སྣང་བ་ལ་ལྟད་མོ་ཆེ་བའམ། ཁོང་འཕགས་པའི་རྣམ་འཕྲུལ་ལ་བདག་བྱིས་པའི་བློས་འཆུན་ཚད་དུ་གྱུར་པས། བདེ་གསལ་མི་རྟོག་པའི་འོད་ཀྱི་རྣམ་པར་བྱོན་ཏེ། ཕལ་ཆེར་ཧྲཱི་དེའང་གྱུར་པ་ཡིན་ལས་ཆེ། གང་ལྟར་ནའང་འོད་ཀྱི་གསེབ་ནས་བཤེས་གཉེན་པ་བྱོན་པའི་ཞལ་ནས། ཆོས་ཐམས་ཅད་འདི་ལྟ་བུའི་རྣམ་ཐར་གདའ་གཏད་པ་མེད་གསུངས། དེའི་དུས་སུ་བཤེས་གཉེན་པ་གང་ལས་བྱོན་དྲི་བར་འདོད་པ་ཡིན་ནའང་། རིག་པ་དགའ་བདེ་མི་རྟོག་པའི་དབྱིངས་སུ་ཐིམ་ནས་དྲིས་ལན་བྱེད་པའང་མ་བྱུང་། དེ་ནས་ཡི་གེ་ལ་བསྐོར་བའི་ཡིག་འབྲུ་དྲུག་པོ་དབུས་ཀྱི་ཡིག་འབྲུ་ལ་ཐིམ། དབུས་ཀྱི་ཡིག་འབྲུ་དེ་ཡང་ཐིག་ལེ་གཅིག་ཏུ་འཁྱིལ་ལེ་ཐལ། ཐིག་ལེ་དང་འོད་ཀྱི་རྣམ་ཐར་གཞལ་ཡས་ཁང་ལ་ཐིམ། འོད་ཀྱི་གཞལ་ཡས་ཁང་དེ་ཡང་ཟླ་བའི་དཀྱིལ་འཁོར་ལ་ཐིམ། ཟླ་བ་དེ་ཡང་ཨ་འོད་ཀྱི་རྣམ་པར་ཅན་གཅིག་ཏུ་གྱུར། དགེ་བའི་བཤེས་གཉེན་པ་ལ་གཡས་ཕྱོགས་ནས་འཁྱིལ་ལེ་བསྐོར་ཞིང་གདའ་བ་ལ། བཤེས་གཉེན་པའི་ཞལ་ནས་ཨཱ་གསུངས་པས། ལྗགས་སྟེང་ཁར་རྩེན་ཏེ་སོང་སྟེ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་སྒོ་གསུངས་ཏེ། བཤེས་གཉེན་པའི་སྐུ་རིལ་པོ་ཨའི་རྣམ་པར་ལམ་མེ་གདའ། དེར་བཤེས་གཉེན་པ་ལ་ནི་བལྟས་བལྟས་ཀྱི་ཚེ་ཨ་རེ་ལམ་ལམ་བྱུང་ནས། ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པར་ལམ་སེར་བྱུང་།

དེ་ནས་ཨའི་རྣམ་པ་དེ་དག་མི་སྣང་བར་བཤེས་གཉེན་པའི་སྐུ་འབག་ཅིག་ཏུ་གདའོ་གསུངས། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་ཞལ་ནས། ངས་རྒྱ་བོད་དུ་མངོན་པར་རྟོགས་པའི་རིགས་མང་པོ་ཞིག་ཐོས་བསམ་གྱིས་ཉམས་སུ་བླངས་པ་དང་། འདི་ལྟ་བུའི་མངོན་པར་རྟོགས་པའི་ལུགས་ད་ལམ་ཙམ་དུ་ཟད། ཇོ་བོ་ཆེན་པོ། སྒྲ་མེད་དུ་ཆོས་སྟོན་པའི་མངོན་པར་རྟོགས་པ་འདི་ལ་མིང་ཇི་སྐད་དུ་དུ་འདོགས། ཇོ་བོའི་ཞལ་ནས། དབང་འབྱོར་པའི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཆོས་ཐམས་ཅད་ངོས་མེད་དུ་སྟོན་པའི་བརྡ་ཆོས་ཡིན། མཆོག་གི་སྤྲུལ་པ་ཞིག་འགྱེད་ཤེས་ན་ཉིད་འཕྲོས་ལས་མ་གཡོས་པར་འཕྲོས་པ་སྟིམ་ཤེས། གཞི་གང་ཡིན་པ་ལས་འཕྲོས་པ་སྟིམ་པ་ལས་འཕྲོས་པའི་དབྱིངས་སུ་གཞི་མ་སྟིམ་པ་ཤེས་ཏེ། འདི་ལྟར་གསུངས་ནས། ཐུགས་དམ་ལ་བརྐོས་ཕོར་ཞིག་ཡོད་པ་དེར་སཙྪ་གཅིག་བཏབ་ནས། སཙྪ་དེ་ལ་རག་གན་དུམ་བུ་གཅིག་གཡོགས་པས་ཡང་བརྐོས་ཕོར་ཆུང་ངུ་གཅིག་བྱུང་། བྱ་ལས་སྒོ་ང་སྟེ། སྒོ་ང་ལས་བྱ་ཟེར་བའི་ཚུལ་དུ་གདའོ་གསུངས། དེར་ལོ་ཙཱ་བ་ཡ་མཚན་པ་ལས། ཇོ་བོའི་ཞལ་ནས། དེར་མ་ཟད་གསུངས་ནས། བརྐོས་ཕོར་ཚོན་གང་པ་གཅིག་ཡོད་པ་དེ་དབུ་ཞྭ་བཞིན་དུ་གསོལ་བས། སྐུ་རིང་པོ་བརྐོས་ཕོར་དེས་ཐུམ་པ་ཞིག་བྱུང་། དེར་བཤེས་གཉེན་པས་བརྐོས་ཕོར་དེ་ཡར་ལ་བླངས་པས། ཇོ་བོའི་སྐུ་དང་མཉམ་པའི་སཙྪ་ལམ་པ་གཅིག་བྱོན་གདའ། དེར་བཤེས་གཉེན་པའི་ཞལ་ནས། སཙྪའམ་དེ་ཅི་ཚ། ངའི་སྙིང་ཚ། ངའི་བླ་མ་ལ་ད་དུང་མཆོད་རྟེན་བྱེད་སྔས་གསུངས་ནས། སཙྪ་དེ་ཚོན་དེ་བླངས་ནས་དབུ་ཐོག་ཏུ་བཞག་པ་དང་། སཙྪ་དེ་ཉིད་བརྐོས་ཕོར་དུ་གྱུར་ཏེ། བཤེས་གཉེན་པའང་སཙྪ་གཅིག་ཏུ་གྱུར།

དེར་ཀ་བ་པ་གསུམ་གྱིས། ཀྱེ་རྒྱལ་བ་ཡབ་སྲས་བདག་ཅག་གིས་ནོངས་ནི་མཐོལ་གྱིས། སྤྱིར་སེམས་ཅན་ཐུགས་རྗེས་གཟིགས། ཁྱད་པར་དུའང་བོད་ལ་ཐུགས་རྗེས་གཟིགས། དེའི་ནང་ནས་ཀྱང་བདག་གསུམ་ལ་ཐུགས་རྗེས་གཟིགས་ཤིག་ཅེས་གསུམ་ཀས་བཤུམས་པས། ཇོ་བོ་ཡབ་སྲས་བཞད་གད་ཐེག་གེ་སྔར་བཞིན་དུ་བྱོན། དེར་ཇོ་བོའི་ཞལ་ནས། མི་རྒན་གསུམ་གྱིས་བྱིས་ཆུང་གསུམ་གྱི་རྣམ་ཐར་བྱས། རྩེད་མོ་ལ་འཚེངས་པ་གཅིག་ཁ་ཐལ་བ་ལ་ངུས་སོ་གསུངས་པས། གསུང་དེ་འདྲ་གྲགས་ནས་ཐམས་ཅད་བཞད་གད་ཤོར། ཇོ་བོའི་ཞལ་ནས། དེ་རིང་སྣང་བ་འདི་ཀུན་སྟོན་གྱི་ཉི་མ་དང་འདྲ་བ། རེས་འགའ་གང་ནས་བྱུང་ཆ་མེད་པར་ཆར་སྤྲིན་ལང་། འབྲུག་ཐོག་ཐོག་སྐད་དུ་ཆར་འབབ། རེས་འགའ་སྤྲིན་གར་དེངས་ཆ་མེད་པར་དེངས་ནས་ལུས་ཅན་ཚིག་པ་ལྟ་བུའི་ཉི་མའི་འོད་དེ་གསལ་དྭངས་སུ་འཆར། དེ་རིང་ཡང་རེས་འགའ་ངུ་། རེས་འགའ་དགོད། བྱིངས་རྒོད་བྱ་བ་ལོགས་ན་མེད་དེ་ལ་ཟེར་བ་ཡིན། ཨུ་པ་སི་ཀ་ཁྱོད་ཀྱིས་རང་ཚང་དུ་ཚུགས་ནས་དག་སྣང་གི་རྩེད་མོ་བྱས་པས། རང་བློ་སྟོབས་ཆུང་བ་ཀུན་དེ་ལྟར་མི་སེམས་པར་ཤིན་ཏུ་སྐྲག །ཁྱོད་དབང་འབྱོར་བའི་རྩེད་མོས་སྤྲུལ་པ་དམ་དུམ་བྱས་པས། གྲོགས་པ་ཀུན་སྐྲག་པ་སྐྱེ་རུ་བཅུག་གསུངས་པ་སོགས་དཔོན་སློབ་ཐུགས་འདྲེས་པའི་གསུང་གླེང་མང་པོ་མཛད་ནས། ཧྲིལ་ཏེ་གྲིལ་ན་ད་རིང་ཆོས་དེ་དག་འདུས་ཆེ་བ་ལ་ཟབ་ལས་ཆུང་ལ་གོ་བདེ། ད་ལུས་རྫུན་པ་ལ་ཟས་རྫུན་པ་ཟ་བ་དུས་ལ་བབ་ནས་གདའ། དམ་པའི་ཆོས་འདུལ་བ་དང་མི་འགལ་བར་བྱ་བའི་ཕྱིར་དུ་སྔ་སེ་གྲོ་མཛོད་གསུངས་པ་དང་། བཤེས་གཉེན་པ་བཞེངས་ནས། རྒྱལ་བ་ཡབ་སྲས་གཟིམས་ཁང་དུ་གྲོ་ལ་གཤེགས་གསུངས་ནས། ཐམས་ཅད་ཀྱིས་བཞེངས་ཏེ་གོམ་པ་གཉིས་གསུམ་རེ་བཏེག་ཙ་ན། མེ་ཏོག་གི་འདབ་མ་གཅིག་གི་སྟེང་ནས་འཕར་འགྲོ་བ་སྙམ་བྱེད། ཀ་བ་པས་རྒྱ་བསྐྱེད་ནས་གཟིགས་ཙ་ན། རྡོ་རྒྱང་གྲུ་བཞི་གཅིག་མེ་ཏོག་པདྨས་ཁེབ་བེ་གདའ། དེར་རྔོག་གིས་ཁོ་བོ་དག་པའི་སྣང་བ་ལགས་སམ་འདི་ལྟར་གདའ་ཞུས་པས། ཀ་བ་པ་རྣམ་གཉིས་ཀྱང་དེ་སྐད་གསུངས་པས། ཇོ་བོའི་ཞལ་ནས། ཁྱེད་གསུམ་པོས་ད་དུང་མ་མཐོང་ངོ་། །འོད་ཀྱི་གཞལ་ཡས་ཁང་ལ་སོགས་པ་ཐམས་ཅད་འདིའི་སྟེང་དུ་བཞེངས་པ་ཡིན། ངས་ནི་མི་རྟོག་པ་རྡོ་རྗེའི་གདན། རྟོག་དཔྱོད་རྣམ་དག་པདྨའི་གདན། ཐུགས་རྗེ་ཆེན་པོ་ཧཱུཾ་འོད་གསལ་གྱི་གདན། དཀར་ཡང་བསིལ་ལྡན་ཟླ་བའི་གདན། ཐམས་ཅད་བསོད་ནམས་བསགས་པའི་གདན་དང་ལྔ་གདའ་སྟེ་སྔར་གབ་པ་ཡིན། དེར་མ་ཟད་རི་འདི་ཐམས་ཅད་བཅོམ་ལྡན་འདས་སྒྲོལ་མའི་སྐུ་རུ་གདའ། རི་འདི་ལ་ཉིན་རེ་བཞིན་དུ་གྲུབ་ཐོབ་དུ་མ་རེ་འོང་ཞིང་ཡང་གཤེགས་ཀྱི་གདའ། ཐམས་ཅད་ཀྱང་རྒྱལ་བའི་འབྱུང་གནས་དང་བླའོ་མཛད་ཅིང་གདའ་སྟེ། ཁོང་རང་གི་སྤྲུལ་པ་མང་པོ་གདའ། འདས་མ་འོངས་ཀྱི་སློབ་མའང་དུ་མ་གདའ་གསུངས།

དེ་ནས་གཟིམས་ཁང་དུ་བྱོན་ཏེ་གྲོ་གསོལ་བའི་དུས་སུ། བཤེས་གཉེན་པའི་ཞལ་ནས། དགེ་བཤེས་པ་རྣམ་པ་གཉིས་པོའང་ནངས་པར་བཞུགས་པར་ཞུ། ཁ་སང་ནས་ཇོ་མོ་རི་འགུལ་བ་ལ་སོགས་པ་དུ་མ་བྱུང་བ་དེ་ལ་ཁོང་ཡོན་བདག་པ་ཚོ་ཐེ་ཚོམ་ཟོས་ནས་བདག་ལ་འདྲི་རུ་ཡོང་བར་གདའ། དེའི་དུས་སུ་གྲོང་པ་དག་དང་མཐུན་པའི་ཞུ་ལན་མང་རབ་བྱེད་པས། དེའི་དུས་སུ་ང་ཡང་ཁ་ཁྲལ་རེ་རེ་གཉིས་གཉིས་འདེབས་པས་ཁྱེད་རྣམ་པའང་གསན་པར་ཞུ་གསུངས། དེའི་ཉི་མ་འདལ་དྲོས་ནས་ཡེར་པ་ཐང་པའི་ཡོན་བདག་པ་མང་པོ་ཞོ་མར་འཁུར་བ་ལ་སོགས་པ་ཤིན་ཏུ་རུང་བའི་མཚར་ཟས་སུ་དུ་མ་ཁྱེར་ཏེ། ཐང་པའི་ལ་ཁ་ནས་ཚུར་ལ་ཕ་སྟོན་བདག་ཅག་རྣམས་ལ་ཐུགས་རྗེས་གཟིགས་ཤིག་ཟེར་ཞིང་གསོལ་འདེབས་ཀྱི་གླུ་རྟ་དང་བྱེད་ཅིང་བྱུང་། དེར་ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་འདི་ཁོང་ཐུགས་གཞི་ལེགས། ཨ་མེས་བྱང་ཆུབ་ཀྱི་སེམས་ཆེ་བས། ཨ་ཏི་ཤ་ཞེས་ཙམ་རེའང་མི་ཟེར་བར། ཕ་སྟོན་པ་ཁོ་ན་ཟེར་ཞིང་གདའོ། །དེར་བཤེས་གཉེན་པའི་ཞལ་ནས། དེར་མ་ཟད་དེ་རིང་འབྲོམ་ཆུ་རིས་ཀྱི་ཡོན་བདག་ཤཱཀྱ་མགོན་བྱ་བ་དེས། འབྲོམ་པ་ཐམས་ཅད་གཡབས་ནས་དེ་རིང་འདིར་འོང་བ་ཡོད་གསུངས་པས། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་ཁྱོད་ཀྱིས་ནམ་མཐོང་གསུངས། བཤེས་གཉེན་པའི་ཞལ་ནས། ད་ཡེར་པར་ཡང་ཆོས་མང་པོ་གསུང་ལོང་ཡོང་ཡོང་མི་འདྲ་བ་དང་། ཡོན་བདག་འདི་པའང་ང་རང་ལ་ལ་རེ་ཆེ་བ་དང་། བྱས་པས་དོ་ཞག་ཁོ་རང་རྣམ་དང་མཐུན་པའི་ཆོས་གཅིག་མ་བསྟན་ན་མི་འོང་སྙམ། ཁ་སང་ནས་མི་གཅིག་བཏང་ལགས་ཞུས་པས། དེར་ཇོ་བོ་ཐལ་མོ་སྦྱར་ནས། ཨུ་པ་སི་ཀ་འདི་ཐུགས་ཟབ། ཉ་མ་རྣམས་ཀྱིས་རྩ་རུ་མ་སླེབས་བར་ལ་འབོད་མཁན་བཏང་སྐད་ཡང་མི་གདའ་གསུངས།

དེ་ནས་རེ་ཞིག་ནས་ཡེར་པ་ཐང་པའི་འབྲོམ་ཆུ་རིས་ཀྱིས་མི་རྒན་གཞོན་མེད་པ་གསོལ་བ་འདེབས་ཤིང་། ལ་ལ་མཆོད་རྟེན་དཀར་ཆེན་གྱི་རྩར་སླེབས། ལ་ལ་ནི་གཟིམས་ཁང་གི་འགབ་ནས་ཚུར་འོང་། ལ་ལ་ནི་བ་རང་གི་གཉའ་ནས་མར་སླེབས་ནས་བྱུང་བ་ལ། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་མི་ཚོས་སླེབས་ནས་བྱུང་། དེ་རིང་བོད་ཀྱི་ཡོན་བདག་ཚོ་ལ་དད་པ་ཇི་འདྲ་འདུག་བལྟ་གསུངས། དེ་ནས་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ། ཇོ་བོ་ཡབ་སྲས་གཉིས་ཀ་བ་པ་རྣམ་པ་གསུམ་ཞལ་འཛོམས་པའི་སྤྱན་སྔར། འབྲོམ་པའི་ཡོན་བདག་ཤཱཀ་མགོན་ལ་སོགས་པ་ཡོན་བདག་དད་པ་ཅན་ལྔ་བརྒྱ་ཙམ་འདུས་པའི་དུས། རྔོག་ལེགས་པའི་ཤེས་རབ་ཀྱིས་དངུལ་དཀར་གྱི་མཎྜལ་མདའ་གང་པ་གཅིག་དངོས་སུ་བཤམས། གཞན་ཡང་ཡོན་བདག་རྣམ་པས་ཀྱང་དཀར་གསུམ་མངར་གསུམ་གྱི་མཆོད་པ་དུ་མ་བཤམས། ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཡང་བསམ་གྱིས་མི་ཁྱབ་པ་བཀོད་ནས། ཕྱག་ལ་སོགས་པའི་ཡན་ལག་བདུན་པ་རྒྱས་པར་ཕུལ་བའི་རྗེས་སུ། གསང་ཕུ་བས། བཤེས་གཉེན་པ་མགོན་པོ་སྤྱན་རས་གཟིགས་དངོས་ཡིན་པའི་ཆེ་བརྗོད་དང་བཅས་སྐྱེ་རབས་ཀྱི་འཕྲོ་ཞུ་བར་བརྩམས་པ་དང་། བཤེས་གཉེན་པ་སྤྱན་ཧུར་ལ་བླངས་ནས། དགེ་བཤེས་གསུང་ཕུ་བ་འདི་ཁ་སང་ནས་ཇི་ཙམ་པར་རྣ་བར་བཏང་། དེ་རིང་མི་ཤེས་པ་དེ་ཙམ་ཞིག །སྤྱན་རས་གཟིགས་ཀྱི་སྐུ་དངོས་དང་སྙད་ཏ་སྙོད་ཏ་མ་མང་། མིང་དངོས་ནས་འབོད་ན་རྒྱལ་བའི་འབྱུང་གནས་བྱས་པས་ཆོག །བསྟོད་པ་གཏོང་སྙིང་འདོད་ན་དགེ་བཤེས་སྟོན་པ་བྱས་པས་ཆོག །དམ་དར་མ་ཐལ་ཙམ་བྱེད་ན་འབྲོམ་ཁོའི་ཙམ་བྱས་པས་ཆོག་པ། མི་ཐོབ་པའི་བསྟོད་ར་ཁྱི་ལ་སེངྒེ་སྤྱན་རས་གཟིགས་མ་ཡིན་པས་དུས་དེང་སང་གི་བར་དུ་འདི་འདྲ། དེ་རིང་ངའི་སྐྱེ་རབས་དང་ཟ་ཏ་ཟི་ཏ་མང་པོ་མི་དགོས། འོ་སྐོལ་ཐམས་ཅད་ལ་འཆི་བ་མི་འོང་བའི་བཙན་ས་ཟིན་པ་སུ་ཡང་མེད། ཅེས་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཀྱི་བཤད་པ་གོ་བདེ་ལ་གནད་དུ་ཕྱིན་པ་མང་པོ་གསུངས་པས། ཇོ་བོ་མན་ཆད་ཐམས་ཅད་བྲེད་བདེན་སྒྲ་དང་མད་སྒྲ་རུ་སོང་། དད་པའི་ཤུགས་ཀྱི་མཆི་མ་འཛག་བཞིན་དུ་སྐྱབས་སུ་འགྲོ་བའི་སྒྲ་དིར་བྱེད་པ་དང་། ཇོ་བོའི་ཞལ་ནས། བོད་ཀྱི་ཡོན་བདག་པ་ཚོ་ལ་ཕ་ལ་ཕ་ལ་གསུངས་ཤིང་བཤེས་གཉེན་པ་ལ་ཆེར་གཟིགས། གློ་བུར་དུ་ནམ་མཁའ་ལ་སྤྲིན་ཁ་དོག་རྣམ་པ་སྣ་ཚོགས་པ་འཁྲིགས། ཉི་མའི་དཀྱིལ་འཁོར་ལ་ནི་ཅུང་ཟད་ཀྱང་སྒྲིབ་པ་མེད། རླུང་སིར་བུ་བྱུང་བས་ཁམས་ཇེ་དྭངས་ལ་སོང་།

དེའི་དུས་སུ་བཤེས་གཉེན་པས་བླ་མ་དམ་པའི་སྤྱན་སྔར་ཡོན་མཆོད་འཛོམས་པ་ལ་ཚོགས་ཀྱི་འཁོར་ལོ་གཅིག་གཏང་གི་གསུངས་ནས། ཡུད་པ་གཅིག་ལ་བཟའ་བཏུང་གི་ཡོ་ལང་བསམ་གྱིས་མི་ཁྱབ་པ་དྲངས་ཏེ། དེའི་དུས་སུ་ཐམས་ཅད་དང་ཁ་བདེ་ཚིམ་པ་བྱུང་། ཇོ་བོའི་ཞལ་ནས། མགོན་པོ་སྤྱན་རས་གཟིགས་ལ་མགོན་པོ་སྤྱན་རས་གཟིགས་བྱས་པས་གོ་རེ་བཅད། དེ་རིང་ཟང་ཟིང་དང་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་མྱོང་བར་སྣང་། ཐམས་ཅད་ཀྱང་ལྷ་ཚོགས་ཀྱིས་གང་ནས་གདའ། མི་ཁྱོད་ཀྱི་ལྷ་ཆོས་བདུན་པོ་དེ་ཀུན་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས་ཀྱང་། གངྒཱའི་རླུང་གི་བྱེ་མ་སྙེད་རྒྱ་འགྱུར་གྱིས་ལྷག་པ་ཙམ་ཡིན། འདི་འདྲའི་ལྷ་ཆོས་ཅན་གྱི་རྗེས་སུ་འབྲང་དུ་ཡོད་པའི་མི་ཀུན་བསོད་ནམས་རེ་བསགས། བྷིར་བ་བྷིར་བ་ཁུ་ཁུ། ང་ཡི་ཨུ་པ་སི་ཀ་ལ་སྡིག་བསགས། མཐོ་རིགས་ལྷ་མི་མང་པོ་འདིར་ཚོགས་ནས་མཆོད་ན་ཁུས་གནག་པར་བྱས་སོ། །བོད་ཀྱི་མཁས་པ་ཚོ་འདིས་མ་བསླུས་སམ་གསུངས་ནས་བཤེས་གཉེན་པ་ལ་ཐལ་མོ་སྦྱར་ཏེ། སྤྱན་ཕྱོགས་བཅུའི་ནམ་མཁའ་ལ་ཧྲིག་ཧྲིག་མཛད། ཁྱེད་རྣམས་ཀྱི་ལས་ཀྱང་ཅི་ཡིན། ངའི་ཨུ་པ་སི་ཀ་འདུག་མ་བཞུག །སྤྱིར་འགྲོ་བའི་མིག་གཅིག་པུ་འདི་ཁུ་ལྟ་བུའི་ས་རྡུལ་ཅན་མང་པོས་བཏབ་ན། ལན་དུ་ཕན་བཏགས་པའི་ཕ་མ་རྣམས་ཇི་ལྟར་བྱ། ད་མཐུ་དང་དཔུང་བསྐྱེད། ཁྱེད་བཙན་ས་ཟིན་པ་རྣམས་ཀྱིས་ཐེ་ཚོམ་དང་ལེ་ལོ་བྱས་ན་གཞན་སུས་མི་བྱེད། བཙན་ས་ཟིན་ནས་ཅི་སྟེ་བཏང་སྙོམས་སུ་མ་སྡོད་གསུངས་པ་དང་། ཀ་བ་པ་རྣམ་གསུམ་ཤིན་ཏུ་བྲེད་དེ། ཨ་ཏི་ཤ་མད་ཟེར་ཤུགས་རིང་འདོན་ཅིང་ངུ་། ཡང་ངུ་བའི་ཁ་ལ་བལྟས་ནས་ངུ་བྲོ་བའི་ཚུལ་གྱིས་ཐམས་ཅད་ངུ་སྒྲར་སོང་།

དེའི་དུས་སུ་ཇོ་བོའི་ཞལ་ནས། ཀྱི་ཧུད་ཀྱི་ཧུད་རེ་བདེན་ཁོ་བོས་ལན། དེ་ཡང་ཁུས་ལན། ད་རིང་ངུས་པ་དེ་དོན་ཆེ་ཡིས། ད་ངུ་འབོད་ཀྱི་སེམས་ཅན་དམྱལ་བར་མི་སྐྱེ། ང་ཡི་བུ་དང་ཡོན་བདག་ཚོ་ཕ་ལ་ཕ་ལ་གསུངས་པ་དང་། ཡོན་བདག་ཤཱཀ་མགོན་བྱ་བ་དེ་ལངས་ནས་བྱུང་སྟེ། ཕྱག་འཚལ་བ་ནི་དོག་དྲགས་ནས་མ་ཤོང་། ཇོ་བོའི་ཞལ་ནས། ཕྱག་ཡིད་ཀྱིས་འཚོལ་ཅིག་གསུངས། བཤེས་གཉེན་པའི་ཞལ་ནས། དེ་ལ་ཚེགས་མེད་འཚོལ་ཅིག་གསུངས། འཚལ་བར་བརྩམས་པ་དང་འདོམ་གང་གྲུ་བཞི་ཞིག་ཡང་ཁྲོལ་བྱུང་བས། ཇོ་བོའི་ཞལ་ནས། ངའི་ཨུ་པ་སི་ཀ་ད་ལན་མ་གབ་གསུངས། དེ་ནས་ཡོན་བདག་ཤཱཀ་མགོན་གྱིས་ཐལ་མོ་སྦྱར་ནས། བླ་མ་རིན་པོ་ཆེ། ནམ་མཁའི་ཕྱོགས་མཚམས་ན་འཇའ་ཚོན་མང་པོ་གདའ་བ་ཅི་ལགས། ཇོ་བོའི་ཞལ་ནས། ཁྱེད་ལྟ་བུའི་ཁྱིམ་བདག་ནི་མགོན་མེད་ཟས་སྦྱིན་དང་འདྲ། ནམ་མཁའི་མཐོངས་ལ་ཁྱེད་ཀྱི་ཕ་སྟོན་པའི་མཐུན་རྐྱེན་སྒྲུབ་པར་བྱེད་པའི་ལྷ་མང་པོ་འདུག །ཆ་ཚད་ལ་ལ་མེ་ཏོག་ལག་ན་ཐོགས། ལ་ལ་མེ་ཏོག་གི་ཐོད་བཅིངས། གཞན་ཡང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན། ཤ་ཁྲག་ལ་མ་བྱས་པའི་ལུས་འོད་གསལ། ལ་ལ་ནི་གླིང་བུ་འབུད། ལ་ལ་ནི་ཝང་འཚེར། ལ་ལ་ནི་དྲིལ་བུ་གཡེར་ཁ་འཁྲོལ། ཕ་ལ་ཕ་ལ་ཁྱེད་རྣམས་ཀྱིས་མཐོང་ན་དགའ་སྟེ་ལྷའི་མིག་མེད་པས་ལན། འོ་ན་ཡང་འཇའ་ཚོན་འདི་རྣམས་མཐོང་བ་ཀ་ཡིན། གཞན་ཡང་ཨུ་པ་སི་ཀའི་བསྟན་སྲུང་དཀར་པོ་བརྒྱད་ཅུ་ཡོད་དེ་ཀུན་ཀྱང་འདུག །རྒྱ་གར་ནས་ངའི་ཕྱི་ལ་འབྲངས་པའི་བསྟན་མ་བཅུ་གཉིས་ཙམ་ཡོད་དེ་ཀུན་ཀྱང་འདུག་གསུངས།

ཐག་ཉེ་བ་ག་ན་འདུག་ཞུས་པས། ལ་ལ་ཁྱེད་རང་གི་རྩ་ན་ཨུ་པ་སི་ཀའི་ལྕང་ལོ་ལ་མེ་ཏོག་འདོགས་ཤིང་འདུག །ལ་ལ་མཆོད་པ་གཞན་འབུལ་ཞིང་འདུག་གསུངས་པས། ཡང་ཡོན་བདག་ཤཱཀ་མགོན་ན་རེ། ཕ་རིན་པོ་ཆེ་འདི་ལྟར་ངོ་མཚར་ཆེ་བ་ལ། ཁུའམ་དེས་སྡིག་རེ་ཆེ་བསགས་ནས་ཡོད་པར་གདའ་བ་དེ་བློ་མ་བདེ་བ་ཡིན་གསུང་བར་ཞུ་ཞེས་འདབས་ནས་ཞུས་པས། ཇོ་བོའི་ཞལ་ནས། ཁུས་ཕ་སྟོན་ལ་སྔ་ཕྱིར་མི་རིགས་པ་བྱས་པ་རྣམས་གསུངས། ཀ་བ་པ་རྣམ་པ་གསུམ་གྱིས་ཀྱང་ཁྲོས་ལྟས་མང་པོ་མཛད་པ་དང་། བཤེས་གཉེན་པའི་ཞལ་ནས། ཁྱེད་རྣམ་པ་ཀུན་དེ་འདྲ་མ་གསུངས། དགེ་བཤེས་ཁུ་བྱ་བ་གཞུང་ལུགས་ཆེན་པོ་ལ་སྤྱོད་ན་ཁོང་དགོས་པ་ཡིན་མོད། ཅེས་ཁུ་སྟོན་གྱི་ཡོན་ཏན་ཆེ་བ་མང་པོ་བརྗོད་ཅིང་། གཞན་ཡང་ཁོ་བོས་ཉེས་པ་མ་གཏོགས་པ་ཁོང་གིས་ཉེས་པ་ཡེ་མེད་པས་ཁྱེད་རྣམ་པས་དེ་སྐད་མི་གསུང་བར་ཞུ་གསུངས་ཤིང་། རང་གིས་མཇལ་བར་བབ་ཚུལ་སོགས་གསུངས་པས། ཇོ་བོའི་ཞལ་ནས། ཕ་ལ་ཕ་ལ་ངའི་ཨུ་པ་སི་ཀ་འདི་ཚེ་རབས་ཐམས་ཅད་དུ་འདི་ལྟར་ཁོ་ན་མཛད། ཁུས་ཟེར་རྒྱུ་དེ་ཁོང་གིས་བྱས། ཁུས་ཀྱང་སྣང་ཚུལ་འདི་ཙམ་ཞིག་མ་ཐོས་པ་ཡིན་ནམ། སྤྱིར་བོད་འདི་ཁྲེལ་གཞུང་ཆུང་སྟེ་ཆོས་པའི་བྱ་ལོ་གཅིག་དང་། དགེ་བཤེས་ཀྱི་མིང་བཏགས་ཅི་བྱུང་གི་སྟེང་ལ་གང་ཟག་དམ་པ་འདི་འདྲ་བའི་དྲུང་དུ་འོང་བའི་བློ་སྣ་གཅིག་ཙམ་འོང་ལ་ཐང་། དེ་ལྟར་མིན་ན་བོད་ལ་བྱང་སེམས་མི་སྲིད་གསུངས། རྔོག་ན་རེ། ད་ཅིས་ཀྱང་མི་ཕན། ཀ་བ་ཆེན་པོའང་ངེད་ཁུ་རྔོག་འབྲོམ་གསུམ་གྱི་བློའི་གཏོད་ས་ཁྱེད་ཡིན་པས། ཨ་པོ་ཁུ་སྟོན་ཁྲེལ་མེད་པོ་དེ་ལ་གྲོས་ཐོབ། མགོན་པོ་ཐུགས་རྗེ་ཅན་འདི་འདྲ་བ་ལ་བཟོད་པར་མ་གསོལ་ན། གུམ་ཙ་ན་འགྱོད་པ་ཡོང་ཞུས་པས། ཀ་བའི་ཞལ་ནས། ངའི་གྲོས་ལ་ཉན་པ་ཞིག་ཡིན་ན། ཁྱེད་ཀྱིས་དྲན་ཙམ་ན་ངས་ལག་ལེན་ལ་བཏབ་ཟིན། ད་རིང་གི་བར་ལ་མི་ལུས་ཏེ་དེས་འདི་འདྲ། ད་ཁྱེད་ལོ་ཙཱ་བས་ཁོང་ལ་བསྟོད་ར་འདྲ་དང་བྱས་པས་དགའ་བ་ཡིན་གྱིས། ཁྱོད་བྱོན་ལ་སྣང་ཚུལ་འདྲ་བའང་ཤོད། ཅིས་ཀྱང་བཟོད་གསོལ་འོང་ངེས་བྱོས་ཤིག །ཁྱེད་ཀྱིས་མཛད་ན་འོང་མོད་གསུངས། ལོ་ཙཱ་བའི་ཞལ་ནས། ད་དེ་ཙམ་ལ་ཐུགས་ན་ངས་ཀྱང་མི་ཕན། མགོན་པོ་སྤྱན་རས་གཟིགས་རང་ལ་གསོལ་བ་བཏབ་ན་དེ་རང་གནད་དུ་ཆེ་བས་རྒྱལ་བའི་འབྱུང་གནས་ཁྱེད་རང་གིས་ཁོང་རྒྱུད་ལ་ཉེས་པས་མི་གོས་པ་ཅིག་ཐུགས་རྗེས་བཟུང་ཞུས་པས། ཇོ་བོ་ཞལ་འཛུམ་མཛད། ལོ་ཙཱ་བ་འདི་འདྲ་བ་ཡོད་པས། ཁོ་བོ་རཏྣ་ཨ་ཀ་རའི་ལག་ནས་ཕྲལ་བ་ཡིན། ང་ལ་གཞན་ཕར་བཞག་པའི་ལྡེ་མིག་གཅིག་པུ་ལ་བལྟས་ཀྱང་བོད་དུ་ཐོན་པའི་སྐབས་མེད་པ་ཅིག་ཡོད་གསུངས་པས། ལོ་ཙཱ་བའི་ཞལ་ནས། ཇོ་བོ་བོད་དུ་སྤྱན་འདྲེན་པའི་སྐབས། འབྲོམ་གྱི་སྤྲུལ་པ་མང་པོས་གྲོགས་མཛད་ཚུལ་རྣམས་གསུངས་ཏེ། བཤེས་གཉེན་པ་རང་མིན་ན་ངེད་ལོ་ཙཱ་བ་གཉིས་ཀྱིས་མགོ་བཙུགས་ནས་ངུས་པ་ལའང་ཟད་པ་མེད་དེ་ཇོ་བོ་རང་ཡང་མ་བཞེད། དེར་མ་ཟད་བོད་ཀྱི་མི་དུ་མ་ཞིག་ཤི་ཡང་སྙམ་སྙོམས་མ་མཛད་ཞུས་པས། ཇོ་བོ་སྤྱན་ཆབ་ཙར་མཛད་ནས། ཕ་ལ་ཕ་ལ་ལོ་ཙཱ་བའི་གསུང་ཡིན། དེ་ཚོ་བཤད་དུ་མི་བཏུབ་གསུངས། ཀ་བས་བཤུམས་ནས་ཐལ་མོ་སྦྱར་ཏེ། ལོ་ཙཱ་བ་ཆེན་པོ་དེ་འདྲ་བའི་གསུང་རྔམས་པ་ཞིག་ད་རུང་རྔམས་པ་ཅན་གཅིག་པ་ཞིག་ཐུགས་ལ་ཐོགས་དང་གསུངས་པས། དགེ་བཤེས་པའི་ངོ་ལ་གཅིག་པ་ཞིག་བགྱིད་འཚལ་གསུངས་ནས། རཏྣ་ཨ་ཀ་རའི་ཞལ་ནས། ཇོ་བོ་དང་བོད་ཀྱི་རྒྱལ་པོའི་ཆེ་བ་གསུངས་ཚུལ་ཡང་། ལོ་ཙཱ་བ་རང་གི་གཟིགས་སྣང་རགས་བསྡུས་ཤིག་བརྗོད་ནས་ཀུན་གྱི་རྣ་བར་ཐུན་མོང་དུ་ཡོད་པ་ཚོ་སྔར་ཡང་ཡི་གེར་བཀོད་ཟིན། འདི་ཀུན་ད་ལན་མིན་པ་བཀོད་པ་མེད་གསུངས་པས། དགེ་བཤེས་ལོ་ཙཱ་བ་ལ་དོན་མེད་པའི་འཁྲུལ་སྣང་དགའ་དགའ་འདྲ་བ་མང་པོ་བྱུང་འདུག་གསུངས་པས། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་དེ་སྐད་མ་ཟེར། རང་རེའི་ཡོན་ཏན་ལ་སྒྲོ་འདོགས་པ་དང་། བསྐུར་བ་འདེབས་པ་གཉིས་ཉེས་མཉམ་གསུངས་པས། བཤེས་གཉེན་པའི་ཞལ་ནས། འོ་ན་ཁྱེད་རང་གི་ཡོན་ཏན་ཐམས་ཅད་སྦས་ནས། མས་བུ་མོ་ཁྱིམ་གསར་རྒྱན་གྱིས་བརྒྱན་ནས་ཕྱར་ཕྱར་བྱེད་པ་བཞིན་དུ་ངའི་ཡོན་ཏན་ཡོངས་ནས་ཕྱར་ཕྱར་མཛད། དེར་མ་ཟད་དགེ་བཤེས་པ་རྣམ་པ་ཀུན་གྱིས་ཀྱང་། ངའི་ཡོན་ཏན་དུམ་དུམ་ཀུན་ཟང་ཟིང་གཅིག་པུ་མཛད་པར་འདུག་གསུངས་པས། ཡོན་བདག་ཤཱཀ་མགོན་གྱིས་ཕྱག་གསུམ་བཙལ་ནས། ངེད་གྲོང་པའི་ཁ་ངག་ལ་མི་བརྒྱ་ཁ་མཐུན་ན་མི་གཅིག་ཁ་རོག་འདུག་བྱ་བའི་གཏམ་དཔེ་ཡོད། དེ་བཞིན་དུ་ཕ་སྟོན་རིན་པོ་ཆེ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པ་ཐག་ཆོད། ཁོང་རྒྱ་བོད་གཉིས་ན་ལྷག་པ་རྣམས་ཞལ་མཐུན་པ་ཡིན། ཡོན་ཏན་འདི་ཀུན་སྔར་ནས་འདི་བས་ཆེ་བ་ཞིག་གྲགས་དགོས་པ་ཞིག་མ་གྲགས་པར་འདུག །ཁྱད་པར་དུའང་ངེད་ཁྱིམ་པ་བླུན་པོ་རྣམས་ཀྱི་དད་པ་འདི་སྙན་གྲགས་ཀྱི་རྗེས་སུ་འགྲོ་བ་ཡིན། སྙན་པའི་གྲགས་པ་འདི་ཕྱོགས་བཅུར་བསྒྲག་འཚལ་ཟེར། བཤེས་གཉེན་པའི་ཞལ་ནས། ཁྱེད་ཡོན་བདག་གི་དབང་རིགས་དད་པ་ཡིན་པས་སྒོམས། བསྙེན་བཀུར་གྱི་ཡུལ་དཀོན་མཆོག་ལ་ལས་ཅི་འབྱོར་སེར་སྣས་མ་བཅིངས་པར་ཕུལ། ངེད་ཆོས་པའི་བྱ་རྒྱུ་གཞན་དོན་ཡིན་པས་བྱ། བླང་བྱ་གཉེན་པོ་དང་དམན་ཆ་ཡིན་པས་བླང་། སྤང་བྱ་ལོ་འདོད་དང་སྒྲིབ་པ་ཡིན་པས་སྤང་། སྦ་རྒྱུ་ཡོན་ཏན་ཁྱད་པར་ཅན་གསང་བ་མཆོག་ཏུ་བསྔགས། ངའི་འདི་ལ་ལུང་ཡོད། རིགས་པ་ཡོད། དགེ་བའི་བཤེས་གཉེན་པ་ཚོ་ཡང་གསན་འཚལ་གསུངས་ནས། མདོ་རྒྱུད་ཀྱི་ལུང་རྒྱབ་རྟེན་དང་བཅས་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་པས། ལོ་ཙཱ་བའི་ཞལ་ནས། འོ་ན་ངས་ཕག་གཅིག་ན་དཔེ་ཆུང་དུམ་གཅིག་བྱས་པ་ཡོད་དེ་ཅི་འདྲ་མཆིའམ་ཞུས་པས། བཤེས་གཉེན་པའི་ཞལ་ནས། དཔེ་ཆ་དང་དཔེ་ཆ་ཁོབས་པོ་ཆེ་ཁྱེད་ལ་ནམ་ལོང་བྱུང་། འདིའི་ཟེར་ལུགས་ཀྱིས་ཀ་བས་ཀྱང་བྱས་ཡོད། ཀ་བ་དེ་ཡང་བྱེད་བྱེད་པ་ཅིག་ཡིན། གཉིས་ཀའི་དཔེ་ཆ་ཆུར་ཁྱེར་ལ་ཤོག་གསུངས་པས། ཀ་བ་པའི་ཞལ་ནས། ཁྱེད་རྣ་བའི་ཤོར་ལ་འགྲམ་པ་ལྤགས་སྟོང་བར་འདུག །ཁྱེད་དེ་སྐད་ཟེར་དུ་བྱུང་གི་དོགས་ནས་རང་ད་ལྟ་ཡན་ཆོད་དུ་འབུག་པ་གཅིག་ཀྱང་ཟེར་མ་ནུས། ད་ཅི་ནས་ཡོན་བདག་ཤཱཀ་མགོན་ཁྱེད་ཀྱིས་ཀྱང་ལོབས་ཟེར་བ་ལ། ང་ལ་ཚིག་གཅིག་ཀྱང་ལབ་ལོང་མ་བྱུང་། བཤད་ན་ང་ལ་བཤད་ཚད་ཡོད་དེ་དེ་སྐད་མི་གསུང་བར་ཞུ་ཞུས་པས། བཤེས་གཉེན་པའི་ཞལ་ནས། སྒྲོ་བཏགས་པ་ཞིག་མིན་པ་ཡོད་དོགས་མེད་གསུངས་པས། ཀ་བས་ཁོ་རང་གི་གཟིགས་པ་ལ་འབྲོམ་གྱིས་སྤྲུལ་པ་མཛད་ཚུལ་ཐོག་ཅིག་གསུངས་པ་དང་ཐམས་ཅད་སྐྱབས་སུ་མཆིས་སྒྲར་སོང་། ལོ་ཙཱ་བས་བྲིས་པའི་དཔེ་ཆ་དེ་འདིར་སྟོན་དང་གསུངས་པ་ལ། ལོ་ཙཱ་བས་ཁ་སང་ནས་གསུངས་པ་ཚོ་ཟིན་རིས་བྱས་ནས་འདུག །བཤེས་གཉེན་པས་དཔེ་ཆ་དེ་ཏོག་སྟེ་བླངས་ནས་དབུ་ཐོག་ཏུ་བཞག་ནས། འདི་ལ་ཐབས་གཅིག་ཡོད་དེ་ཆོས་སྤོང་བའི་ལས་འདི་མི་རིགས། ང་འདི་ད་ཅི་ནས་ཟེར་བ་བཞིན་དུ་ཁྱེད་ལོ་ཙཱ་བ་ཆེན་པོས་ཕྱག་ལེན་མ་བཏབ་ཀྱིས་རྟིང་ལ་ད་ལོ་ལྔ་དྲུག་ན་ཁྱེད་རང་གི་ཡུལ་ཕྱོགས་སུ་དགེ་སློང་བགྲེས་པོ་གཅིག །འབྲོམ་གྱི་རྣམ་ཐར་ཞུ་ཟེར་བ་གཅིག་འོང་གིས། དེའི་དུས་སུ་མཆོད་པ་གང་འབྱོར་ཤོམ་དུ་ཆུག་ལ། སྲོད་ཐོ་རངས་གཅིག་ལ་ཁོང་གི་ལག་ཏུ་དཔེ་ཆ་འདི་མ་གཏད་པར་དཔེ་འདི་ཕྱག་གཡས་སུ་ཁྱེར་ལ་ཁྱེད་རང་སྤྱན་རས་གཟིགས་སུ་སྒོམས། དགེ་སློང་དེ་ལ་ངའི་འདུ་ཤེས་ཞོག །དགེ་སློང་དེ་ལ་འདིའི་རིག་པ་གཏོད་པ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་གཉིས་གཙོ་བོར་ཕོག །དེ་ཡི་དུས་སུ་ཡི་གེ་འདི་ན་རོ་འགྲེང་བུ་གཅིག་ཀྱང་མ་ལུས་པ་སྒྲོ་མ་བཏགས་པར་གྱུར་ལུགས་སུ་སྟོན། དེ་ནས་ཁོང་ལ་དཔེ་གཅིག་དགོས་པ་འོང་གིས་རབ་ཏུ་ཁྱེད་རང་གི་འདི་བྱིན། གཞན་དུ་ན་འདྲི་མཁན་ཁྱེད་རང་གིས་གྱིས། དཔེ་གཉིས་བསྒྲིགས་ནས་ཞུ་ཐིག་མ་བྱེད། ཁྱེད་བློ་བརྟན་པས་ཐེ་ཚོམ་མི་འོང་སྟེ་འོང་། བྱུང་ན་མཐོང་ཁུང་དུ་ཟླ་བ་ཤར་བའི་ནུབ་མོ་མཁར་བའི་མཎྜལ་གཅིག་གི་སྟེང་དུ་བྲིས་པའི་དཔེ་ཞོག་ལ་དག་མ་དག་ཁྱེད་རང་གིས་ཐུགས་ཀྱིས་ལེགས་པར་དཔྱོད། དེ་ལྟར་མཆོད་པས་ཐོ་རངས་ན་རྒྱལ་བ་རྒྱལ་སྲས་ནས་བཟུང་ནས་ཐོར་བུའི་བཀྲ་ཤིས་ཡན་ཆད་ཡི་གེར་བྲིས་ཟིན་ཀྱང་ཞུ་ཐིག་མགོན་པོ་སྤྱན་རས་གཟིགས་ཀྱི་བྱེད་མཆི། མ་དག་པའི་རྟོག་པ་མ་བྱེད་གསུངས་པ་ལ། ཇོ་བོའི་ཞལ་ནས། འདི་དག་བྱིན་གྱིས་བརླབས་པའི་བཀའ་ཡིན་པས་བྱིན་རླབས་བྱ་བ་སེམས་ལ་ཞུགས་པ་ཅིག་དགོས་པ་ཡིན། སེམས་བྱ་བ་བདེ་སྟོང་རང་གྲོལ་དུ་ཤེས་པ་ཞིག་དགོས་པ་ཡིན། འདི་ལྟ་སྟེ། བདེ་གཤེགས་བྱིན་རླབས་སེམས་ལ་ཞུགས། །སེམས་ནི་རང་གྲོལ་ཆོས་དབྱིངས་ཏེ། །ཆོས་དབྱིངས་དཔེ་མེད་ཡི་གེས་སྟོང་། །ཞེས་བྱ་བ་སོགས་ཚིགས་སུ་བཅད་པ་མང་པོ་གསུངས་པ་དང་། བཤེས་གཉེན་པའི་ཞལ་ནས།

ལེགས་པར་གསུངས་སོ་ལྷ་ཡི་རྒྱལ། །འཁྲུལ་པ་མེད་པར་ཡང་དག་གནས། །

ལེགས་པའི་ལམ་སྟོན་མར་མེ་མཛད། །ཡེ་ཤེས་སྙིང་པོ་རྒྱལ་གྱུར་ཅིག །

ཅེས་ཚིགས་སུ་བཅད་པ་མང་པོ་ཐོལ་བྱུང་དུ་གསུངས་པས། ཇོ་བོའི་ཞལ་ནས། ཕ་ལ་ཕ་ལ་ཁྱོད་འདྲ་བ་བོད་ན་ཡོད་བཞིན་དུ་ཁོ་བོས་ཅི་བྱེད། དེ་རིང་བཀྲ་ཤིས་སོ་བྱས་པས་ཐམས་ཅད་བཀྲ་ཤིས་པའི་སྐད་དིར་བ་བྱུང་བས། དེ་མ་ཐག་ཏུ་བཤེས་གཉེན་པའི་ཞལ་ནས།

ཤེས་རབ་ཡུམ་ལས་མ་གཡོས་པར། །རེ་ལྟོས་སེར་སྣས་མ་བཅིངས་པའི། །

ཕྱི་ནང་སྦྱིན་པ་གཏོང་བ་གང་། །བཀྲ་ཤིས་རིན་ཆེན་བཀྲ་ཤིས་ཤོག །

ཅེས་བཀྲ་ཤིས་ཀྱི་ཚིག་མང་པོ་གསུངས་པས། གསེར་གྱི་མེ་ཏོག་ལ་སོགས་པ་དུ་མ་ནམ་མཁའ་ནས་བབས། དེའི་དུས་སུ་རྔོག་གིས་མཆི་མ་བྱུང་སྟེ། ཁུ་འདི་ལྟ་བུའི་ཡོན་ཏན་གང་ལ་བལྟས་ཀྱང་ནམ་མཁའ་ལ་མདའ་འཕང་བཞིན་དུ་འགྲོ་བ། ཐོག་པ་མེད་པའི་ཡོན་ཏན་བླ་མ་རྒྱལ་བའི་འབྱུང་གནས་རིན་པོ་ཆེ་ལ་མངའ་བཞིན་དུ་མི་སྤྱོད་པར། དོན་མེད་ཀྱི་ཁེངས་གྲགས་མང་པོ་བྱེད་ཅིང་འགྲན་སེམས་དང་ལོ་འདོད་ཀྱི་ཆོས་ཀྱིས་ཅི་ལ་ཕན། ང་རྒས་ནས་འདུག་སྟེ། ཁོའི་རྩར་ཕྱིན་ནས་གྲོས་འདེབས། གཞན་མ་ཉན་ཀྱང་གྱོད་དལ་ཅིག་བྱེད་ཟེར། བཤེས་གཉེན་པའི་ཞལ་ནས། དེ་འདྲ་མ་ཟེར་ཅིག །རང་རེ་ཚོ་རྣམ་རྟོག་འཕྲོས་པས་མ་ཆོག་པར། ཁོང་དགེ་བའི་བཤེས་གཉེན་གྲྭ་པ་མང་པོ་དང་བཅས་ནས་བསྟན་པའི་བྱ་བ་ཐོས་བསམ་རྩེ་གཅིག་བྱེད་པའི་དུས་སུ་ཐུགས་ཁྲོས་ནས་འདི་ན་ཡར་ལ་བྱོན་བྱ་བའི་ཁྲིམས་ཡོད། ཡང་རྒྱ་གལ་ཏེ་ཐུགས་ཁྲོས་ནས་ཁོ་བོ་ལ་བཀའ་བཀྱོན་བྱུང་བ་ཡོང་། ལྷག་པར་དུ་ཡང་ད་ལྟ་ཁྱེད་རང་གཉིས་མཛའ་མོ་འདི་ལ། ད་གཟོད་མ་ཡར་བུ་ཡར་དང་འདྲ་བ་ཅིག་ཡོང་ངོས་ཤེས་མ་འགྲོ་ཅིག་གསུངས་པས། ཇོ་བོའི་ཞལ་ནས། དེ་རང་ཕྱི་མ་ཉེའོ་གསུངས་ཤིང་འབྲོམ་གྱི་ཆེ་བ་མང་པོ་མཛད་ནས། ཁོ་བོས་ཀྱང་ཁྱེད་ཀྱི་འགྲོ་དོན་ལྟ་བུ་བྱ་བར་མི་ནུས་སོ། །ངའི་ཨུ་པ་སི་ཀ་ངའི་ཕ་མ་རྣམས་ཐུགས་རྗེས་ཟུངས་ཤིག །ནད་པ་རྣམས་སྨན་པ་ཁྱོད་ཀྱིས་མ་སྐྱུར་ཅིག །སྨན་པ་གཞན་གྱིས་མ་སོས་པ་ཁྱོད་ཀྱིས་གསོས་ཤིག །གསུངས་པ་དང་། དགེ་བཤེས་ལོ་ཙཱ་བའི་ཞལ་ནས། མཁས་པ་ཆེན་པོ་འཕགས་པའི་དབྱངས་སུ་སྙོད་ཅིག་ཞུས་པས། ཇོ་བོའི་ཞལ་ནས། བགྱིའོ་གསུངས་ནས་འདི་སྐད་དུ།

རི་རབ་རི་ཡི་ཁོང་ཤེད་ན། །ལྷ་མ་ཡིན་གྱི་རྒྱལ་པོ་ཞིག །འཇིག་རྟེན་མགོན་ལ་མི་འདུད་པར། །མགོན་པོ་ཉམས་པར་མི་འགྱུར་ཞིང་། །ཡར་ལུང་མཐིལ་གྱི་ཕྱོགས་ཤེད་ན། །རང་རྒྱུད་མ་འཐུལ་དྲེགས་པ་ཞིག །གངས་རིའི་མགོན་ལ་མི་འདུད་པར། །ལྷུན་མཆོག་ཉམས་པ་གང་ལ་འགྱུར། །གཞོན་ནུར་གྱུར་པ་སེམས་དཔའི་ཚོགས། །ཁྲག་ཁྲིག་བྱེ་བ་བརྒྱ་སྟོང་རྣམས། །སུམ་ཅུ་རྩ་གསུམ་ལྷ་དབང་ལ། །ཉེ་དབང་འདུད་ཅིང་འཁོད་པ་ལྟར། །འབྲོམ་ཉིད་ལའང་དེ་དང་མཚུངས། །ངོ་མཚར་ཆེའོ་མིག་གཅིག་པུ། །མི་མངོན་གཞན་དོན་དཔག་མེད་པས། །གྲོང་ཁྱེར་དབུས་ཀྱི་དེས་པ་བཞིན། །ཐབས་ཀྱི་ཉོན་མོངས་ནད་བསལ་ཏེ། །སྙིགས་མའི་དུས་འདིར་སྨན་པ་ཁྱོད། །སྨོན་ལམ་བཅུ་གཉིས་འདེབས་མཛད་པས། །རབ་བསྔགས་ཁྱེད་ནི་དཔལ་དུ་གྱུར། །བདུན་བརྒྱ་བདུན་ཅུ་ཚེ་རབས་སུ། །ཁྲིམས་དག་གཞན་དོན་སྤྱད་གྱུར་ཀྱང་། །ཁྱོད་ཀྱིས་མཐའ་འཁོབ་འདུལ་བ་ཡི། །འགྲོ་དོན་དཀའ་སྤྱད་ག་ལ་ཡིན། །ལྷ་མཆོག་དཀའ་དུབ་མི་མངའ་བས། །འཁོར་བ་ཇི་སྲིད་ཤེས་པར་མཛོད།།

ཅེས་གསུངས་པ་དེ་དགེ་བཤེས་ལོ་ཙཱ་བས་དེ་མ་ཐག་ཏུ་ཐུགས་ལ་ཟིན་ནས་བསྐྱར་བས། བཤེས་གཉེན་པའི་ཞལ་ནས། མེ་ལོང་ལ་གཟུགས་བརྙན་ཤར་ནས་ཤོག་བུ་དང་སྣག་ཚ་ཡེལ་བ་ལ་དགོས་པ་ཅི་ཡོད་གསུངས་པས། རྔོག་དགྱེས་ནས་སེམས་མུལ་མུལ་དུ་སོང་ནས། མགོ་ཐོག་ཏུ་ཐོག་བབས་ཀྱང་ཐང་པོ་ཆེ་ནས་ཡར་འགྲོ་ཟེར་བ་ལ། བཤེས་གཉེན་པའི་ཞལ་ནས། ཕོ་ཚོད་བསྐྱེད། མི་ལུས་རིན་ཆེན་བྱ་བ་ཡང་ཡང་རྙེད་པ་མ་ཡིན། ཁེ་ཆུང་ལ་ཉེན་ཆེས་དེ་ན་ཡར་མ་འགྲོ། གཞན་ཕར་བཞག་པའི་ཆུ་གཅིག་པུ་ལ་ཡང་དཀའ་ལས་ཆེན་པོ་ཡོད། དེར་ཁྱོད་ཀྱིས་བྱིན་རྟིང་ལ་དགོས་པ་བྱུང་ན་དེས་ཆོག་སྟེ། རྒན་པོ་འདི་འདྲ་བ་གཅིག་གིས་གྲྭ་པ་ལྔ་བརྒྱ་བཞག་སྟེ་ཕྱིན་ནས། རེ་ཞིག་མཇལ་ཁ་མེད་ཟེར་ཏེ་བྱུང་ན་ཁ་སྐྱེངས་པོ་ཡོང་། དེ་བས་ལབ་ཚད་ཁར་མ་ཤོར་བར་བྱས། ངེད་ཡབ་སྲས་གཉིས་ཀྱི་བླའོ་ཉན་པ་ཁེ་ཆེ་གསུངས་པས། རྔོག་ན་རེ། ཁྱེད་མད་ཁོ་ལ་སྙིང་གཅིག་ཡོད་ན་འོང་མཆིས། མེད་ན་ཅི་བྱས་ཀྱང་མི་ཕན་སྡོད་པར་ཞུ་ཟེར། དེར་ཡོན་བདག་ཤཱཀ་མགོན་གྱི་རྟོག་པ་ལ། ང་ཀུན་དགེ་བཤེས་པ་དེ་ཀུན་གྱི་ངོ་ཡང་མི་ཤེས། ཤེས་ནས་གྲོས་འདེབས་པ་སྐད་བྱས་ཀྱང་དགའ་རུ་ཨེ་འགྲོ་ཡང་མི་ཤེས། ཅི་རུ་སོང་ཡང་ཁོང་སེམས་ཡོད་རྣ་བ་ཅན་ཞིག་ཡིན་ན། ཐོས་པ་དང་རིག་པ་ཞིག་འོང་ངོས་ཤེས། ང་རྒས་ནས་འདུག་སྟེ། དེ་ན་ཕར་གཅིག་འགྲོ་སྙམ་པ་ཞིག་བྱུང་སྟེ། ཇོ་བོ་དང་བཤེས་གཉེན་པ་ལ་ཕྱག་གསུམ་བཙལ་ནས། ང་ཀུན་བཟའ་ཉོག་མང་པོ་བསྐྱང་དགོས་པ་དང་། བྱ་བ་ཆེས་པས་ཆོས་ཟབ་མོ་ཉན་ན་འོང་བར་གདའ་སྟེ། དོ་ཞག་ཕར་ཕྱོགས་སུ་ཚོང་ལ་འགྲོ་བའི་དུས་ཤིག་བྱས་ནས་ཡོད་པས་འགྲོ་བར་ཞུ་ཞུས་པས། བཤེས་གཉེན་པའི་ཞལ་ནས། སྔར་བྱས་ཀྱི་ལས་ལ་མི་འགྱོད་ན། ཕྱིས་འབྱུང་གི་ཉེས་པས་མི་ཁེབས་པ་ཡིན། ཙབ་ཏ་ཙོབ་ཏ་ལས་ངའི་ཆོས་འདིའི་འཕྲོ་ཡང་ཉོན། དེ་ནས་ཨ་ཏི་ཤས་ངའི་སྐྱེས་རབས་ཀྱང་བཤད་པར་ཡོད་པས་དེ་ཀུན་ཀྱང་ཉོན། རྒས་ཁར་རླུང་གིས་ཁྱེར་མ་དགོས་པ་ཡོད་དེ་ཨང་གསུངས་པས། ཡོན་བདག་ཤཱཀ་མགོན་ན་རེ། ཆོས་མཐུན་གྱི་འཕྲོ་ཉན་འཚལ་ཟེར་ཏེ། སེམས་ཀྱིས་ནི་ཐང་པོ་ཆེ་ན་སླེབས་ཚོད་ན་འདུག །ཇོ་བོའི་ཞལ་ནས། མགོན་མེད་ཟས་སྦྱིན་འདིར་ཤོག །ཁོ་བོས་བྱིན་རླབས་བྱ། ཆོས་མཐུན་གཅིག་ཐོས་པ་བས་གཞན་དོན་དགའ་བ་ཡིན། རྐྱང་པའི་ཕྱིར་ཚོང་གི་དུས་ལ་རྒྱུག་གསུངས། དེར་ཡོན་བདག་ཤཱཀྱ་མགོན་ན་རེ། གནང་བ་ཐུགས་ལ་བཏགས་ཟེར་ནས། ཚ་བོ་གཉིས་ཡོད་པ་ལ། ཇོ་བོ་ཡབ་སྲས་ལས་བྱིན་རླབས་ཞུས་ལ་བ་རང་ནས་རྟ་ལོང་ལ་སྒ་ཆ་གྱིས་ཟེར་བས། ཚ་བོ་གཉིས་པོས་ཀྱང་བྱིན་རླབས་ཞུ། བ་རང་ནས་ཁུ་མཚན་གསུམ་པོ་ལ་རྟ་བཟང་གསུམ་ཡོད་པ་སྒ་ཆ་བྱས། འཁོར་གསུམ་ཚེར་མ་འདྲ་བ་རེ་བཏགས་ནས་ཆོས་རའི་གཤམ་དུ་རྟ་ཁྲིད་ནས་བྱུང་སྟེ། ཨ་ཁུ་འབྱོན་པར་ཞུ་ཟེར་ཞིང་གདའ། ཇོ་བོའི་ཞལ་ནས། འདི་མི་མི་འདྲ་གསུངས། བཤེས་གཉེན་པའི་ཞལ་ནས། མད་ལགས་དངོས་ཡིན་གསུངས་པས་ཐམས་ཅད་བཞད་གད་ཐེག་གེ་བ་གཅིག་བྱུང་། དེ་ནས་ཉིན་མོ་ཕྱི་མོར་སོང་བ་ལ་རྟ་བཟང་བས་ལྷ་སར་སླེབས་སྐད། འབྲོམ་པ་གཞན་ཀུན་ན་རེ། ཁོང་ཚོར་རང་མི་བྱེད། ཡར་ལུང་མཐིལ་ན་ནས་གྲས་བུན་བཏང་བ་མང་པོ་ཡོད། དེ་ཚོ་སྒྲུབ་པར་ཡར་ལ་འགྲོ་བ་ཡིན་མཆི་ཟེར། ལ་ལ་ན་རེ། གང་ཡིན་མི་ཤེས། མི་རྒོད་གཏིང་ཟབ་པོ་ཡོད་ཙ་ན་ཟེར་རོ། །དེ་ལྟར་ཞུ་ལན་རྣམ་པ་མང་པོ་དང་བཅས་པ་ནི། ཇོ་བོ་ཉིད་ཞིང་ཁམས་གཞན་ལ་མ་གཤེགས་གོང་དུ་ཁུ་སྟོན་རྗེས་སུ་འཛིན་པའི་ཕྱིར་ཐབས་ལ་མཁས་པའི་མཛད་པ་དམ་པའོ།།

ཡང་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ཇོ་བོ་ཡབ་སྲས་གཉིས་དང་། ཀ་བ་པ་རྣམ་པ་གསུམ་ཞལ་འཛོམས་པའི་སྤྱན་སྔར། ཡོན་བདག་ཤཱཀ་མགོན་ཁུ་མཚན་གསུམ་མ་གཏོགས་པའི་ཡོན་བདག་ཐམས་ཅད་འདུས་པའི་དུས་སུ། བུ་སློབ་ཐམས་ཅད་ཀྱི་སྣ་རྔོག་གིས་དྲངས་ནས། ཇོ་བོ་དང་མགོན་པ་སྤྱན་རས་གཟིགས་ལ་ཕྱག་ལ་སོགས་པ་ཡན་ལ་བདུན་པ་དང་། ཁྱད་པར་དུ་ཡང་དངུལ་དཀར་གྱི་མཎྜལ་མདའ་སྐོར་མ་དེ་ལ་དུང་ཆུང་དཀར་པོའི་རྒྱན་བཀོད་ནས་ཕུལ། དེའི་མཐའ་མ་ནས་ཕར་ལ་བུ་མོ་གཞོན་ནུ་ལྔ་བཅུ་དྲུག་ཅུས་ཀྱང་མེ་ལོང་ལྔ་བཅུ་དྲུག་ཅུས་མཐར་བསྐོར་ནས་ཕུལ། དེ་ནས་རྔོག་གིས་ཐལ་མོ་སྦྱར་ནས་ཁ་སང་ནས་ཞུས་པ་བཞིན་དུ་བཀའ་གནང་འཚལ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་ཡོན་བདག་ཀུན་ལ་འདྲི་རྒྱུ་འདྲ་མེད་དམ་གསུངས་པས། ཡེར་པའི་ཡོན་བདག་སེངྒེ་ཞེས་བྱ་བ་དེ་ལངས་ནས་བྱུང་སྟེ། ཁ་སང་ནས་ས་གཡོས་ཆེན་པོ་དང་འོད་དང་སྒྲ་སྙན་པོ་ལ་སོགས་པའི་ལྟས་མང་པོ་བྱུང་བས་དེ་དག་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་ཕ་སྟོན་ལ་འདྲི་ཟེར་ནས་ང་ལ་འདྲི་བ་ཅི་ཡིན་གསུངས་པས། བླ་མ་ལ་མངོན་ཤེས་མངའ་བར་འདུག་སྙམ་ནས། ཐམས་ཅད་དད་པ་ཕུན་སུམ་ཚོགས་པར་སྐྱེས་ཤིང་། ཡོན་བདག་སེངྒེ་ན་རེ། བླ་མ་ཡབ་སྲས་ལ་ཁྱད་པར་མེད་ཟེར་བ་དང་། ཇོ་བོའི་ཞལ་ནས། ཡོན་བདག་བརྗོད་པ་མཁས། ཁ་སང་ནས་འོ་སྐོལ་གྱི་ཕ་སྟོན་པ་འདིས། སྔོན་གྱི་རྒྱལ་བློན་ཁྱད་པར་ཅན་དེ་དག་ཏུ་སྐྱེ་བ་བཞེས་ལུགས། སེམས་ཅན་ལ་ཕན་བཏགས་ལུགས་དུ་མ་གསུངས་པས། ལྷ་ཆོས་ལ་དཀར་བ་མང་པོ་དགའ་ནས་འོད་ཆེན་པོའང་བྱུང་། རྟེན་འབྲེལ་གྱི་ནུས་པས་ས་གཡོ་བ་ཡང་བྱུང་། བར་སྣང་ལས་སྒྲ་སྙན་པོ་མང་པོ་སྒྲོག་པའང་ཐོས། ཤིན་ཏུ་དགེ་བའི་ལྟས་ཡིན་གསུངས་པས། ཁ་སང་ནས་ཀྱི་དེ་བདག་ཅག་རྣམས་ཀྱིས་མི་ཐོས་པ་ཟེར་ནས་ཡོན་བདག་པ་ཐམས་ཅད་སྨྲེ་སྔགས་འདོན་སྐད། ཇོ་བོའི་ཞལ་ནས། ཐོས་པ་དང་ཁྱད་པར་མེད་ཀྱིས། དེ་རིང་ཡང་རྔོག་གིས་ཞུས་པ་བཞིན་དུ་ཁྱེད་རྣམས་ཀྱིས་ཀྱང་ཟབ་མོ་ཐོས་པར་བྱ་ཡིས་ཉོན་ཅིག་གསུངས་ནས། དགེ་བའི་བཤེས་གཉེན་པ་ཁྱེའུ་དགེ་འདུན་འཕེལ་དུ་ཇི་ལྟར་སྐྱེ་བ་བཞེས་པའི་ཚུལ་རྒྱས་པར་གསུངས་སོ། །འདི་ཡན་གྱི་རྔོག་ཆོས་ཉི་ཤུ་ཐལ་ལོ།།

དེ་ནས་ཡོན་བདག་པ་རྣམས་དགའ་བཞིན་དུ་རང་གི་གནས་སུ་དེངས། དེའི་ཚེ་ཡོན་བདག་ཤཱཀ་མགོན་པ་ཁུ་ཚན་གྱིས་ཡར་ལུང་སོགས་གསེར་ཞོ་ལྔ་བཅུ་ཁྱེར་ནས་ཐང་པོ་ཆེར་སྣམ་བུ་ཉོས་པས། ཚོང་པ་བག་དྲོ་ཟེར་ནས་མི་མང་པོ་འདུས། དེར་སྣམ་བུ་ལ་གོང་བྱས་པ་ལ། ཁོང་གིས་རྩེགས་པས་དེ་ཙམ་རྩེགས་ན་ཚོང་མི་འོང་ཟེར། དེར་ཡོན་བདག་ཤཱཀ་མགོན་ན་རེ། ང་དམར་གསེར་ཀྱང་ཐིལ་མ་གཅལ་ནས་ཟོང་སྙམ་བུ་ཉོ་བ་ཡིན་རྩེག་པ་ང་བདེན། ཡེར་པའི་ནང་ན་འབྲོམ་སྟོན་པ་བྱ་བ་ཁྱེད་དང་རྒྱལ་ཁ་ཐམས་ཅད་གཞན་ལ་སྟེར་བ་ཡིན་ཟེར། འུ་ཅག་ཀུན་དེ་ཙམ་དུ་མ་སོང་ཙ་ན་རྩེག་འཚལ་ཟེར། ཚའོ་བཙན་སྟག་ན་རེ། འབྲོམ་ཡིན་ཡང་གསེར་མི་སྟེར་ཏེ་འོང་ཟེར། ཡོན་བདག་ཤཱཀ་མགོན་ན་རེ། ཁྱོད་ལས་ང་རྒྱུས་ཆེ་ཡི། བྱང་རྩ་སྒྱེ་མོ་བྱ་བའི་ཡུལ་དུ་ཕྱུགས་གཞན་ཕར་བཞག་པའི་འབྲི་ག་མ་གཅིག་པུ་རང་ཡང་སྟོང་ཁྱུ་མ་ལོང་པ་བཞག་ནས། བླ་མའི་ཞབས་ཐོག་གཅིག་པུ་བྱས། རྒྱ་གར་གྱི་ས་ཆ་རུ་སླེབས་ལ་ཁད་པ་ཙམ་ན། ཡར་ལ་སྒང་ཐང་དུ་ཨ་ཏི་ཤ་བསུ་རུ་བྱོན། ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་གསེར་རང་ཡང་སྲང་ལྔ་བརྒྱ་ཙམ་ཇོ་བོ་ལ་ཕུལ་བ་སྐད་གདའ། གཞན་ཡང་རྒྱལ་ཁ་ཐམས་ཅད་གཞན་ལ་སྟེར། དགེ་བཤེས་ཁུའམ་གཅིག་གིས་ཇོ་བོའི་རྩ་ཕྱི་ལ་ཁོང་བསོད་ལ་ཁད་པ་མང་པོ་བྱས་སྐད། དེ་ལའང་ཚིག་མ་ལེགས་པ་གཅིག་ཙམ་ཡང་ཕྱིར་འདོན་མ་མྱོང་ཟེར་ཞིང་ཡོད་པའི་འཕྲོ་ལ། བཙུན་ཆུང་ནག་འཇུ་རེ་བ་གཅིག་རྩ་རུ་བྱུང་ནས་ཡོན་བདག་ཚོང་པ་ག་ནས་བྱོན་ཟེར། ཡོན་བདག་ན་རེ། ང་འབྲོམ་ཆུ་རིས་ངོས་ནས་འོངས་བྱས་པས། བཙུན་ཆུང་ན་རེ། དགེ་བཤེས་སྟོན་པའམ་དེ་དང་ཁྱོད་ཚལ་འདྲིས་ཡོད་དམ་ཟེར་བས། ཡོན་བདག་ན་རེ། ཞལ་འདྲིས་ཙམ་མེད་དེ་ཁོང་གྲགས་པ་ཆེ་བ་ཞིག་འདུག་བྱས་པས། འོ་ན་ད་ཅི་ནས་ཀྱི་དེ་འདྲ་བ་ནམ་ཐོས་ཟེར་བས། ངེད་འདི་ངོས་ནས་ཚུར་ཚོང་ལ་ཡོང་ཙ་ན། དེ་ངོས་ཀྱི་མི་ལྔ་བརྒྱ་ཙམ་པ་འབྲོམ་ལས་ཆོས་ཉན་ཡིན་ཟེར་སོང་། ལ་ལ་ཕྱི་ནས་ལོག་ཅིང་བྱུང་བས། དེར་བཙུན་ཆུང་ན་རེ། དེ་རྣམས་ཀྱི་གསེབ་ན་གཙོ་ཆེ་བ་ཆོས་ཉན་ཇི་སྐད་བྱ་བ་ཡོད་ཟེར་གྱིན་གདའ་ཟེར། ཡོན་བདག་ན་རེ། དགེ་བཤེས་གསང་ཕུ་བྱ་བ་གྲྭ་པ་ལྔ་བརྒྱ་ཙམ་གྱི་ཚོགས་དཔོན་ཡིན་ཟེར་བ་གཅིག །སྔར་མཉམ་པ་བས་ཀྱང་འབྲོམ་དམའ་བ་ཙམ་དུ་རྩི་བ་ཞིག་ཡོད་པར་གདའ་ནའང་། ཕྱིས་ངོ་མཚར་ཅན་གྱི་ལྟས་ཁྱད་པར་ཅན་མང་པོ་བྱུང་། ད་ནས་ཀྱི་སྐད་ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་འབུལ། གྱོང་དང་བུ་ཁ་ཐམས་ཅད་ཁོ་རང་གིས་ལེན། གཞན་གྱི་ཡོན་ཏན་ཅི་ཡོད་པ་ལ་ཟུར་སྒྲོན་ཅིང་བསྟོད། ཁོང་རང་གི་ཡོན་ཏན་ཐམས་ཅད་སྦས་པས་མ་ཆོག་པར་ཇོ་བོས་གསུང་བ་ཚུན་ཆོད་ལ་དེ་འདྲ་མི་གསུང་བ་ཞུ་ཞིག་གསུང་བ་གཅིག་ཡོད་པར་གདའ་བས། དགེ་བཤེས་དེས་ཀྱང་འཆར་ཉན་ཁོང་རང་གི་གྲྭ་པ་ལ་བསྐོར་ནས། ན་ནིང་ནས་ཡུན་རིང་པོར་དགེ་བཤེས་སྟོན་པ་ལས་ཆོས་ཉན་ཅིང་གདའ་སྐད། དེ་ནས་ལ་སྟོད་གུང་ཐང་པ་ཡིན་ཟེར་བའི་རྒྱ་བོད་གཉིས་ཀའི་ཆོས་ཤེས་ཟེར་བ་ཅིག་འདུག་པ་དེའང་ཁ་སང་ནས་ཆོས་གསན་ཅིང་ཡོད་པར་གདའ། ཡང་ལེན་པའི་སྤྱིལ་བུ་ན་བཞུགས་པའི་ཀ་བ་ཤཱཀྱ་ཇི་ཅིག་ཞིག་ཟེར་བའི་དགེ་བཤེས་ཆེན་པོ་གཅིག་ཀྱང་ཆོས་ཉན་ཅིང་ཡོད་པར་གདའ། གཞན་ད་ཅི་ནས་ཞུས་པ་བཞིན་དུ་མི་ཆེན་འདུའི་ཡོད་པར་གདའ་བྱས་པས། བཙུན་ཆུང་ན་རེ། གོ་དཔོན་བདག་ལ་ཁ་སྐད་མང་པོ་འདུག །དགེ་བཤེས་སྟོན་པ་དེ་ཆོས་པ་བཟང་པོར་བྱེད་པ་འདུག །དགེ་བཤེས་ཁུས་ཁོང་ལ་སྡང་པོ་བྱས་ཟེར་བ་དེ་འདྲ་སུས་ཞིང་འདུག་ཟེར། ཡོན་བདག་ན་རེ། དེ་ན་ཕར་ལ་ཆོས་ཉན་དུ་ཕྱིན་པའི་བྱིས་པ་དང་། མོ་ཡིག་ཁ་བདར་མང་པོ་དེ་འདྲ་བའི་གཏམ་དཔེ་མང་པོ་ཁྱེར་ཅིང་འཕོང་ར་ན་ཉིན་རེ་བཞིན་བཤད་ཅིང་གདའ་བྱས་པས། བཙུན་ཆུང་ན་རེ། ཇི་སྐད་ཟེར་ཞིང་འདུག་ཟེར། དེར་ཁོང་ཆོས་ཉན་དུ་ཕྱིན་ཙ་ན། འབྲོམ་སྟོན་པ་དེས་ཆོས་ཟབ་ལ་རྒྱ་ཆེ་བ་མང་དུ་གསུངས། ལྟས་དང་ཆོ་འཕྲུལ་མང་པོ་བྱུང་། དེར་ཚོགས་པ་ཐམས་ཅད་ཤེས་པ་འུར་ལ་སོང་། ཇོ་བོའི་ཞལ་ནས། ཅི་ལ་གསུངས་པ་ལགས་སམ། བྷིར་བ་བྷིར་བ་ཁུ་ཁུ། གང་ཟག་ཁྱད་པར་ཅན་ལ་དེ་འདྲ་བའི་སྡིག་བསགས་གསུང་ཞིང་གདའ་སྐད། དགེ་བཤེས་གཞན་དེ་ཀུན་ན་རེ། ཐོས་རྒྱ་ཆེ་ཡང་གནད་དུ་མ་ཕོག་པ་ཁུ་འདྲ་བའི་སྙིང་མེད་པོ་འོང་བ་བཤེས་གཉེན་པ་ལ་བཟོད་ཅིང་ཀྱང་མི་བྱེད། ཁེངས་དྲེགས་དང་ལོ་འདོད་ཀྱི་ཆོས་ལ་ཤོར་ནས། ཚེ་ཕྱི་མར་འཕམ་པོ་འོང་ཟེར་བ་ལ་སོགས་པ་ཁོང་ཀུན་ལ་མང་པོ་བཤད་རྒྱུ་གདའ། དགེ་བཤེས་གསང་ཕུ་བའམ་དེ་ན་རེ། ཁྱེད་ལོ་ཙཱ་བ་རྣམ་པ་གཉིས་པོས་གྲོས་ཐོབ་ཟེར་ཞིང་འདུག །ཁོང་པ་རྣམ་པ་གཉིས་ན་རེ། ངེད་ཀྱི་གྲོས་ཐེབས་ན་ཏ་འདི་ལ་མ་ཐུག་སྟེ། མི་ཐེབས་སྙིང་ཅིག་ཡོད་ན་འདི་ཕྱོགས་སུ་གཅིག་འོང་སྟེ་འོང་ཟེར་ཞིང་འདུག །

དགེ་བཤེས་གསུང་ཕུ་བ་ན་རེ། ད་ང་ཡང་རྒས་འདུག་སྟེ་གྲོས་མ་ཐེབས་ཀྱང་གྱོད་དལ་རིང་བ་ཅིག་བྱེད་དུ་འགྲོ་ཟེར་གྱི་གདའ་འོ། །དེར་འབྲོམ་མམ་དེའི་ཞལ་ནས། ཁྱེད་རང་ཡིན་དེ་འདྲ་མ་གསུངས། ཁོང་ལ་སྐྱོན་དེ་འདྲ་མི་མངའ། དེང་སང་ཇོ་བོ་ཇོ་བོ་ཡིན་མོད་གཞན་གཞུང་མན་ངག་ལུང་རིགས་ཐམས་ཅད་ལ་ཁོང་མིན་པ་སུ་ཡོད། ཁོང་མིན་ན་ཇོ་བོ་ཡང་རྒྱ་གར་དུ་ཕྱིར་ལྡོག་པར་བཞེད་ནས་གདན་དེའུ་མ་འདྲོངས། ཇོ་བོ་གདན་འདྲོངས་པ་ཁོང་གིས་གོ་བཅད་པ་ཡིན། གཞན་ཡང་ང་ལ་བཀའ་བཀྱོན་བག་རེ་ཙམ་བྱུང་སྟེ་ང་རང་གིས་གོ་མ་ཆོད་པ་ཡིན། ཁོང་ལ་སྐྱོན་མེད་ཕྱོགས་གཅིག་ནས་བཀའ་བཀྱོན་མཛད་པ་རང་ཐུགས་ལ་བཏགས་ཟེར། རྒྱལ་པོ་དམངས་ཕལ་པ་ལ་མི་འཐབ་པའི་གཏམ་དཔེ་མང་པོ་གསུངས་ཤིང་གདའ་སྐད། གཞན་ཡང་ཁ་སང་ནས་ཁོང་ལ་མཇལ་དུ་འགྲོ་བ་ཞིག་ང་ལ་བབ་ཅིག་ཡོད་པ་ཡིན་ཏེ། སྤྱིར་བློ་སྣ་ཐུང་། དེའི་ནང་ནས་མྱུར་དུ་ཤི་ཡི་དོགས། ཕྱོགས་གཅིག་ནས་ཇོ་བོ་དང་འབྲལ་མ་ནུས། ཡང་ཕྱོགས་གཅིག་ནས་མི་ཆེན་རྣམས་ཀྱིས་ནན་བྱས་ནས་དེ་ལས་ཐབས་མ་བྱུང་། ད་ང་གོ་ཁྱེད་རང་ཡང་ཕྱིན་པ་མི་གྲག །རང་རེས་ཉན་བཤད་མ་བྱུང་བའི་ཁོང་བསྟན་པའི་བྱ་བ་མཛད་པའི་ཐུགས་མ་དཀྲུག །ཡང་ཁོང་ཐུགས་གཞི་དྲང་ཙ་ན་ཁྱེད་རང་ལ་བཀའ་བཀྱོན་བྱུང་བའི་ཁྲིམས་ཡོད་གསུང་བཞིན་གདའ་བ་ལ། ཇོ་བོས་དབུ་མཛད་ཁོང་མི་ཆེན་ཀུན་ཁྱོད་ངོ་མཚར་ཆེ། ཁོང་གིས་ཟེར་རྒྱུ་དེ་ཁྱེད་ཀྱིས་བྱས་གསུངས་ཤིང་འདུག་ལགས་སོ།།

གཞན་ཡང་དགེ་བཤེས་འབྲོམ་ཁུ་སྟོན་ལ་བསྟོད་པའི་བསྟོད་ར་ཆེན་པོ་བསམ་གྱིས་མི་ཁྱབ་པ་མཛད་ཅིང་འདུག་ཟེར་ཏེ། ངས་དེ་ལས་མ་ཟིན། སྐབས་དོན་ཁོང་ངོ་མཚར་ཅན་ཞིག་ཡོད་པར་གདའ། དེ་འདྲ་ལ་དཀའ་མོ་ཡོང་། ཁོང་ཐམས་ཅད་ན་རེ། ཆོས་པ་བྱ་བ་དེ་འདྲ་ཞིག་དགོས་པ་ཡིན་ཟེར། རྒན་རྒན་ལ་ལ་ན་རེ། དེ་ཀུན་རང་འབྲོམ་བདེན་ཙམ་ཡོད། ཁུ་ཏ་ཐག་རིང་ན་མེད་ཟེར་བྱས་པས། བཙུན་ཆུང་ན་རེ། ད་ཡོན་བདག་འདིར་ཇི་ཙམ་བཞུགས། ཡོན་བདག་ན་རེད། ངེད་དེ་རིང་སང་འདིར་སྡོད། བྱིས་པས་གོ་ལ་ཟེར་ནས་བཙུན་ཆུང་ག་ཤེད་དུ་ཡུད་དེ་སོང་། དེ་ནས་བཙུན་ཆུང་དེས་ཁུ་ལ་ཕྱིའི་སྣང་ཚུལ་ཚོ་བཤད་པས། ཁུ་ན་རེ། ཚོང་པ་དེ་ནང་དུ་བོས་ལ་ཤོག་ཟེར་ནས་བཙུན་ཆུང་གིས་ཡོན་བདག་གི་རྩར་ཕྱིན་ནས་ཡོན་བདག་ལ་ད་རུང་ཁ་སྐད་ཅིག་ཞུ་རྒྱུ་ཡོད་ན་ནང་དུ་བྱོན་དང་ཟེར་ནས། ཡོན་བདག་གིས་ཀྱང་བཙུན་ཆུང་དང་འགྲོགས་ནས་ནང་དུ་ཕྱིན་པས། ཁུ་ན་རེ། ཁྱེད་གང་ནས་བྱོན་ཟེར། ཡོན་བདག་ན་རེ། ཁོ་བོ་འབྲོམ་ཆུ་རིས་ངོས་ནས་འོངས་ཟེར་ཏེ། ཕྱག་གསུམ་བཙལ་ནས་ལངས་ཏེ་འདུག་པ་དང་། ཁུ་ན་རེ། སྟན་བཟང་པོ་ཅིག་འདུག་པ་དེར་འདུག་ལ་གསུང་གླེང་ཐོངས་ཟེར། ཡོན་བདག་གིས་ཀྱང་དཔའ་མ་ཞུམ་པར་བསྡད་པ་ན། ཁུ་སྟོན་ན་རེ། ཁྱོད་ལ་ཇོ་བོ་ཡབ་སྲས་ཀྱི་ཁ་སྐད་ཅིག་འདུག་ཟེར་གྱིས་གདའ་བ་འདིར་ཤོད་དང་ཟེར་བས། ད་ཅི་ནས་ཀྱི་ཚོ་ཡང་བཤད་པས། ཁུ་ན་རེ། འོ་ན་དགེ་བཤེས་སྟོན་པ་དང་ཁུ་གཉིས་སུ་བདེན་ཟེར་གྱི་འདུག །ཡོན་བདག་ན་རེ། བློ་སྤྱི་བོ་ནས་མཇལ་བ་ཐམས་ཅད་འབྲོམ་བདེན་ཟེར་བར་ཡོད་པར་གདའ། ཁུ་དང་འབྲོམ་གཉིས་ཞལ་འཆམ་པར་ཁུ་ལས་བདེན་པ་མེད་ཟེར་གྱི་ཡོད་པར་གདའ་ལགས། ཡང་ཁུ་ན་རེ། དགེ་བཤེས་འབྲོམ་རང་དེ་སྐད་མི་ཟེར་ཏེ་འོང་། ཡོན་བདག་རང་འཁྲུལ་པ་ཡིན་ནམ་ཟེར་བས། ཡོན་བདག་ན་རེ། ང་ཏ་རྩ་ན་མེད་དེ། ངེད་ཀྱི་ཡུལ་ཕྱོགས་དེ་ནས་ལྔ་བརྒྱ་ཙམ་ཆོས་ཉན་དུ་འགྲོ་ཟེར་ནས་སོང་བ་ལ། རྒན་གཞོན་གཉིས། ཆེ་ཆུང་གཉིས། བསམ་ཤེས་ཆེ་ཆུང་ཐམས་ཅད་ཁ་མཐུན་ནས་གདའ་བ། ཡང་རེ་རེ་ཙམ་སྣང་བ་འཁྲུལ་པ་སྲིད་པ་ཡིན་ཏེ། ཐམས་ཅད་ཁ་མཐུན་ཙ་ན་བདེན་པ་མ་ལགས་སམ་བྱས་པས། ཁུ་ན་རེ། དེ་ཡིན། དགེ་བའི་བཤེས་གཉེན་ཆེན་པོ་དེ་ཀུན་བྱོན་ནས་འདུག་ཟེར་བ་དེ་ཀུན་བདེན་པར་གདའ་འམ་གསུངས། ཡོན་བདག་ན་རེ། བདེན་པར་གདའ་ལགས།

ལྷག་པར་དུ་ཡང་དགེ་བཤེས་རྔོག་དེས་གཞན་དང་མ་འདྲེས་པའི་ཆོས་ཉི་ཤུ་ཙམ་ཞུས་པ་ཡིན་ཟེར་གྱི་གདའོ། །ཡང་ཁུ་ན་རེ། དེ་ཡིན། ཡོན་བདག་ལ་ཁ་སྐད་བྱུང་། དགེ་བཤེས་འབྲོམ་ཡོན་ཏན་ཐམས་ཅད་ཁུས་བྱས། སྐྱོན་ཐམས་ཅད་ངས་བྱས། ཁུ་ལས་བདེན་པ་མེད་གསུངས་པ་དེ་བདེན་ངོས་ཤེས་གདའ་འམ་གསུངས། ཡོན་བདག་ན་རེ། དེ་ལ་འཁྲུལ་པ་ག་ན་ཡོད། སྙན་པའི་གྲགས་པ་གཙོ་ཆེ་བ་ཞིག་དེ་ལ་བརྟེན་ནས་བྱུང་བ་ལགས་སོ། །ཐ་ན་ངེད་ཚོང་པ་ཐམས་ཅད་ཀྱིས་གཏམ་དཔེ་ཡང་ཁྱེར་ནས་འོངས་པ་དེ་ལགས་མོད། ཁུ་ན་རེ། ཡོན་བདག་གིས་ཆོས་ཉན་དུ་མ་ཕྱིན་ནམ། ཡོན་བདག་ན་རེ། ཁོ་བོ་བཟའ་མང་གི་དཔོན་པོར་སོང་། རྒྱགས་ཟོང་མི་ཡུལ་ནས་སྒྲུབ་དགོས། ལས་ཀ་ལམ་གཞུང་ལ་བྱེད་དགོས་པར་སོང་ནས། ཁོང་རྣམས་ཀྱི་གཏམ་སྐྱེས་མིན་པ་ཆོས་ཉན་པའི་སྐལ་བ་དང་མི་གདའ་ཡི། ཁུ་ན་རེ། འོ་ན་ཁྱོད་ཀྱིས་ཁོང་ལ་བསྙེན་བཀུར་འདྲ་བྱེད་མྱོང་ངམ། ཡོན་བདག་ན་རེ། ང་རང་གིས་དགོས་སུ་ནི་བྱེད་མ་མྱོང་། ཡུལ་པ་ཐམས་ཅད་བསྡུས་ནས་ཡེར་པར་མར་སྐྱེལ་དུ་འགྲོ་ཙ་ན་དགེ་འདུན་ཀུན་ལའང་བསྙེན་བཀུར་རེ་བྱེད་པས། དེ་དུས་སུ་བུ་ཚ་བུ་མོ་ཀུན་བཏང་ནས་ཞོར་ལ་ཁོང་ལའང་བསྙེན་བཀུར་བྱས་ཚོད་དུ་འདུག །ཁུ་འཛུམ་བྱས་ནས། ཡོན་བདག་གིས་བལྟས་ན་གང་བདེན་སྙམ་འདུག །ཡོན་བདག་ན་རེ། ང་ལ་ཏ་ཆོས་ཀྱི་གོ་རྟོགས་དང་མེད་པས་མི་ཤེས་ཏེ། དགེ་བཤེས་ཁུ་དེ་ཡོན་ཏན་ཆེན་པོ་ཨ་ཙ་བ་ཡིན་པར་ཡོད་པ་འདུག་པ་ལ་དགེ་བཤེས་འབྲོམ་ལ་སྡང་པོ་སྡང་པོ་བྱས་ཟེར། དེ་ལ་འབྲོམ་མི་རློག་པའི་ཁ་ལ་ཇོ་བོ་གདན་འདྲོངས་པའི་བདག་རྐྱེན་ཡང་ཁུས་བྱས། སྟོད་དུ་ཇོ་བོ་གདན་འདྲེན་པ་ལ་ཁུ་བས་བརྩོན་འགྲུས་ཆེ་བ་བྱུང་བ་མེད།

གཞན་ཡང་བོད་ན་གཞུང་ལུགས་མན་ངག་ཐམས་ཅད་ལ་ཁུ་འདྲ་བ་སུ་ཡང་མེད་གསུངས་ནས། གཞན་གྱི་ཚིག་མི་ལེགས་པ་དེ་ཙམ་ཁུ་ལ་གཏོང་བ་བྱུང་ཙ་ནའང་ཁོང་གིས་ཤིན་ཏུ་མི་བཟོད་པར་གདའ་སྐད། གཞོན་པ་སློབ་གཉེར་གྱི་གོ་ཆ་ཅན་ཐོ་རུ་བྱུང་ཙ་ནའང་སློབ་གཉེར་བྱེད་ན་ཁུའི་རྩར་འགྲོ་དགོས་པ་ཡིན། བོད་ན་ཁོང་མཁས་པ་ཡིན་མོད་གསུངས་ཤིང་གདའ་འོ། །ཡང་ཁུ་ན་རེ། ད་རུང་གསུངས་ཤིང་ཟེར་བས། ཐབས་མཁས་པའི་སྒོ་ནས་རྒྱུ་མཚན་ཞིབ་ཏུ་བཤད་པས། ཁུ་ན་རེ། དགེ་བཤེས་འབྲོམ་དེ་ཆོས་པ་བཟང་པོ་ཞིག་ཡོད་པར་འདུག །ངེད་ཀུན་ཡང་གྲྭ་པ་མང་པོས་མནར་བ་མིན་ན་མྱུར་བར་དེ་ན་ཕར་འགྲོ་དགོས་ཏེ། ཁོང་དེར་ཇི་ཙམ་བཞུགས་སམ། ཡོན་བདག་དེ་ན་ཕར་ནམ་གཤེགས་གསུངས་པས། ཉིད་ཅག་འབྱོན་ན་མྱུར་དུ་འབྱོན་དགོས་པ་ཡོད་པར་གདའ། དོ་ཞག་དགེ་བཤེས་ཀ་བ་པའམ་དེས་ལེན་པའི་སྤྱིལ་བུར་གདན་འདྲེན་པ་ཡོད་པར་འདུག །དེ་ནས་སྙེ་ཐང་དུ་འབྱོན་པ་ཡིན། ཡང་འབྲོམ་གྱི་དགོན་པ་ངོ་མ་ག་ཤེད་ན་ཡོད་དམ་ཟེར། དེ་ཤེད་དུ་གཤེགས་པ་ལགས་སམ། ལར་ག་ཤེད་ཅིག་གཤེགས་པ་ཡོད་པར་གདའ། གཞན་ཡང་འབྲོམ་ཁོང་ཆོས་རྒྱུ་ཡོད་ན་ད་ལྟ་ཞུས། དེ་ནས་ཇོ་བོ་ཡང་གར་གཤེགས་ཆ་མེད། ང་ལའང་ཏིག་ཏིག་ངེས་ངེས་མེད་ཙ་ན་གར་འགྲོ་དང་འདི་འགྲོའི་ཆ་མེད་གསུངས་པས། རྔོག་ན་རེ། ཁྱེད་ཀྱི་སྐྱེས་རབས་ཁྱད་པར་ཅན་ཚོ་ཡི་གེར་འདྲི་དགོས་ཞེས་ཞུ་བ་ཟེར་བ་ལ། ཡི་གེར་འདྲི་བ་ལ་དགག་པ་དུ་མ་མཛད་ཅིང་གདའ་འོ། །ཡང་ཁུ་ན་རེ། འོ་ན་ཁོང་ཀུན་འབྲོམ་དེ་རང་རྒྱུད་པ་ཞིག་ཡིན་ཟེར་རམ་ཇི་འདྲ་ཞིག་ཡིན་ཟེར་ཞིང་འདུག །ཡོན་བདག་ན་རེ། གཞན་ཆ་མེད། ཇོ་བོ་ཀུན་ཡང་ཐལ་མོ་སྦྱར་ནས། མགོན་པོ་སྤྱན་རས་གཟིགས་ཞེས་གསུང་ཞིང་གདའ་འོ།།

གཞན་ཐམས་ཅད་ཀྱང་སྤྱན་རས་གཟིགས་སུ་བྱེད་ཅིང་ཡོད་པར་གདའ་ཞེས་ཁ་སྐད་ཐབས་མཁས་པའི་སྒོ་ནས་བཤད་པ་དང་། ཁུའི་རྣམ་པར་རྟོག་པ་ཐམས་ཅད་འགྱུར། ཡོན་བདག་ལའང་བསྙེན་བཀུར་བཟང་པོ་བྱས། ཡོན་བདག་ཁྱེད་བསམ་པ་དྲང་ལ་སྨྲ་མཁས་པ་ཞིག་འདུག །ད་ཡང་ཚོང་ཐེབས་ཆག་པས་གསུང་དགའ་སྟེ་ཚོང་ལ་བྱོན་ཅིག་གསུངས། ཡོན་བདག་ཤཱཀ་མགོན་གྱིས་ཚོང་ལ་ལྟོས་པ་མེད་ཙ་ན་དེ་མ་ཐག་ཏུ་བྱོན། དེ་ནས་ཁུས་ཀྱང་ལེ་ལོ་མ་བྱས་པར་གམ་ན་ཡོད་པ་ཀུན་ལ་འབྲོམ་སྟོན་དེ་ལ་ངག་འཁྱལ་ཨེན་རེ་ཤོར། ད་རུང་སོང་ཙ་ན་ཁོང་ཆོས་པ་བཟང་པོར་ཡོད་པ་འདུག་པ་ཡིན་ཏེ། ཚིག་མི་ལེགས་པ་དམ་དུམ་ཤོར། གཞན་ཡིན་ན་དགྲ་རུ་ལྟ་རུ་འོང་སྟེ། ཁོང་གིས་སློབ་གཉེར་བ་གཞོན་ནུ་ཀུན་ཡང་འདིར་བཏང་ནས་བྱུང་། དབོན་པོ་བཙུན་ཆུང་འདི་ཡང་འདིར་བཏང་ནས་བྱུང་། སྔར་ང་མི་ཆེན་གྱི་རྟ་པ་རོལ་མོ་མང་པོ་བྱེད། ཁོང་སྐྱེས་བུ་དམ་པ་གཅིག་པུར་རྐང་ཐང་དུ་རྒྱུ། ད་ང་རང་ལ་ལན་ལན་ཞིག་གདའ་བའི་ཞེ་ནག་ཀྱང་བཞག །ཁོང་རང་གིས་དབོན་ཆུང་འདི་གཅིག་པུ་ཁྲིད་ལ་ཁལ་ཀུན་ཀྱང་བོང་བུ་གཅིག་ལ་བཀལ་ལ་འགྲོའི་གསུངས་པས། དབོན་ཆུང་དེ་སྤྱན་ཆབ་ཙར་ཙར་འདུག་སྐད། དེ་ནས་ཆིབས་པ་གཅིག་ཁྱེར་བ་དྲག་བྱེ་སྟོང་ས་ཐག་རིང་པོ་ལ་འོ་བརྒྱལ་དུ་འོང་ཟེར་བས། ཁུ་ན་རེ། ད་ལན་འོ་བརྒྱལ་ཡང་སྙིང་ཚིམ། གལ་ཏེ་འབྲོམ་ཁོང་ངོ་མཚར་ཅན་ཞིག་ཡིན་ན། འབད་རྩོལ་མེད་ལ་མྱུར་བར་སླེབས་པའི་ཁྲིམས་ཀྱང་ཡོད། རྟའི་རོལ་མོ་དང་མངོན་མཚན་ཆེན་པོ་བྱེད་མི་དགོས། ཁྱེད་རང་རྣམས་ཀྱང་སློབ་དཔོན་པ་ལྷ་སྡིངས་ན་སྐུ་མཚམས་ལ་བཞུགས་ཡོད་ཀྱིས། གལ་ཆེན་པོ་ཡོད་པས་མཇལ་འཕྲད་བྱེད་ཟེར་ན། ད་ལོ་དེ་ལོ་དང་གཟའ་སྐར་ཐམས་ཅད་རྩུབ་པས། ལྟོ་སྐྱེལ་རེ་ཙམ་ལས་སུའང་ཕྲད་པའི་སྐབས་མེད་གྱིས། ཁྱེད་རང་རྣམས་ཀྱང་ང་རང་ལོག་ནས་མ་བྱུང་གི་བར་དུ་མཇལ་བ་དང་སྙད་སྙོད་མང་པོ་མ་བྱེད། དེ་འདྲ་བྱུང་ན་འཐབ་མོ་འོང་ངོ་། །རྒྱ་གལ་ཏེ་འདིར་གུམ་ཆད་ཀྱི་རིགས་བྱུང་ནའང་། བསོད་ནམས་གསོག་པའི་ཡུལ་དཀོན་མཆོག་གསུམ་ནི་འདི་ན་ཡོད། ནོར་རྫས་ནི་འདི་ན་ཡོད། ཁྱེད་རང་རྣམས་ཀྱིས་བྱ་བ་མཛད་པ་ལས་བྱ་རྒྱུ་གཞན་མེད། ད་དབོན་པོ་ཁྱེད་རང་གྲྭ་པ་རྣམས་ཆོས་རར་ཚོགས་ཞལ་བཀོད་ཡོད་དོ་གྱིས་ལ་གསོག་གསུངས། དབོན་པོས་ཀྱང་བཀའ་བསྒོས་བསྒྱུར་བས། ཡུད་པ་ཞིག་ལ་སློབ་གཉེར་བ་ཐམས་ཅད་ཚོགས་ནས་བྱུང་། དེ་དུས་སུ་ཁུ་སྟོན་གྱིས་ཞལ་བཀོད་གསུངས་པ་ནི། འདིར་ཚོགས་བྱས་པའི་ཁ་ཏའི་སྐབས་དོན་ལ། ངས་སྔར་ཉན་བཤད་བྱས་པ་ཐམས་ཅད་གཞུང་རྒྱ་ཆེན་པོ་ལ་བྱས། འབྲོམ་བཞིན་དུ་དམན་ཆ་བླང་བའི་ཆོས་མ་བྱས་པར་ང་རྒྱལ་དང་ལོ་འདོད་བག་རེ་བྱས་པའི་ལུགས་ཡིན།

དེ་རིང་གི་དེ་འབྲོམ་དང་ཇོ་བོའི་ལུགས་འདི་ཤ་ཚ་སྙིང་ཉེ་བློ་ལ་ཕན་སྐད་པས། ཁོང་རང་གི་ལུགས་སུ་གདམས་ངག་ཏུ་བགྱིད། ཐམས་ཅད་ཆེ་ས་ཆུང་ས་ནས་རང་རང་གི་བློ་ལ་གྲོས་ཐོབ་ལ་དགེ་སྦྱོར་གྱི་རིམ་པ་ལ་འབད་པར་ཞུ་བ་དང་། ང་ཡང་ད་ལོ་དགེ་སྦྱོར་ཞིག་བྱེད་པས། མཚམས་ཤིན་ཏུ་དམ་པ་ཞིག་བྱེད་པས། དེ་ལ་ན་ཚ་ཤི་ཆད་བྱུང་ཡང་ཚེ་ཟད་ན་ངས་ཀྱང་བཤོལ་མི་ཐེབས་པས། མཇལ་སྣ་དང་ཞུ་སྣ་མ་མང་ཞིག་བྱ་བའི་དོན་ནི། དེ་རིང་ཉི་མ་དཀར་པོ་ལ། དཀར་པོའི་སེམས་ཀྱི་འདིར་ཚོགས་ཞུས། །བྱ་རྒོད་ནམ་འཕང་གཅོད་པ་ལྟར། །སྔན་ཆད་བཤད་པས་མཐའ་རྒྱ་བཅད། །རྒྱ་ཁྲ་ཟན་ལ་གཞོལ་བ་བཞིན། །ད་ནི་གདམས་ངག་དོན་དུ་འགྲིལ། །གྲོགས་པོ་འབྲོམ་རྒྱལ་ཇི་བཞིན་དུ། །དམན་ཆ་བླངས་ནས་ཆོས་མ་བྱས། །ད་ནི་འབྲོམ་དང་ཇོ་བོ་བཞིན། །སེམས་ལ་ཕན་པའི་གདངས་ངག་གིས། །རང་སར་བློ་ལ་གྲོས་ཐོབ་ལ། །སེམས་ལ་ཕན་པའི་དགེ་སྦྱོར་གྱིས། །ང་ཡང་ད་ལོ་དགེ་སྦྱོར་གྱིས། །སྔར་བཞིན་རྣམ་གཡེང་མི་བྱེད་པར། །ལྕགས་ཀྱི་གའུར་ཞུགས་ཏེ་སྡོད། །བཙན་པོར་འཆི་བ་འབྱུང་གྱུར་ཀྱང་། །ང་ལ་ཞུ་མཇལ་མ་མང་ཞིག །ཚེ་འདི་ཆུ་བོའི་གཞུང་དང་འདྲ། །རྦ་ཀློང་ཆེ་ལ་མྱུར་དུ་འགྲོ། །སྟོབས་ཆེན་གང་གིས་བཤོལ་ཐེབས་དཀའ། །ང་ནི་རྒྱལ་བ་རྒྱ་མཚོའི་ཞིང་། །གངས་ཆེན་མཚོ་དེར་མ་སླེབས་པར། །གཏན་ཕན་ལམ་ལ་བདེ་བར་འགྲོ། །ཁོ་བོ་ཆོས་ལ་མཁས་གྱུར་ཀྱང་། །མཁས་པའི་རལ་གྲིས་བྱམས་བདེ་བཅོམ། །འདི་ཆེད་བྱིས་པའི་རྩེད་མོ་འདྲ། །འཕྲལ་དགའ་སྟེ་ཕུགས་དགོས་གཏོར། །ད་ནི་རྒྱ་གར་མཁས་པའི་ཆོས། །སྙིང་པོའི་དོན་དེ་བླང་བའི་ཕྱིར། །རྣམ་རྟོག་སྤྲིན་ཚོགས་ཡེར་པའི་ས། །རྗེ་བཙུན་ལྷའི་ལྷ་སྡིངས་སུ། །གཏན་དུ་ཕན་པའི་སྟན་ཐོག་ཏུ། །རིན་ཆེན་གསེར་གྱི་ཕྲེང་བ་མཉེད། །དོན་མེད་མི་ཁྲོམ་དགོས་པ་མེད། །སྨྲ་བཅད་བྱས་ཏེ་ལྷ་རྒྱལ་བགྲང་། །ཐོད་ཐུན་ནམ་གྱི་ཆ་སྟོད་ལ། །མཆོད་ཚོགས་སྦྱོར་བ་བཤམས་པར་བྱ། །ནམ་གུང་རྩེ་གཅིག་དྲན་པར་བྱ། །ཐོ་རངས་ནམ་གྱི་ཆ་སྨད་ལ། །དགེ་སྦྱོར་ལམ་ལ་འཇུག་པར་བྱ། །དགེ་སྦྱོར་གནད་དུ་ཕྱིན་པའི་ཚེ། །ད་གཟོད་མཇལ་འཕྲད་དུ་མ་བྱ། །དེ་ཚེ་རྣམ་གཡེང་མང་གྱུར་ཀྱང་། །ང་རྒྱལ་མཁར་དཔེ་ཐོག་གིས་བཅོམ། །བདག་འཛིན་འཁོར་ངན་ཇོ་བོས་མནན། །བདེ་གཤེགས་བསྟན་པ་སྤྱི་བོར་འཁུར། །དེ་ཚེ་འཕྱ་སྨོད་རླུང་ཚུབ་ཞི། །རང་གི་གནས་ལུགས་བྱམས་པས་སྐོར། །དེ་ལྟར་གཞན་ལ་ཕན་གྱུར་ན། །བདུད་རྩིའི་ཁུ་བ་སྟོན་པ་ཡིན། །གཞན་དུ་དུག་ཆུས་ཚེ་སྲོག་འབྲལ། །དེ་ནི་འདིར་ཚོགས་ཞུ་དོན་ཡིན། །དེ་བས་སངས་རྒྱས་ཀུན་གྱི་ཡུམ། །བདེ་བའི་འབྱུང་གནས་རབ་མཉེས་ནས། །དེའི་སྲས་མཆོག་འགྲོ་བའི་དཔལ། །མར་མེ་ལྟ་བུར་གསལ་གྱུར་ཅིག །སྙན་པའི་གྲགས་པས་ཕྱོགས་མཐར་ཁྱབ། །རྙེད་དཀུར་བླ་མེད་རིན་ཆེན་གླིང་། །རིན་ཆེན་དཔུང་པའི་བཀྲ་ཤིས་གང་། །མཆོག་གི་བཀྲ་ཤིས་དེར་འདིར་ཤོག །ཅེས་གདན་ལས་གག་སྟེ་བཞེངས་ནས་གཟིམས་ཁང་ལ་གཤེགས། ཐམས་ཅད་ཀྱང་དེ་རིང་གི་ཆོས་དེ་ཟབ། ལུང་མན་ངག་གང་ལ་བལྟས་ཀྱང་འདུག་ཟེར་ནས་རང་རང་གི་གོ་ཆ་བླངས་ནས་དགེ་སྦྱོར་ལ་འབད། མཇལ་འཕྲད་ཀྱི་ཁོ་ཐག་ཀྱང་བཅད་དོ། །དེ་ནས་དགེ་བཤེས་ཁུས་སྲོད་ལ་འབྲོམ་ལ་ཐེར་ཆམ་དཀར་པོ་གཅིག །ཐེར་མའི་འཇོལ་ཤག་གཅིག །ཐེར་མའི་ཤམ་ཐབས་གཅིག །སྲིན་བལ་གྱི་སྐྱེ་རབས་བཟང་པོ་གཅིག །ཇོ་བོ་ལ་ཐེར་མའི་ཐང་ཤམ་ཟུང་གཅིག །གདིང་བ་སྐྱེ་རབས་དང་བཅས་པ་གཅིག །གཉིས་ཀ་སྣམ་བུ་བཟང་བའི་སྟོབས་ཀྱིས་དར་ཁ་བཟང་བ་རེ་རེར་འཐུམ་པ་བྱས་ཏེ། གསེར་སྲང་དྲུག་ཅུ་ཐམ་པ་བཏེག་ནས་སྐད་པར་ཚུད་པར་མཛད།

གཞན་ཡང་ལམ་གྱི་ཆ་རྐྱེན་བོང་བུ་བཟང་པོ་གཅིག་གིས་བདེ་ཡང་དུ་ཐེག་པ་གཅིག་བྱས། འཕྲལ་གྱིས་ན་བཟའ་ཐམས་ཅད་ཀྱང་བདེ་ཡང་དུ་མཛད་ནས། གུང་ཐུན་ལའང་ནངས་པར་མ་མཆིས་པ་ཞིག་དང་། མྱུར་དུ་སླེབས་པ་ཞིག་སྙམ་པ་ལས་གཞན་མ་བྱུང་། དེའི་གོང་ཡན་ཆད་དུའང་དགེ་བཤེས་གསང་ཕུ་བའི་ང་རྒྱལ་དང་ཐུགས་སྦྲམ་མི་སྦྲམ། དགེ་བཤེས་ཀ་པའི་ཐུགས་ཚོད་ཆེ་ཆུང་ཐུགས་སྦྲམ་མི་སྦྲམ། དགེ་བཤེས་གུང་ཐང་པའི་རྒྱ་བོད་ཀྱི་ཡོན་ཏན་ལ་ང་རྒྱལ་ལུགས། བོད་ལ་བཀའ་དྲིན་ཆེ་བའི་ཡུལ་ལུགས་ལ་འབྲོམ་ལ་ཆོས་ཉན་གྱི་ཡོད་བྱ་བ་ཅི་བདེན། ངས་ཀྱང་སྙེགས་པ་ཞིག་མ་ཕྱིན་པས་ཁྲིམས་ལ་མ་ཤོང་། སྔོན་ལ་ཁ་ཚོད་ལྟ་རུ་འགྲོ་ཡིས། སླེབས་འགྲོག་ལ་འབྲོམ་ལ་གཏོང་བའི་ཐེར་མ་བུབས་གཅིག་བདོག་བྱས། ཁོང་གསུམ་པོ་དེས་བཏུད་ཀྱིས་རྟིང་ལ་འབྲོམ་ལ་ཡོན་ཏན་ཆེན་པོ་ཞིག་ཡོད་པ་ཐག་ཆོད། གཞན་དེ་ཚོས་བཏུད་དོགས་མེད་སྙམ་པ་འབའ་ཞིག་ཡིད་ལ་རྒྱུ། དེ་ནས་ནངས་པར་ཐོ་རངས་སྐར་ཆེན་ཤར་བ་དང་། ཇོ་བོས་གནང་བའི་པཎ་ཞྭ་གཅིག་ཡོད་པ་གསོལ། སྦ་མཁར་གཅིག་ཡོད་པ་བསྣམས་ཏེ་བྱོན་པས་གྲུ་ཁར་ནམ་མ་ལངས་པར་སླེབས། ད་ལྟ་སྔས་པས་ཀོ་མཁན་ཡང་ཡུག་ཅིག་མི་འོང་སྙམ་ཙ་ན། རེ་ཞིག་ནས་ཀོ་སྐྱ་ལྕོབ་ལྕོབ་པ་ཞིག་བྱུང་། དེ་ཅི་ཡིན་ནམ་སྙམ་ཙ་ན། ཁྱོ་ཀ་དཀར་པོ་གཅིག་བྱུང་། ཀོ་ཇ་པ་ཡིན་ན་རུང་སྙམ་ཙ་ན། གྲུ་ཁའི་དེ་ཀུན་སུ་ཡིན་ཟེར། དེར་དགེ་བཤེས་ཁུས། འདི་དགེ་བཤེས་ཁུ་སྟོན་པའི་མི་རྒྱ་གར་བའི་པཎྜི་ཏ་མཇལ་དུ་འགྲོ་བ་ཡིན། ཁྱེད་གར་འགྲོ་བ་ཡིན་བྱས་པས། ངེད་བང་ཕྱིན་ཅིག་ལ་འགྲོ་བ་ཡིན་ཏེ། ཕྱིས་སྐྱོན་ཞིག་བྱུང་ཟེར་བས། ངེད་ཀྱི་གླ་ཆེན་པོ་སྦྱིན་བསྒྲལ་བར་ཞུ་བྱས་པས། དེ་ན་རེ། ང་རང་ཡང་རིངས་པར་ཡོད། གཞན་ཡང་ཁུ་སྟོན་པའི་སྐོར་གྱིས་པཎྜི་ཏ་འདིའི་རྩ་ཕྱི་ལ། འབྲོམ་བྱང་ཆུབ་སེམས་དཔའ་དེ་ལ་སྡང་པོ་མིག་འབྱིན་པ་འདྲ་བ་བྱས་ཟེར། རྒྱ་སྡེ་ཐམས་ཅད་ཁ་འཆམ་ནས་འདུག །ད་ལན་ཡང་པཎྜི་ཏ་མཇལ་བ་ངོ་མཚར་ཆེ་སྟེ། འབྲོམ་བཟང་པོ་དེ་ལ་སྡིག་བསགས་ན་ང་རང་ལའང་སྡིག་པ་ཡོང་ཟེར། དེ་ཐོས་པ་དང་ཁུ་ལྷག་པར་དུའང་དད་པ་སྐྱེས། རང་གིས་མ་ཐོས་པ་མིན་པ་ཐམས་ཅད་ཁ་འཆམ་ནས་ཡོད་པར་འདུག་སྙམ་ནས། ཡོན་བདག་དེ་ལ་ཁྱེད་ལས་བདེན་པ་མེད། ཁུ་ང་རང་ཡིན་ཏེ་ཉེས་པ་ལ་འགྱོད་ནས་ད་གཟོད་གསོལ་བྱེད་དུ་འགྲོ་བ་ཡིན། ད་ལན་ཁྱོད་ཀྱིས་ཅིས་ཀྱང་གྲུ་ཐོངས། ངེད་སོང་སྐད་ཀྱང་སོང་། ད་བཟོད་ཀྱང་བཟང་ལན་ཆེ་བ་ཅིག །ད་ལན་ཡང་ཁེ་ཕྱེད་འབུལ་གྱི་གསུངས་པས། དེ་ན་རེ། འོ་ན་ང་རིངས་པ་རིངས་པ་ཞིག་ཡོད་དེ། དེ་ལ་འགྲོ་ན་ཁྱེད་མི་ཆེན་པོ་གསང་ནས་གཤེགས་པ་ལ་ངས་ཀྱང་གསང་བ་ལས་འོས་མེད། ད་ལན་ཡང་གྲུ་གླ་མི་འཚལ་གྱིས། དགེ་བཤེས་འབྲོམ་དེ་ངོ་མཚར་ཅན་ཞིག་ཡིན་པར་འདུག་པས་ཐུགས་དགྱེས་པར་མཛོད། ང་ཁྱེད་ཀྱིས་ད་གཟོད་ངོ་མི་ཤེས་ཏེ། ཁྱེད་མི་ཆེན་པོ་ཡིན་པས་ད་གཟོད་ཁ་སྐད་ཉན་ལ། ང་ཡིན་ལུགས་ཞུས་ལ་དྲུང་དུ་འོང་གིས། དེ་ཙ་ན་གང་ལ་ཕན་མཛད་པར་ཞུ་ཟེར།

ཁུས་ཁྱེད་ཀྱི་མིང་ཅི་ཡིན། དེ་ན་རེ། ད་ལན་བཤད་རྒྱུ་མེད། ཐོ་རངས་གྲུ་ཁའི་མཉན་པ་དེ་བྱས་པས་ནོར་མི་སྲིད་ཟེར། དབོན་པོ་ན་རེ། མིང་ལས་དོན་དགའ་བ་ཡིན། དོ་ནུབ་ཁྱོད་ཀྱིས་གྲུ་བཏང་བ་དེས་ཆོག །ད་གཟོད་མཇལ་མི་མཇལ་ཡོན་བདག་ཤེས། ངེད་ཀྱིས་མ་བསླུས་པ་ཞིག་བྱེད་པ་ཡིན་བྱས་པས། བཙུན་ཆུང་བདེན་ཟེར་ནས་ཁོས་གྲུ་བཏང་། ཕ་རོལ་ཏུ་བསྒྲལ་མ་ཐག་བཙུན་ཆུང་ན་རེ། རྒྱལ་བ་རྒྱ་མཚོ་ལ་བརྟེན་ནས་མཉན་པ་ཆོས་དང་དཔལ་འབྱོར་གྱིས་ཕྱུག་པར་ཤོག །ཅེས་སྨོན་ལམ་བཏབ་སྐད། དེ་ནས་མི་བོང་གསུམ་གྱིས་ཉེར་ཞོ་མེད་པར་ཡེར་པ་ན་ཡར་མྱུར་པོར་སླེབས། དགེ་བཤེས་ཀ་བ་པ་རྣམ་པ་གཉིས་ཀྱང་ཡོན་བདག་ཤཱཀ་མགོན་ཚོང་ལ་སོང་ཟེར་ནས་བློ་ཕེབས། དགེ་བཤེས་ཀ་བས་ཇོ་བོ་ཡབ་སྲས་ལེན་པའི་སྤྱིལ་བུར་སྤྱན་དྲངས། དེའི་ལམ་ཁར་བུ་མོ་གཞོན་ནུ་མ་གཅིག་གིས་ཇོ་བོ་ལ་རང་གི་གོས་ཕུད་ནས་ཕུལ། བྱིན་རླབས་ཞུས་པས། བཤེས་གཉེན་པའི་ཞལ་ནས། བུ་མོ་འདི་མཐོང་ཆོས་ལ་ཕྱུག་མོ་ཞིག་འོང་། ཀླུང་ཤོར་གྱི་ཞང་ཕྱུག་པོ་ཞིག་ཆུང་མ་བྱེད། ཡོན་བདག་མོ་ཁྱོད་ཀྱི་པཎྜི་ཏ་ངོ་ཤེས་སམ་གསུངས་པས། ཤེས་ལགས་ཟེར། ཇི་སྐད་བྱ་བ་ཡིན་བྱས་པས། བུ་མོ་ལྷ་གཅིག་བྱ་བ་ཡིན་ཟེར། བཤེས་གཉེན་པའི་ཞལ་ནས། དེ་རྟེན་འབྲེལ་ཡིན། བུ་མོ་ཁྱོད་ལ་བུ་གཅིག་སྐྱེ། གཅིག་པུ་དེ་ཇོ་བོ་ལྷ་གཅིག་འདྲ་བ་ཞིག་ཡོང་། མིང་ཡང་ངའི་མིང་ལ་བརྟེན་ནས་ཤེས་རབ། ཇོ་བོའི་མཚན་ལ་བརྟེན་ནས་འོད་གྲགས་པ་ཅན། ཞང་བུ་གཅིག་པུ་བྱ་བ་གྲངས་ཉུང་ལ་འབྲུ་བཟང་བས། དོ་ཞག་ཞུ་ལེན་གྱི་སྐབས་སུ་བུ་མོས་སླེབས། འདིའི་བུ་གཅིག་པུ་དེའི་སློབ་མ་གཅིག་གིས་ཞུ་ལེན་འདི་ལ་ཉམས་ལེན་བྱེད་པ་ཞིག་འོང་སྲིད་གསུངས་པ་དང་བུ་མོ་དེ་ཤིན་ཏུ་དགའ་ནས་སོང་ངོ་།།

དེ་ནས་ལེན་པའི་སྤྱིལ་བུར་བྱོན་ནས་ཡུད་པ་གཅིག་བཞུགས། ཀ་བས་དེ་ཉིད་དུ་ཐུགས་དམ་མཛད་ཅིང་བཞུགས། དགེ་བཤེས་ལོ་ཙཱ་བ་ཡང་སྤྱན་འདྲེན་པ་ཞིག་བྱུང་ནས་ཡར་ལུང་ངོས་ལ་གཤེགས། དེ་ནས་སླར་ཡེར་པར་བྱོན་པའི་དུས་སུ་ཇོ་བོ་ཡབ་སྲས་གཉིས། གསང་ཕུ་བ་དང་གསུམ་ཡོད་པས། དེའི་དུས་སུ་བཤེས་གཉེན་པའི་ཞལ་ནས། དགེ་བཤེས་གསང་ཕུ་བ་ཁྱེད་རང་ཡང་ནགས་ཁྲོད་དུ་ཐུགས་དམ་མཛད་ཅིང་གསང་ཕུར་ཕྱིན་ན་མི་མཆིའམ་གསུངས་པས། གསང་ཕུ་བ་ན་རེ། ཕྱིན་ན་ཁ་སང་ནས་ཕྱིན་ཟིན། བཅད་ཀྱི་མི་ལ་གྲོས་འདེབས་དཀའ་བ་ཡིན། དེར་བཤེས་གཉེན་པའི་ཞལ་ནས། ཐུགས་ཚོད་རང་དགེ་བཤེས་ཀ་བ་ཆེ། ཁ་སང་ནས་གསུང་གླེང་འཕེལ་པོ་མཛད། བཅད་རྒྱུ་ཚོ་བཅད། གླེང་རྒྱུ་ཚོ་གླེང་། ཐུགས་ཐོག་ཏུ་ཕེབས་པ་དང་ཐུགས་དམ་མཛད་ཟེར་ནས་རང་གི་དགོན་པ་དབེན་པར་བཞུགས་པར་གདའ། དགེ་བཤེས་ལོ་ཙཱ་བའང་དེ་དང་མཐུན་པར་མཆིམས་ཕུ་ན་ཡར་གཤེགས། ང་དོ་ཞག་ལབ་ལོབ་མང་པོས་སོ་མི་སོད་པ་ལ་ཁྱེད་བགྲེས་པོ་གཅིག་བཞུགས་པར་འདུག །དོ་ཞག་ཀུན་མི་བྱུང་ན་ཆོས་དང་མཐུན་པའི་བབས་གཏམ་སྨྲ་བ་མ་གཏོགས་ངའི་ཡོན་ཏན་བརྗོད་པ་དང་། ང་ལ་བཀུར་སྟི་མང་པོ་མི་འཚལ། དད་གུས་ཐུགས་ལ་མཛད་པས་ཆོག་པ་ཡིན་གསུངས་པས། གསང་ཕུ་བ་ན་རེ། ང་ལུག་རྒན་གཅིག་གི་ཚེ་ལས་མེད། སུ་བྱུང་ཡང་ངོ་བསྲུང་བ་མི་འོང་། དབང་ཆེ་ན་ཆེ་ཐོག་ཏུ་སྐྱུར། དགེ་བཤེས་ཆེ་ན་ཆེ་ཐོག་ཏུ་སྐྱུར། མཁས་པ་རྒྱལ་ཐོག་ཏུ་སྐྱུར། ཕྱུག་པོས་ང་རྒྱལ་ན་རྒྱལ་ཐོག་ཏུ་སྐྱུར། སྔར་གོ་མ་ཆོད་ནས་འགྱོད་ན་ད་བཀུར་འོས་མི་འཁུར་རི། ཐིག་དྲང་པོར་མི་འདེབས་རི་ཟེར་བ་དང་། བཤེས་གཉེན་པའི་ཞལ་ནས། དོ་ཞག་འཐབ་མོ་ཞིག་འོང་། བྱས་པའི་ཁ་ལ་མི་ཉན་པ། རུས་སྦལ་ཁ་ནས་ཤིང་ཤོར་འདྲ། །ཟེར་བའི་གཏམ་དེ་འོང་བའི་མགོ་ཞིག་བྱུང་གསུངས་པས། རྔོག་ན་རེ། ཐལ་མོ་ཡ་མེད་སྡེབས་ཤེས་ནས་ཐལ་མོ་མཁས། འཐབ་པ་ལ་འཐབ་མ་དགོས། ང་ཀུན་རྒྱབ་ན་མགོ་མཛད། ཤགས་སུ་བདེན་འབུལ། ལན་དུ་འོ་ལགས་ན་བྱེད་དོ་གསུངས།

ཇོ་བོ་ཤིན་ཏུ་མཉེས། ཁྱེད་གཉིས་འཐབ་དོའི་ཕྱིར་གྱིས་ཤིག །ང་ཡང་ཕྱིར་འགྲོ་འོ། །སཙྪ་འདེབས་པའི་འདམ་བག་ཞིག་ཁྱེར་ལ་ཤོག །ཉི་མ་ཤར་གསུངས་པས། བཤེས་གཉེན་པའི་ཞལ་ནས། བགྱིད་འཚལ་གསུངས་ནས། གཟིམས་ཁང་གི་ཕྱི་ན་སྤང་ལྗོངས་ལེགས་པོ་ཡོད་པ་ལ་ཇོ་བོའི་བཞུགས་གདན་བཏེག་ནས་གཟིམས་ཁང་གི་རྒྱབ་ན་བཞུགས་པ་དང་། བཤེས་གཉེན་པས་འདབ་བགས་ཆང་བུ་གཅིག་ལ་ཅང་ཅང་མཛད་པས། ཇོ་བོའི་ཞལ་ནས། ཁོ་བོའི་ལག་པ་ནི་དེ་ལ་བསྐོས་པ་ཡིན་ཚུར་ཐོངས་གསུངས། བཤེས་གཉེན་པའི་ཞལ་ནས། ངའི་ལག་པ་འདི་བལ་རྨེལ་བ་ལ་བསྐོས་པ་མ་ལགས་ཀྱི་གསུངས། དཀོན་མཆོག་གསུམ་གྱི་ཞབས་ཐོག་འདི་ང་ལ་བགོས་སྐལ། ཕམ་རྒྱུ་མེད། གཡམ་གསུངས་ནས་འདམ་བག་གཏོང་བ་དང་ཕྱག་འབུལ་བ་སྟངས་སུ་མཛད་པས། ཇོ་བོའི་ཞལ་ནས། ཅི་བྱས་རྟག་ཏུ་དགེ་བའི་དཔལ། །གང་ལའང་དུས་འདོམ་གཉེན་གཅིག་པུ། །དཀོན་མཆོག་གསུམ་གྱི་རིག་འཛིན་ལྷ། །རྒྱལ་བའི་འབྱུང་གནས་ཁྱེད་བདེན་བཞུགས། །ཁོ་བོས་བླ་མའི་རྣམ་ཐར་བསྐྱངས། །ལག་པ་བརྡོལ་ཏེ་ཆོས་ལ་རྡོལ། །མི་ལུས་ཆོས་ལ་མ་བཀོལ་ན། །ཕྱིས་ནས་ཡང་ཡང་རྙེད་པ་མིན། །སྔོན་འཕྲོ་དཔའ་ཡི་གཏམ་མང་བྱུང་། །དོན་དུ་གཉེར་བའི་ཤེས་ལྡན་བུས། །དོ་ཞག་སོ་གསོད་འདུན་མ་དགེ །བཤེས་གཉེན་ཁྱོད་ཀྱི་ཚིག་རྫོགས་ཤིང་། །དེ་རིང་དགའ་བདེར་ལོངས་སྤྱད་ཕྱིར། །བོད་བཙུན་བསོད་ནམས་ལས་འཁྲུངས་པའི། །ཞིམ་བྱ་བཀོལ་ལ་ཁྱེར་ལ་ཤོག །དེ་རིང་ཉམས་དགའ་གླེང་མོ་བགྱིད། །ལེགས་པའི་ཤེས་རབ་དྲུང་འདིར་ཤོག །གུས་པའི་སེམས་ཀྱིས་ང་ལ་བཏུད། །ང་ལ་ཕྲད་པ་སྐལ་བ་བཟང་། །འབྲོམ་རྗེ་ཉིད་བས་ཁོ་བོ་བཟང་། །ཞེས་གསུངས་པ་དང་། བཤེས་གཉེན་པའི་ཞལ་ནས། ཁྱེད་གསུང་དྲི་མེད་བྱོན་པ་ལེགས། །ལྕེ་བདེ་རིག་པ་འགྲོ་ན་མགྱོགས། །རིན་ཆེན་སྣོད་དུ་གཏམས་ན་མཛེས། །གཡོ་ངག་ཐོན་པར་བྱས་ཏེ་དྲང་། །འོད་གསལ་བདེ་བའི་ཞིང་ཁམས་འདིར། །བྱིན་གྱིས་བརླབས་པའི་སྤྲུལ་པ་ང་། །དུས་གསུམ་དགེ་བའི་སྒྱིད་ཁ་ལ། །མ་སྦུབས་མ་བརྡོལ་མ་སྦགས་པ། །རིན་ཆེན་སྣོད་མཆོག་རབ་བསྟར་ནས། །ཡེ་ཤེས་མེ་དཔུང་མེ་བསྐྱེད་དེ། །བདེ་སྐྱིད་ཐུགས་རྗེའི་དུ་བ་འཕྱུར། །ཞི་བདེ་བསིལ་བའི་ཆབས་ཅིག་བལྟས། །བླ་མའི་བྱིན་རླབས་སྡོར་དུ་འདེབས། །ཚོད་ཟིན་རོ་སྙོམས་ཚྭའི་མངར། །བྱང་ཆུབ་ཤིང་གི་དད་པ་ཅན། །འཐུང་བ་ཙམ་གྱིས་བདེ་བསྐྱེད་ན། །ཡར་ལ་གུས་པའི་སྐྱོགས་ཀྱིས་འདྲེན། །མར་ལ་སྙིང་རྗེའི་སྐྱོགས་ཀྱིས་འདྲེན། །བར་དུ་གཞུང་སྲིང་གྲོགས་བསྐྱེད་ལ། །སྙན་ཞིང་བདེ་བར་ཁྱབ་པར་བྱེད། །སྒྱུ་མའི་སྐྱེས་བུ་མགྲོན་པོ་ཡིན། །སྙོམས་པའི་བསྙེན་བཀུར་བག་ཡོད་ཡིན། །སྤྲུལ་པའི་ཆོས་ཀྱི་དབྱིངས་ནས་བྱུང་། །འབྲེལ་ཆགས་ལོ་རྒྱུས་གཏམ་གྱིས་འབྲེལ། །འགྲོ་རྣམས་ཆོས་ཀྱི་དབྱིངས་སུ་འདེངས། །དགེ་རྩ་བདེ་སྟོང་དག་པར་བསྔོ། །སྨོན་ལམ་རྟག་ཏུ་བདེ་བར་འདེབས། །རྐང་གཡས་པ་ལ་རབ་བསྣུན་པས། །ངན་སོང་ཡོ་ཡེ་ཡོད་མ་གྱུར། །གཡོན་པ་ཅུང་ཟད་གྱེན་བཏེགས་པས། །ཐམས་ཅད་ང་དང་ལྷན་ཅིག་ཏུ། །ཐར་པའི་གནས་སུ་ཕྱིན་པར་ཤོག །ཕྱག་རྒྱ་ཕྱོགས་སུ་རབ་བསྐྱོད་པས། །བཀྲ་ཤིས་ཕྱོགས་མཐར་རྒྱས་པར་ཤོག །ཕྱག་རྒྱ་ནང་དུ་རབ་བསྐུམས་པས། །དཔལ་འབྱོར་གཡང་དུ་འདུ་བར་ཤོག །འབྲོམ་སྟོན་བཀའ་གདམས་རིན་ཆེན་ངའི། །དམ་པ་ཆོས་ཀྱི་ཇ་སྐོལ་ཡིན། །ད་གཟོད་ཟང་ཟིང་རྫས་ཀྱིས་སྐོལ། །བླ་མ་ཡབ་སྲས་དགའ་བདེར་བཞུགས། །ང་ནི་ཉམས་དགའ་ནང་དུ་འགྲོ། །ལོངས་པའི་ནོར་རྫས་ཆོས་ལ་སྤྱོད། །ལོངས་སྤྱོད་བྱ་བ་དེ་ལ་ཟེར། །ཞེས་གསུངས་ནས། བག་ཕེབས་པའི་དགའ་དགའ་མང་པོ་མཛད་པས། ཇོ་བོ་དུ་མ་བཞེད་ཅིང་། དགེ་བཤེས་སྟོན་པས་སྐུ་ཁམས་གསོ་བའི་ལྟད་མོ་ཆེ་གསུངས།

དེ་ནས་བཤེས་གཉེན་པས་ནང་དུ་བྱོན་ནས་ཇ་ཞིམ་པོ་དང་། དྲི་མི་ཁ་བའི་མར་ཕུན་སུམ་ཚོགས་པ་དང་། ཀ་ར་དང་རྩམ་པ་སྤུ་བཅད་མ་དང་། ཞིབ་ཐུད་ལེགས་པོ་སྦྱར་ནས། སྔར་མེད་པའི་ཇ་རྐྱེན་ལེགས་པོ་གཅིག་ཏུ་བླུགས། དཀར་ཡོལ་འབྲུག་རྒྱབ་ཕུན་སུམ་ཚོགས་པ་གཉིས་ཁྱེར། འབྲོམ་ཆུང་གཞོན་ནུ་མ་གཅིག་ལ་བསྙེན་བཀུར་གཞན་ཀུན་བཀུར་ནས་བྱོན་ཏེ་ཡབ་སྲས་གཉིས་པོ་ལ་དྲངས་པས། རྔོག་ན་རེ། གཞོན་ནུ་མ་འདི་ཀུན་གྱི་སྣང་ཚུལ་ལམ། རྒྱལ་བུ་བྱོན་ཙ་ན་བྲམ་ཟེ་རྐང་ཟེར་བའི་ཚུལ་དེ་ཀུན་དྲན་གྱི་གདའ། གཞོན་ནུ་མ་ང་ལ་སྤྱན་ལེགས་པོ་དེས་གཟིགས་ལ་དྲོངས་ཤིག །རྒད་པོ་བུང་བ་ཙམ་པ་འདིས། གཞོན་ནུ་མ་མེ་ཏོག་ཁྱོད་ལ་ཡང་ཡང་བལྟ་ཞིང་ཟུང་ཞིག །ལར་ཁྱོད་ཀྱི་ནུས་མཐུ་བསམ་གྱིས་མི་ཁྱབ་སྟེ། ཁོ་བོ་ལྕགས་ཟད་བརྡར་ཟད་ལ་སོང་བའི་ལུགས་སུ་གདའ་གསུངས་པས། བཤེས་གཉེན་པའི་ཞལ་ནས། དེ་འདྲའི་ཉེན་སྐད་ཅིག་འདོན་མི་དགོས་ཀྱི། དོ་ཞག་ཁྱེད་ང་ལ་འཁྲེང་བ་མིན། བྱིས་ཆུང་འདི་ལ་འཁྲེང་བ་ཡིན། གཞོན་ནུ་རང་ཡང་རྔོག་ལེགས་པའི་ཤེས་རབ་བྱ་བ་དེང་སང་ངོ་མཚར་ཆེ་བ་ཅིག་ཡིན། རྒད་པོ་དེ་ལ་ཕྱག་གཅིག་འཚོལ། ཁོང་གི་དྲུང་དུ་སྡོད་ཉེན་སྐད་ལྷང་ལྷང་བ་དེ་ཀུན་སེམས་གསོས་གསུངས་པ་དང་། འབྲོམ་ཆུང་གཞོན་ནུ་མ་དེ་འཛུམ་བྱས་ནས་ཧེ་ཧེ་ཟེར་ཏེ་ཕྱག་གུས་གུས་འདྲ་བ་དྲུག་བྱས་ནས། ཇ་སུན་རེ་དྲངས་ཤིང་དེ་མ་ཐག་རྔོག་གི་དྲུང་དུ་ལྷན་ལྷན་བསྡད་པས། ཇོ་བོ་དང་རྔོག་གཉིས་ཀ་དགྱེས་གྲགས་ནས་མཆི་མ་ཤོར། དེར་གཞོན་ནུ་ན་རེ། ང་འདྲ་བ་ལ་མཉེས་རིན་མི་ཆོག །མཉེས་ན་ཕ་སྟོན་བསྟན་པའི་འབྱུང་གནས་འདྲ་བ་ལ་མཉེས་དགོས་པ་ཡིན་གསུངས་ནས་དེའི་ཉིན་པར་ཇ་ཡང་མང་པོ་སྐོལ། ཇོ་བོ་པ་རྣམ་པ་གཉིས་སོས་ཀྱང་སྔར་ཆེན་པོ་ཡང་མི་གསོལ་བ་ལ་དེ་ཉིན་དྲངས་ཚད་གསོལ། དེ་ནས་ནངས་པར་ཡང་དེ་བཞིན་དུ་གཟིམས་ཁང་གི་ཕྱི་ན་བཞུགས་ནས་ཡོད་པའི་དུས་སུ། བཤེས་གཉེན་པའི་ཞལ་ནས། ཁྱེད་ཡབ་སྲས་གཉིས་དུས་གསུམ་དུ་དགེ་བའི་གསུང་གླེང་མཛད་ཅིང་བཞུགས་ཤིག །གཞོན་ནུ་རང་ཁ་སང་བཞིན་དུ་གད་དར་ཐོན་པོ་གྱིས། འུ་ཅག་འབྲོག་པའི་ལུགས་སུ་ཕུར་མ་དང་། ཁམས་པའི་ལུགས་ཀྱི་ཇ་དང་། བོད་པའི་ལུགས་ཀྱི་ཙམ་ཞིག་བགྱིས་ལ་སྡོད་ཅིག །ཁོ་བོས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་བྱ་བ་བོད་ཀྱི་སྡེ་སྣོད་འཛིན་པ་ཆེན་པོ་ཅིག་ཡོད་པ་དེ་ས་ཐག་རིང་པོ་ནས་ཞབས་ཐང་དུ་འབྱོན་ཞིང་ཡོད། བསུ་རུ་འགྲོ་ཡིས་གསུངས་པས། ཇོ་བོའི་ཞལ་ནས། ཁ་སང་ཡོན་བདག་གཙང་པས་ཕུལ་བའི་རས་དེ་ཁྱེར་སོང་གསུངས་ནས། བཤེས་གཉེན་པས་ཀྱང་རས་ཡུག་དེ་བསྣམས་ནས་རིབ་ཙ་ན་མར་སླེབས་ཙ་ན། མདའ་རྒྱང་གང་གིས་སླེབས་མཚམས་ན། ཡར་ལ་སླར་ཁུ་སྟོན་གྱི་རྟ་པའི་རལ་རོལ་དང་གྲགས་པ་ལ། དེ་རིང་ཁལ་མ་བོང་བུ་གཅིག་དེད། འཁོར་དུ་འབྲོམ་རང་གི་དབོན་ཆུང་དེ་ཁྲིད། པཎ་ཞྭ་སྤུ་མེད་གཅིག་གསོལ། སྦ་མཁར་གཅིག་ལ་བརྟེན་ནས་བྱུང་བས། འབྲོམ་ཆེན་པོ་ལ་དེ་བས་བརྩེ་བ་མ་བྱུང་གསུངས། དེ་ནས་བཤེས་གཉེན་པའི་ཐུགས་ཀྱི་དགོངས་པ་ལ། ངེད་གཉིས་འཕྲད་འགྲོག་ལ་ཕྱག་གཅིག་བྱས་ན་ཁོང་གིས་ཀྱང་ཕྱག་ལེན་བྱེད་དུ་འོང་སྙམ་ནས་རྩིག་པ་མཐོན་པོ་གཅིག་འབབ་ཅིང་ཡོད་ཙ་ན། བཙུན་ཆུང་གིས་བཤད་པ་ཡིན་ནམ། ཁུ་སྟོན་གྱིས་ངོ་ཤེས་ནས། འབྲོམ་ཆེན་པོ་ནི་ཐུགས་ཙམ་པས་ང་རང་མཇལ་འགྲོག་ལ་ཕྱག་བྱས་ན་འོང་སྟེ། ཁོང་གིས་སྔོན་ལ་ཕྱག་བྱས་པ་སྲིད། འདི་ན་མར་ལ་འོང་ལུགས་འདི་རང་ཅི་ཡིན་ནམ། ང་འོང་བ་རྒྱང་ནས་མངོན་པའི་ཤེས་པ་ཡོད་དེ་དེ་རྟོགས་པ་ཡིན་ནམ། གཞན་འདི་ན་མར་ལ་འོང་དོགས་མེད། ཕལ་ཆེར་ང་ཡོང་བས་ཤེས་པ་ཡིན་ཉེན་ཡོད། འོ་ནའང་ད་ལྟ་རང་ཕྱག་ཕར་འཚལ་ཚུར་འཚལ་རང་བས། འདི་རང་ནས་ཕྱག་བྱས་པ་དྲག་སྙམ་ནས་ཕྱག་བཙལ་ཙ་ན། འབྲོམ་ཆེན་པོའང་རྩིག་པ་མཐོན་པོ་ཞིག་གི་ལོགས་ཀྱི་དཀྱིལ་ནས་ཕྱག་བཙལ་བས། རྩིག་པ་ལ་མ་ལྷུང་ཕྱག་གུས་པོ་ཞིག་ཤེས་ཏེ། ཁུས་ཏེ་མཐོང་མ་ཐག་ཏུ་ཆིག་ལབ་ལ། ཡ་ཡ་འབྲོམ་གྱི་རྣམ་འཕྲུལ་ལ་ལྟོས་ཤིག །ན་ཚོད་མཉམ་པོ་ལ་ང་ས་བདེ་མོ་ལའང་གོམ་པ་འཁྱོར། ཁོང་ནི་ལྷ་ཕྲུག་ནམ་མཁའ་ལྡིང་གི་ཕྱག་བྱེད། དེར་མ་ཟད་སྔར་རྟ་བཟང་པོ་བྱེ་ནག་ལ་ཞོན་ཙ་ནའང་རྟ་ཐོག་ཏུ་ཆད། དུས་དེང་སང་དུ་སོང་ཙ་ན་བྱིན་པ་ལ་རྟ་བྱས། སྙིང་རུས་ཀྱི་ལྕག་བྲབ་ནས་འོང་པས། ཉིན་ཞག་དེ་ཙམ་ཅིག་འོངས་ཀྱང་ངལ་བའི་རྟགས་མི་གདའ། བྱེ་ནག་ལ་ཞོན་ནས་འོངས་ཀྱང་དེ་ལས་མགྱོགས་པར་མི་སླེབས། དེ་ཡང་འབྲོམ་ཆེན་པོའི་བྱིན་རླབས་དང་རྫུ་འཕྲུལ་རང་ཡིན་གསུངས། དེར་དབོན་པོ་བཙུན་ཆུང་གིས་སློབ་དཔོན་དེ་སྐད་སུ་ལ་གསུངས་པ་ཡིན་ཞུས་པས། ང་ན་རེ། ཇི་སྐད་ཟེར་གསུངས། བཙུན་ཆུང་གིས་གོང་གི་རྣམས་བསྐྱར་བས་ངས་དེ་འདྲ་ལབ་པ་རང་མ་དྲན་གསུངས། དེར་བོང་བུ་བཟང་པོ་གཅིག་ཡོད་པ་ལ་བཙུན་ཆུང་གིས་ལྕག་ཡང་ཡང་བྲབ་ཅིང་དེ་ཡང་ཁུ་སྟོན་ཆེན་པོའི་རིག་པ་འུར་ལ་སོང་ནས་རྗེས་ཟིན་རྒྱུ་མ་བྱུང་། དེ་ནས་རྡོ་རྒྱང་གང་ཙམ་དུ་ཁོང་གཉིས་ཕྲད། འབྲོམ་ཆེན་པོའི་ཞལ་ནས། དགེ་བཤེས་པ་བྱོན་པ་ཐུགས་ལ་བཏགས་ཏེ། འདི་ལྟར་འོ་རྒྱལ་བ་མཛད་པ། འོ་ནའང་འོ་སྐོལ་གཉིས་པོ་ཕྲད་པ་གཅིག་པུས་ཆོག་གིས་གསུངས་གདའ་ཙ་ན། ཁུས་མིག་མཆི་མས་འགགས་པ་གཅིག་བྱས། གསུང་འབུལ་རྒྱུ་མེད་པར་ཡུས་ཆེས་ནས་འབྲོམ་ཆེན་པོའི་ན་བཟའ་ལ་འཆང་། དེར་འབྲོམ་ཆེན་པོའི་ཞལ་ནས། དགེ་བའི་བཤེས་གཉེན་པ་དེ་འདྲ་ཞིག་འོང་བ་ཅི་ཡིན། བོད་འདི་ན་ཁྱེད་ལས་མི་ཆེ་བ་དང་། དགེ་བའི་བཤེས་གཉེན་བཟང་བ་སུ་ཡོད། དོན་མེད་པར་མཆི་མ་འདོན་པ་བྱིས་པ་ཆུང་ཆུང་བུ་མོ་གཞོན་ནུ་མ་ཚོའི་ལུགས་ཡིན་མོད། འདི་འདྲ་མ་མཛད་གསུངས་ནས་འབྲོམ་ཆེན་པོའི་ཕྱག་གིས་སྤྱན་ཆབ་རྣམས་ཕྱིས་ཙ་ན། བཙུན་ཆུང་གིས་ཀྱང་སླེབས། ཁོང་གཉིས་པོའི་སྤྱོད་ཚུལ་མཐོང་སྟེ་རྗེས་སུ་ཡི་རང་བའི་སྒོ་ནས་མཆི་མ་འདོན་ཅིང་ཕྱག་འཚལ་སྐད། དེ་ནས་འབྲོམ་ཆེན་པོའི་ཞལ་ནས།

སྐྱེ་བ་དུ་མའི་ཚོགས་གཉིས་ལས་འཁྲུངས་པའི། །

བཤེས་གཉེན་དམ་པ་མཆོག་ཏུ་ལེགས་བལྟམས་ནས། །

བརྒྱ་ཕྲག་མཁས་པའི་དབུས་ན་ལྷང་ངེ་བ། །

ནོངས་པའི་སྤྱོད་པ་སྤྱན་ཆབ་མ་མཛད་ཅིག །

ཁུ་ན་རེ། བག་མེད་གླང་ཆེན་སྨྱོན་པ་ངས། །ཁྲེལ་ཡོད་ངོ་ཚའི་ཚལ་རབ་བཅོམ། །དགའ་བདེར་གནས་པའི་བུང་བ་སྟོར། །སྨྲ་ཞིང་མི་དགའ་ཕྱོགས་བཅུར་དེངས། །མཐུན་པའི་གྲོགས་པོ་སུན་ཕྱུང་བས། །མྱ་ངན་གཅིག་པུ་རང་ལ་གནས། །བུ་ཚ་བུ་མོ་ངུས་པས་ཆོག །ཡུས་པོ་བདག་འདྲ་ཅིར་མི་ངུ་། །ཞེས་ཡུས་ཀྱིས་ཁ་རྒྱལ་ནས་བྲིད་ཀྱང་མ་ཉན། ཡང་འབྲོམ་ཆེན་པོའི་ཞལ་ནས། སྤྱན་ཆབ་མ་འདོན་དགའ་བདེ་ཐོན། །བདག་ཅག་གཉིས་ལ་ནོངས་པ་མེད། །སེམས་ཀྱི་སྒྲོན་མེ་གཅིག་ཏུ་གསལ། །ཟེ་འབྲུ་གཅིག་ལ་ཡང་དོག་མེད། །ཁུ་སྟོན་ཆེན་པོ་ང་ལ་ཉོན། །འོ་སྐོལ་བསོད་ནམས་བསགས་པའི་མི། །ཚེ་འདི་ཆོས་ལ་སྤྱད་དུ་ཡོད། །གནས་ལུགས་ཤེས་ནས་གཞན་ལ་སྟོན། །རང་གཞན་དོན་དུ་སྐྱེས་པ་ཡིན། །ཅི་སྟེ་སྤྱན་ཆབ་འདོན་པར་བྱེད། །ཅེས་བྱ་བ་སོགས་གསུངས་པས་ཀྱང་། ཁུའི་བསམ་པ་ལ། སྔར་འབྲོམ་འདིས་ཇི་འདྲའི་ཟོག་ཅིག་བྱས། ད་ལྟ་ཚིགས་སུ་བཅད་པ་ལ་ཐོགས་པ་མི་གདའ་ན། ཨ་ཙ་ཁོང་གི་ཡོན་ཏན་འདི་ལྟ་བུའི་རྣམ་འཕྲུལ་ཡོད་པ་ལ་རྨུ་ཐོམ་པ་ཐོམ་རྡོལ་པ་ངས་སྔར་དེ་ལྟར་ནོངས། ངོ་ཚ་ང་ལ་དེ་དུས་སུ་ལྷན་ཅིག་སྐྱེས་པའི་ལྷ་གཅིག་མེད་དམ། མ་མཐའ་རྨི་ལམ་དུ་འོང་ནས་ཁ་མི་འགོག་པ་སྙམ་དུ་སྔར་གྱི་ཉེས་པ་ལ་འགྱོད་པ་དྲག་པོ་སྐྱེས། སྐྱེས་པ་ཙམ་གྱིས་ཀྱང་ཡུས་ཆེར་སོང་ནས། འབྲོམ་ཆེན་པོས་བརྟེན་པ་མ་གཏོགས་ལུས་ཚུགས་མི་ཐུབ་པ་འདྲ་བ་བྱུང་། དེའི་དུས་སུ་འབྲོམ་གྱི་དགོངས་པ་ལ་འདི་སྔར་གྱི་ཉེས་པས་ནོངས་འདུག །ད་ནི་འདིའི་སྡིག་པ་བཤགས་པའི་དུས་ལ་བབ། འགྱོད་པ་མང་བ་ཚང་དེའི་རང་བཞིན་ཤེས་པར་བྱེད་དགོས་པ་ལ། འགྱོད་དྲགས་ནས་སེམས་ཀློང་ཀློང་པོར་གྱུར་ན་རང་བཞིན་ཤེས་པར་མི་འགྱུར་བས། འདིའི་མྱ་ངན་དང་ཡིད་ཐམས་ཅད་བསལ་ཏེ། དེ་ནས་གཉེན་པོ་བྱིན་ལ་སོར་ཆུད་པར་བྱའོ་སྙམ་སྟེ། ཕོ་སྐད་སངས་པ་གཅིག་སྟོན་པས། དེར་ཁུའི་བསམ་པ་ལ་འབྲོམ་ཆེན་པོ་འདི་སྔར་དེ་འདྲ་མི་གསུང་བ་ཡིན་ཏེ། དེ་འདྲ་ཅི་ཡིན་སྙམ་དུ་ཐེ་ཚོམ་ཟོས། དེ་ནས་བརྒྱ་ལམ་དེར་བཙུན་གཟུགས་གཉིས་དང་། བུ་མོ་གཞོན་ནུ་གཉིས་གསུམ་ཡང་གསུང་དེ་འདོན་པའི་སྒང་ལ་སླེབས་ནས་བྱུང་། དབོན་པོ་བཙུན་ཆུང་ཡང་མཆི་མ་འདོན་འཕྲོ་ལ་དགོད། དེར་མགྲོན་པོ་དེ་ཀུན་ཀྱང་དགོད་དྲོ་དྲགས་ནས། བུ་མོ་གཞོན་ནུ་མ་ཀུན་རང་རེའི་གྲོགས་མོ་ལ་བལྟ་ཞིང་བརྡེག །དེ་ལ་བརྟེན་ནས་ཁུ་ཡང་འཛུམ་པ་ཞིག་བྱུང་བས། དེའི་དུས་སུ་འབྲོམ་ཆེན་པོས་ཐམས་ཅད་མཁས་པ་གཏམ་རྒྱུད་དག་གསུངས་པས། འབྲོམ་གྱི་བྱིན་རླབས་ཞུགས་ཏེ། ཁུ་དང་དབོན་པོ་དེ་གཉིས་ཀ་སྔོན་གྱི་སྐྱེ་རབས་དྲན་ཞིང་ཁུ་སེམས་དགོད་ཅིང་གསལ་པོར་གྱུར་པའི་དུས་སུ། འབྲོམ་ཆེན་པོའི་ཞལ་ནས། ད་གཟོད་བཤེས་གཉེན་དམ་པ་བཟང་། །ད་ནི་བཟང་པོའི་དྲུང་དུ་འདེངས། །བྱིང་དང་རྒོད་པ་སྣ་ཚོགས་ཀྱང་། །ལེགས་པར་སྤྱད་ན་རང་སྟོང་ཡིན། །སྟོང་པར་ཤེས་ན་སྐྱེས་བུ་དག །ཉེས་གང་མཆིས་ན་དེ་ཚེ་མཐོལ། །ཞེས་གསུངས་པས། ཁུའི་ཞལ་ནས། ཐབས་མཁས་སྐྱེས་བུ་དམ་པ་བཟང་། །ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །སྒོ་གསུམ་ཉེས་པ་ཅི་མཆིས་པ། །མགོན་པོ་ཁྱོད་ལ་མཐོལ་ལོ་བཤགས། །

ཞེས་བྱ་བ་སོགས་ཚིག་དག་གསུངས་པའི་རྗེས། དེ་ལྟར་སྔོན་གྱི་གྲོགས་ངན་གྱི་སྟོབས་སུ་ཤོར་བ་དང་། ལོ་འདོད་ཀྱི་གྲགས་པ་ལ་ཤོར་བ་དང་། ཤེས་འདོད་ཀྱི་ང་རྒྱལ་བ་དང་། མི་མཁས་པས་བསྟུན་མ་ཤེས་པ་དང་། བདག་འཛིན་གྱིས་བཟོད་སྟོབས་མ་ཐོབ་པ་དང་། བཤད་ཚོགས་དང་ཉམས་ལེན་མ་འབྱོར་པས། ཁྱེད་ལ་ཁ་མི་ལེགས་པའང་མང་པོ་ཤོར། གཞན་ཡང་བསྙེན་བཀུར་དང་ཞབས་ཏོག་འབབ་བཞིན་དུ་མ་ནུས་པར་ཕྱིན་ཅི་ལོག་ཏུ་སྤྱད་པས། ནོངས་པ་ཐམས་ཅད་ཁྱེད་ཐུགས་རྗེ་ཆེན་པོ་ལ་བཟོད་པར་གསོལ། ཕྱིས་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འགྱོད་བཤགས་མང་པོ་ཕུལ་ནས་ཐུགས་ཡིད་འདྲེས་པའི་གསུང་གླེང་དག་མཛད་རྗེས། ཁུ་སྟོན་ན་རེ། ད་ཅི་ནས་ཤེས་པ་འུར་ནས་ཕྱག་རྟེན་ཞིག་གཏང་བའང་མ་བྱུང་གསུངས་ནས་ཐེར་མ་བུབས་གཅིག་ཕུལ། བཤེས་གཉེན་པས་ཀྱང་རས་ཡུག་གཅིག་ཕུལ། དེ་ནས་བཤེས་གཉེན་པའི་ཆོས་ཟབ་ལ་ཐུགས་ལ་ཕན་པ་དག་གསན་པས། ད་ཅི་ནས་བཞིན་དུ་དད་པའི་མཆི་མས་མིག་གང་ནས། བཤེས་གཉེན་དམ་པ་ལ་ཁོ་བོས་སྔར་དེ་འདྲའི་བློ་གཅིག་འོང་བ་སུའི་བདུད་ཀྱིས་བརླམས་ནས་ལང་ཞུས་པས། བཤེས་གཉེན་པའི་ཞལ་ནས། དེ་ཀུན་ལ་སྐྱོན་མེད། དེ་ཀུན་དགེ་བའི་བཤེས་གཉེན་ཡིན། ལེགས་པར་ཤེས་ནས་བསྡོམས་ན་མཁས་པ་ཡིན་གསུངས་པ་དང་། འུ་ཅག་གཉིས་ལ་ནོངས་པ་མེད། ཁྱེད་གསུང་བ་ནི་ཁོ་བོས་སྒྲུབ་གསུངས་ནས་ཁུ་ཡར་ལ་བརྟེན། ན་བཟའ་སུད་པ་ཚོའང་གསོལ་ཏེ། གདམས་ངག་གི་སེམས་གསོ་ཞིང་བྱོན་པས། ཡེར་པའི་རོང་དོག་པོ་ལ་རྐན་ཚིགས་ཅན་མ་བདེ་མོ་ཡོད་པ་ལ། བཤེས་གཉེན་པས་བསྐྱོར་ནས་བྱོན་པས་གོམ་པ་འདིར་བརྒྱབ་དང་འདིར་མ་བརྒྱབ་མེད་པར་ཡུད་པ་གཅིག་ལ་ཇོ་བོ་དང་རྔོག་གཉིས་ཀྱི་སྤྱན་སྔར་ན་ཡར་ལ་སླེབས་ལ་ཁད་པ་བྱུང་བ་ན། ཇོ་བོའི་ཞལ་ནས། བྱང་ཆུབ་ཀྱི་སེམས་ཆེ་བ་ནི་ངོ་མཚར་ཆེ། ཁུ་སྟོན་གྱི་དྲེགས་པའི་ཆེ་ལུགས་ལ་ངའི་ཨུ་པ་སི་ཀས་ལྕགས་བསྲེགས་ལ་ཆུ་བླུགས་པ་བཞིན་དུ་བཏང་། དེ་རིང་ལྡོམ་བུ་བ་སྐྱས་འདེགས་པ་འདྲ་བ་ཞིག་བྱས་ནས་གདའ། ཨེ་མ་ཧོ། མིག་ཐམས་ཅད་ན་མཆི་མའི་ཆུ་མིག་ཁྱབ་བྱེད་དུ་ཡོད་པར་ཁུའི་མིག་ནས་ཀྱང་མཆི་མ་འཛག་པ་མཐོང་། དེ་རིང་ཨུ་པ་སི་ཀས་མས་བུ་ངུ་བ་འབྲིད་པ་བཞིན་དུ་མཆི་མ་ཕྱི་ཞིང་བསྐྱོར་ནས་བྱུང་ངོ་།།

ཁོ་བོ་བོད་དུ་འོངས་ནས་ལྟད་མོ་ལ་དེ་རིང་བས་ཆེ་བ་མ་བྱུང་གསུངས། དགེ་བཤེས་གསང་ཕུ་བ་ཉམས་དགའ་ནས་ཅམ་ཅམ་ལངས་ནས་དེ་རིང་སྨྱོན་པས་དྲན་པ་རྙེད་པ་མཐོང་། རང་རྒྱུད་ངན་པ་ལྕགས་འདྲ་བ་ང་རྒྱལ་དྲེགས་པའི་མེ་འབར་བ་བཤེས་གཉེན་ཐུགས་རྗེ་ཆེན་པོའི་ཆབ་ཀྱིས་བཅོམ་པ་མཐོང་། ཚངས་པ་མི་ཡུལ་དུ་བབས་ནས་ཆོས་དྲན་པ་མཐོང་གསུངས་པས། ཇོ་བོས་གཟིགས་ནས་ཞལ་འཛུམ་འཛུམ་མཛད་དེ། རྔོག་དེ་རིང་ཁུའི་ཁམས་གསོས་ཤིག །དེ་རིང་ནི་ཤིན་ཏུ་ཞུམ་ནས་ཡོད་དོ། །དགའ་དགའི་གཏམ་སྨོས་གཞོན་ནུ་དེས་ནང་དུ་གཡོས་ཀྱི་སྦྱོར་བ་ཚར་རམ་ལྟོས་གསུངས། ཁུས་ཀྱང་གཟིམས་ཁང་གི་རྒྱབ་ན་ཇོ་བོ་པཎ་ཞྭ་ལྡེམ་མེ་བཞུགས་པ་མཐོང་། རྔོག་བགྲེས་པོ་ཡང་གྱུ་རེང་རེང་ལས་མི་འདུག་པ་མཐོང་། དེ་རིང་དེ་ཁུ་རྔོག་འབྲོམ་བྱ་བ་བྱུང་བ་ཡིན། འོངས་ཀྱི་རྟིང་ལ་རྔོག་ཀྱང་འདི་ན་བཞུགས་པ་དེ་ལེགས་སྙམ་དུ་དགོངས།

དེ་ནས་ཇོ་བོའི་དྲུང་དུ་སླེབས་ཏེ་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་བྱས་ནས་འགྱོད་བཤགས་ཕུལ། ཇོ་བོའི་ཞལ་ནས། མཐོང་སྡོམ་འདྲི་བ་དང་ཐབས་ལེགས་ཀྱི་རྣམ་གཞག་ཀྱང་མཛད། དེ་ནས་རྔོག་གི་ཁུ་སྟོན་ཆེན་པོའི་ཕྱག་ལ་འཇུས་ནས་དབུ་དུད་དུད་མཛད་ཅིང་། དགའ་དགའ་དང་སྐུ་རྩེད་ཀྱི་ཚུལ་དུ། རྒས་ཁར་ཆོས་དང་མཇལ་གྱུར་དམ། །ད་གཟོད་ཉམས་སུ་ལེན་འཚལ་ལོ། །གྲོགས་པོ་དམ་པ་བྱོན་པ་ལེགས། །བག་ཡངས་གསུང་གླེང་ནང་དུ་བགྱིད། །སྙེམས་ཇ་མཛད་ཕྱིར་ནང་དུ་བྱོན། །འདུན་མ་དགེའོ་ཁུ་སྟོན་པ། །གསུངས། ཁུའི་ཞལ་ནས། དུག་མཚོ་ཆེན་པོ་སྐམ་པར་གྱུར། །མེ་དོང་ཆེན་པོ་བསིལ་བར་གྱུར། །ཁྲེལ་ཡོད་ལམ་ལ་བདེ་བར་འོངས། །ཞེས་དང་། དེ་རིང་ཡུས་ཀྱི་སེམས་ལས་བབ། །ད་གཟོད་ཅུང་ཟད་སྐོམ་པ་ཚོར། །མྱུར་དུ་ནང་དུ་ཇ་ལ་འདེངས། །ང་ངོམ་དུས་ན་ལབ་རྒྱུ་ཡོད། །སྦ་གསང་མ་མང་གསོང་པོར་སྨྲོས། །ཇོ་བོ་ཆེན་པོས་སྣ་དྲོངས་མཛོད། །ཅེས་གསུངས་པ་དང་། ཇོ་བོའི་ཞལ་ནས། བགྱིའོ་ཁུ་སྟོན་ང་ཕྱིར་འབྲང་། །ཆོས་མཐུན་གསུང་གླེང་ནང་དུ་བགྱིད། །དོན་མེད་བྲེ་མོས་དགོས་པ་མེད། །ཚེ་འདིའི་འདུན་མ་མི་བགྱིད་འཚལ། །ཞེས་གསུངས་ནས་ནང་དུ་བྱོན་པ་དང་། གཞོན་ནུ་དེས་བསྙེན་བཀུར་མཛད་པས། ཁུའི་ཞལ་ནས། གཞོན་ནུ་འདི་འཕགས་པའི་ཕྲུ་གུ་འདྲ་བ་ཞིག་འདུག །ཇི་འདྲ་ཞིག་ཡིན་གསུངས། བཤེས་གཉེན་པའི་ཞལ་ནས། འཕགས་མི་འཕགས་ཐེ་ཚོམ་ཟ། ཕྲུ་གུ་འདི་ངེད་འབྲོག་ཕྱོགས་པའི་མི་ཞིག་ཡིན་གསུངས་པས། འབྲོམ་ཁོང་རང་གི་དབོན་པོ་དེ་མིག་ཧྲིག་ཧྲིག་བྱས་ནས་འཛུམ་ཞིང་ཡིད་མ་ཆེས་པར་གདའ། དེར་གཞོན་ནུ་དེས་ཇ་འདྲེན་ཞིང་། བཤེས་གཉེན་དམ་པ་འབྲོམ་རྗེ་ཡི། །ཡུལ་མེད་ཁོ་བོ་འཁྱམས་པའི་ཚེ། །བདག་མེད་མཁྱེན་ནས་བདག་ཏུ་བཟུང་། །དེང་སང་ཞབས་ཏོག་བྱས་པར་ཟད། །ཅེས་སྨྲས་པ་དང་། ཇོ་བོ་ཤིན་ཏུ་མཉེས་ནས། ཆོས་རྣམས་སྒྱུ་མའི་བློ་ཁྲིད་ལ། །བདེན་མེད་དོན་བྱེད་ནུས་ལྟར་སྣང་། །ཁྱེའུ་གཟུགས་མཛེས་བདེ་ལག་ཅན། །འབྲོམ་རྗེའི་བསོད་ནམས་ཉིད་ལས་འཁྲུངས། །གསུངས། དེ་ནས་ཁུའི་རྣམ་པར་རྟོག་པ་ལ་ཁྱེའུ་གཞོན་ནུ་མ་འདི་རང་སྤྲུལ་པ་ཡིན་ན་རུང་། འབྲོམ་འདི་ཡང་རྣམ་འཕྲུལ་ཆེ་སྙམ་པ་དང་། ཁྱེའུ་ན་རེ། གང་གི་བློ་ངོར་དོན་བྱེད་ལྟར། །གཟུགས་སུ་རུང་བ་གྲུབ་པ་ནི། །ཁོ་བོར་མ་ཟད་གཟུགས་ཅན་རྣམས། །སྤྲུལ་པ་ཉིད་དུ་རྒྱལ་བས་བསྟན། །ཟེར། ཁུ་ན་རེ། དེ་རིང་དག་པའི་རྣམ་འཕྲུལ་མང་། དགེ་བཤེས་གསང་ཕུ་བ་ཁྱེད་ཀྱིས་ཁ་སང་ནས་བཤེས་གཉེན་ཆེན་པོ་ལས་ཆོས་མང་པོ་ཞུས།

ལྷག་པར་དུ་ཡང་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་མང་པོ་ཞུ་ཡིན་འདུག་ཟེར་བ་དེ་དག་ཐམས་ཅད་ལ་ལྷག་ཆད་མེད་པར་ཐུགས་ལ་ཟིན་གདའ་འམ། གསང་ཕུ་བའི་ཞལ་ནས། ཞུས་པའི་དགོས་པ་ཡིན་པས་ཡི་གེར་འདྲི་རུ་མི་སྟེར་བ་འདུག །བློ་ལ་ལྷའི་བདག་རྐྱེན་བཟང་བས་ཚུད་པར་བྱུང་། ཁུ་ན་རེ། ཨ་པོ་ཁུ་སྟོན་ཡང་ཆོས་ཀྱི་སྐལ་བ་མི་བཅད་པའི་ཕྱིར་དུ། ཁྱེད་རང་གིས་གསན་ཅིང་བློ་ལ་ཚུད་པ་རྣམས་ཆེ་རགས་ཤིག་མར་ཤེར་དང་། དེ་ནས་ང་ལའང་འདྲི་རྒྱུ་ཡོད་གསུངས་པ་ལ། རྔོག་གིས་བཀའ་རྒྱ་མང་པོ་ཡོད་ཚུལ་མཛད་པས། ཁུ་ན་རེ། ང་ཡང་ཕྱི་མི་རང་གཅིག་མིན། ད་ཤེས་ནས་དད་པ་ཐོབ་ནས་འདྲི་བའི་ལུགས་ཡིན། རྟོག་དཔྱོད་མེད་པའི་དད་པ་ཉིན་རེ་མ་དང་ཕོ་ཁྱད་ཡོད་གསུངས་པས། ཇོ་བོའི་ཞལ་ནས། ཁུ་ཆེན་པོ་ལ་ངས་དངོས་པོ་འབལ་གྱིས་ཡུས་ཀྱིས་མི་ཕན། དོ་ནུབ་སྤྱན་རས་གཟིགས་ལ་ཚོགས་འཁོར་ཤོམས། ནང་དུག་ལྔའི་མི་གཙང་བ་ལ་གད་དར་མཛོད། ཕྱི་འབག་ཙོག་གི་དྲི་མ་ལ་གད་དར་མཛོད། བར་བཏང་སྙོམས་དང་ལེ་ལོའི་དྲི་མ་ལ་གད་དར་མཛོད། དངོས་པོ་ངན་པ་ཤ་ཆང་སྒོག་བཙོང་ལ་གད་དར་མཛོད། ངེད་གཙང་མ་རིགས་ཀྱི་ཟས་མ་ཡིན་པ་ལ་གད་དར་མཛོད། དེར་ལོངས་སྤྱོད་ཅིང་དུས་ཚིགས་འཛིན་པ་རྣམས་ལ། དུས་ཚིགས་མ་ཡིན་པའི་མི་གཙང་བ་ལ་གད་དར་མཛོད། དམ་པ་འཁུར་ན་བྱིན་རླབས་འབྱུང་བས་དད་པ་བརྟན་པའི་གོ་ཆ་མཛོད། མ་རབས་སྙིང་རྗེས་བསྐྱངས་ན་ཐུགས་རྗེ་ཆེན་པོ་མངོན་དུ་འགྱུར་བའི་དགོས་པ་ཡོད། སྙིང་རྗེ་དང་ཕན་སེམས་བསྐྱེད། ལར་ཆེ་བའི་ང་རྒྱལ་ཅན་དག་སྣང་གི་ཆོས་ཀྱིས་བསླུས། མངོན་པའི་ང་རྒྱལ་ཅན་མཁས་པའི་ཆོས་ཀྱི་བསླུས། ངའོ་སྙམ་པའི་ང་རྒྱལ་ཅན་བདག་མེད་གཉིས་ཀྱིས་བསླུས། རིགས་ཀྱི་ང་རྒྱལ་ཅན་དྲན་པ་ཉེར་གཞག་གི་ཆོས་ཀྱིས་བསླུས། དེ་ལྟར་ཤེས་པར་མཛོད་ལ་དགོས་པ་སྒྲུབས། མི་དགོས་པ་སྤོངས། གདམས་ངག་ལ་གཅེས་ཆ་བཟུང་། ཚད་པ་ན་བའི་དུས་སུ་སྨན་གཞན་ཡུལ་གྲུ་གང་བས་ག་བུར་མཐུན་གཅིག་དགའ་བ་ཡིན། ད་ཁྱོད་ང་རྒྱལ་དང་དྲེགས་པའི་ཚད་པས་གདུང་བའི་དུས་སུ་སྙིང་གི་ཐིག་ལེ་གཅིག་སྦྱིན་གྱིས་གསུངས་པས། ཨ་པོ་ཁུ་སྟོན་ཆོས་ཞུ་བའི་དངོས་པོ་གཞན་ལ་ཞུ་དགོས་པ་མེད་གསུངས། སྐག་གསེབ་ནས་གསེར་བཏོན་ནས་ཇོ་བོའི་མདུན་དུ་སྲང་ཐུམ་གསུམ་ཙམ་བཞག་པས། ཇོ་བོའི་ཞལ་ནས། ཨུ་པ་སི་ཀ་ཡོན་བདག་སེངྒེ་ལས། དཀར་གསུམ་མངར་གསུམ་ཙམ་ཞིག་དང་བཅས་མང་པོ་ཁྱེར་ལ་ཤོག་གསུངས་པས། བཤེས་གཉེན་པའི་ཞལ་ནས། ང་རྒས། གཞོན་ནུ་ཁྱོད་མགྱོགས་པ་ཡིན་རྒྱུག་གསུངས་ནས་བཏང་བས། ཡོན་བདག་སེངྒེ་འབྱོར་པ་ཆེ་བས་དེ་ནུབ་རང་ཇ་སྣུམ་གཅིག །བུར་གཏང་གཉིས། ཕྱེ་ཁལ་བཅུ་གཉིས། འོ་མ་དང་ཞོ་བུམ་པ་བཅུ་གཅིག །མར་རྐྱལ་བཅུ་ཙམ། ཐུད་རྐྱལ་བཞི། ཐ་ན་ཁུར་བ་ཡན་ཆོད་ཁྱེར་ནས་བྱུང་། དེར་ཁུ་ཆེན་པོ་ཡང་མཉེས་ནས་གསེར་སྲང་གསུམ་དུས་གཅིག་ལ་ཡོན་བདག་ལ་སྩལ། ཇོ་བོ་ཡང་མཉེས་ནས་ཡོན་བདག་སེངྒེ་ཕ་ལ་ཕ་ལ་གསུངས་ནས་ཁུས་ཕུལ་བའི་ཐེར་མ་བུབས་གཅིག་ཡོད་པ་དེ་ཡོན་བདག་སེངྒེ་ལ་གནང་བས། ཡང་ཡོན་བདག་གིས་ཇོ་བོ་ལ་ཆོས་གོས་ཟུང་གཅིག་ཕུལ།

དེ་ནས་སྲོད་ཐུན་ལ་ཇོ་བོའི་ཞལ་ནས། ཕྱིའི་མཆོད་པ་ཤོམས་ཤིག་གསུངས་ནས། བཤེས་གཉེན་པ་ཁྱེའུ་དང་བཅས་པས་མཆོད་པ་བསམ་གྱིས་མི་ཁྱབ་པ་བཤམས་ནས། བློ་ལ་དམ་པའི་ཐུགས་ཀྱི་སྒོ་དང་པོ་ཕྱེ་ནས། ཡི་དམ་གྱི་ལྷ་ཞི་ཁྲོ་དང་བཅས་པའི་ཐུགས་ཀྱི་སྒོ་ཡང་རིམ་པ་བཞིན་ཕྱེ་ནས། མགོན་པོ་སྤྱན་རས་གཟིགས་ཀྱི་པདྨོའི་ཟེ་འབྲུ་ལ་རྩ་བའི་བླ་མ་བཞུགས་ནས། བླ་མའང་མགོན་པོ་སྤྱན་རས་གཟིགས་དང་གཉིས་སུ་མེད་ལ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཁ་དོག་སྣ་ཚོགས་པ་དུ་མས་བསྐོར་བ། ཕྱག་མཚན་ཡང་གདུལ་བྱའི་བློ་ངོར་དེ་དང་མཐུན་པ་དང་། དེ་དག་གི་གཉེན་པོར་གྱུར་པ་ལ་སོགས་པ་དུ་མ་ཅན་ནོ། །དེ་དག་གི་མདུན་དུ་ཁུ་རྔོག་གཉིས་ཀྱང་སྤྱན་རས་གཟིགས་ཀྱི་རྣམ་པ་ཏིང་ངེ་འཛིན་གྱི་མཆོད་པ་ལ་སོགས་པའི་རྣམ་པ་ཅན་ནོ། །དེ་འདྲའི་གནས་པདྨའི་དབུས་ཟླ་བའི་སྟེང་བླ་མ་སྐུ་གསུམ་དབྱེར་མེད་པ། སློབ་མ་སྤྲུལ་སྐུའི་རྣམ་པ་ཅན་དག་པའི་སྣང་བ་འབའ་ཞིག་ཤར་བའི་དུས། བླ་མ་སྐུ་གསུམ་དབྱེར་མེད་ཀྱི་ཞལ་ནས། ལེགས་པའི་ཤེས་རབ་ལེགས་པའི་ཐབས་དང་ལྷན་ཅིག་ཏུ་ལེགས་པའི་གསུང་གིས། ལེགས་པའི་གདུལ་བྱ་ལ་ལེགས་པའི་ཚིག་འབྲེལ་ཆགས་པར་རང་བཞིན་གྱི་གནས་ལེགས་པར་ཁྲོལ་ཅིག །འདི་ནི་ཟབ་མོ་སྣང་བའི་ཏིང་ངེ་འཛིན་གྱི་དུས་སོ། །འདི་ནི་ཐུགས་རྗེ་ཆེན་པོའི་ཞིང་ཁམས། འདི་ནི་ཐུན་མོང་མ་ཡིན་པའི་སྙིང་གི་ཐིག་ལེའི་ནང་ཡིན་ནོ་ཞེས་གསུངས་པས། ལེགས་པའི་ཤེས་རབ་སྐུ་ལེགས་པ་ཐུགས་རྗེ་ཆེན་པོའི་རྣམ་པ། གསུང་ལེགས་པ་ནོར་བུའི་ང་རོ། ཐུགས་ལེགས་པ་ཐུགས་རྗེ་ཆེན་པོ་ལས་མ་གཡོས་པར། རྒྱ་གར་དུ། བོ་དྷི་ས་ཏྭ་ཞེས་པ་ནས་བཟུང་། དབྱངས་ཕུན་སུམ་ཚོགས་པའི་སྒོ་ནས་ཁུ་ལ་ལེགས་པར་སྙད་དོ།།

སྤྱན་རས་གཟིགས་ཀྱི་དུས་བྱིན་གྱིས་བརླབས་ནས་ཡུད་ཙམ་ཞིག་ལ་དུ་མར་གླེང་བའི་ནོར་བུའི་ཕྲེང་བ་ཐོན་པར་མཛད་དོ། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་ཁུ་ཡང་རབ་ཏུ་ཚིམ་པར་གྱུར་རོ། །དེ་ནས་ཏིང་ངེ་འཛིན་གཅིག་ལ་འབྱམས་ནས་ཉིན་ཞག་ཕྲུགས་གཅིག་འདས་པ་ན། ཏིང་ངེ་འཛིན་ལས་སད་དེ་རྗེས་ཐོབ་ནའང་། སྔར་གྱི་དེ་དག་ལྷམ་མེ་ལྷང་ངེ་། ཚིག་ཐམས་ཅད་ཀྱང་མ་འདྲེས་པར་གསལ་ལོ།།

ཡང་སྒྲོལ་མའི་པུས་མོ་གཡས་པའི་སྟེང་ནུབ་ན་རྒྱལ་བ་ཨ་ཏི་ཤ་སྲས་རྒྱལ་བའི་འབྱུང་གནས། གསང་ཕུ་བ་ལེགས་པའི་ལེགས་པའི་ཤེས་རབ་གསུམ་ཞལ་འཛོམས་པའི་སྤྱན་སྔར། ཁུ་སྟོན་ཆེན་པོས་དངུལ་གྱི་མཎྜལ་མདའ་གང་པ་གསུམ་གྱི་དབུས། གསེར་གྱི་མཆོད་རྟེན། ཤེལ་གྱི་མཆོད་རྟེན། གཡུའི་མཆོད་རྟེན་གསུམ་སོ་སོར་བཀོད་པའི་མཐའ་བརྒྱད་དུ། དུང་ཆང་མུ་ཏིག་གིས་ཕྲ་བཀོད་པ་དག་གི་དབུས་ནའང་གསེར་གྱི་སྦྲམ་ཆུང་བརྒྱད་བརྒྱད་བཞག་པ། དངུལ་གྱི་མན་ཇུ་བཏེག་པ་དག་གིས་སྣ་དྲངས། མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་བཤམས་ཏེ། རྒྱལ་བ་ཡབ་སྲས་ལ་ཐུན་མོང་དུ་ཕྱག་མཛད་ནས་གུས་པའི་ཚུལ་གྱིས་སྐྱེ་རབས་ཁྱད་པར་ཅན་ཞུ་བར་རྩོམ་པ་ན། ལེགས་པའི་ཤེས་རབ་བཞེངས་ནས་ཇི་ལྟར་ཞུ་བའི་ཇི་ལྟར་ཞུ་བར་བྱ་བའི་རིམ་པ་སྟོན་པར་མཛད་པ་བཞིན་ཁུ་སྟོན་གྱིས་གསོལ་བ་དང་། དགེ་བའི་བཤེས་གཉེན་པ་སྲོ་ལོང་ཀུན་ཏུ་རྒྱུ་དང་། རྒྱལ་པོ་སྐྱབས་སྦྱིན་དུ་ཇི་ལྟར་སྐྱེ་བ་བཞེས་ཚུལ་རྒྱས་པར་བཤད་པ་མཛད་པ་ནས། ཁུ་ཆེན་པོ་ཁྱེད་མཐའ་བཟང་སྟེ། ངེད་གཉིས་པོས་བསྐྱངས་པའི་རྟེན་འབྲེལ་ཡང་དེ་ཡིན། ཞེས་གསུངས་ཤིང་སྣོད་ཡིན་ལ་གསང་བར་གདམས་པའི་བཀའ་རྒྱ་ནན་གྱིས་མཛད་དོ། །ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་གསང་བ་ཁུ་རྔོག་གི་ཞུ་ལན་ནས་ཇི་ལྟར་བྱུང་བའོ།།

ཡང་ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྫུ་འཕྲུལ་གྱི་བཀོད་པ་ཆེན་པོ་མཛད་དེ། ལྷ་རྫས་ཀྱི་ཁྲི་བཀོད་པ་ཕུན་སུམ་ཚོགས་པ་བཤམས་པ་ལ་ཇོ་བོ་ཆེན་པོ་བཞུགས། གཞན་ཡང་ཀ་བ་ཤཱཀྱ་དབང་ཕྱུག །རྔོག་ལེགས་པའི་ཤེས་རབ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྣམས་ཞལ་འཛོམས་པའི་སྤྱན་སྔར། རྟེན་འབྲེལ་བསམ་གྱིས་མི་ཁྱབ་པའི་འབུལ་བ་བཏང་བ་ནི། ཁྱེའུ་དཀར་པོ་ཟུར་ཕུད་ཅན་གཅིག་ལ་གསེར་སྲང་བཅོ་བརྒྱད་བཀུར། ཁྱེའུ་སེར་པོ་ཟུར་ཕུད་ཅན་གཅིག་གིས་རྟ་གཅིག་ཁྲིད། དེས་སྣ་དྲངས་གཞན་ཡང་ཉི་ཤུས་རྟ་ཉི་ཤུ་ཁྲིད་དེ་རྟ་ཉི་ཤུ་རྩ་གཅིག་ཕུལ། ཡང་ཁྱེའུ་སྔོན་པོ་ཟུར་ཕུད་ཅན་གཅིག་གིས་འབྲི་གཅིག་ཁྲིད་དེ། གཞན་བཅུས་འབྲི་བཅུ་ཁྲིད་ནས་བཅུ་གཅིག་ཕུལ། ཡང་ཁྱེའུ་སྔོན་པོ་ཟུར་ཕུད་ཅན་གཅིག་གིས་འབྲི་གཅིག་ཁྲིད་དེ། གཞན་བཅུས་འབྲི་བཅུ་ཁྲིད་ནས་བཅུ་གཅིག་ཕུལ། ཡང་ཁྱེའུ་སེར་པོ་གཅིག་གིས་བེར་གཅིག་ཁྱེར། ཡང་གཅིག་གཅིག་བེར་གཅིག་ཁྱེར་ཏེ་བེར་གཉིས་ཕུལ། རང་གི་སྤྲུལ་པའི་ཁྱེའུ་ཞིག་གིས་དབྱི་ལྤགས་གཉིས། སྤྱང་ལྤགས་གཉིས། དེ་ནས་གཞན་ཞིག་གིས་ཁྲབ་བཞི། ཁྱེའུ་ཟུར་ཕུད་ཅན་དཀར་པོ་གཅིག་གིས་དངུལ་དཀར་གྱི་སྐྱོགས་གཉིས་ཁྱེར། བུ་མོ་སྔོ་ལྗང་མ་གཅིག་གིས་གླ་གོར་གྱི་སྡེར་མ་གཅིག་ཁྱེར། དེ་དག་ལ་སོགས་པའི་འབུལ་བ་བརྒྱ་རྩ་བརྒྱད་མཛད་ནས། བཤེས་གཉེན་པ་དར་དཀར་གྱི་རས་གུ་ཞིག་གསོལ་ཏེ། ད་ཅི་ནས་ཀྱི་ཁྱེའུ་བཞི་དང་རང་གི་སྤྲུལ་པའི་ཁྱེའུ་དང་ལྔས་བསྐོར་ཏེ། སྐྱ་བཙུན་གྱི་མགྲོན་བསམ་གྱིས་མི་ཁྱབ་པའི་དབུས་སུ་བླ་མ་ལ་ཕྱག་དགུ་ཕྲུགས་སུ་མཛད་ནས། མོལ་གཏམ་བསྔོ་བའི་ཞུ་བ་སྙན་ངག་གི་ཚིགས་སུ་བཅད་པ་མང་པོ་གསོལ་བ་དང་། ཇོ་བོས་ཀྱང་ཡས་གཏམ་དང་བསྔོ་བ་ཀུན་སྙན་ངག་གི་ཚིགས་བཅད་དུ་གསུངས་སོ། །དེ་སྐབས་ཀྱི་ཚིགས་བཅད་རྣམས་འདིར་ཡི་གེས་འཇིགས་ནས་མ་བྲིས། བལྟ་བར་འདོད་ན་མ་འོངས་ལུང་བསྟན་གྱི་ལེའུ་ན་ཡོད་དོ།།

དེ་ནས་ཇོ་བོ་ལ་སོགས་པ་ཐམས་ཅད་ཐུགས་མཐུན་པར། བཤེས་གཉེན་པ་ཉིད་ཀྱིས་སྔོན་ཡང་མཛད་པ་དེ་འདྲ་བ་མཛད་ནས་མང་པོ་ལས་འབྲེལ་ལ་བཀོད། མ་འོངས་པ་ན་ཡང་སྨོན་ལམ་བཏབ་པ་གཅིག་ཏུ་བྱས་པ་མང་པོ་ཞིག་མཆིས་ན། དུས་འདི་ནས་བཟུང་ཁྱེད་ཀྱི་རྗེས་འདིར་ཅི་འདྲ་བའི་ཆོས་གྲྭ་དང་། གང་ཟག་ཁྱད་པར་ཅན་ཇི་ལྟ་བུ་མཆིས། གྲངས་ངེས་པ་ཅན་སྔར་ནས་མཛད་ནའང་། ད་རུང་ཡང་ཐོར་བུ་ཞིག་གསུང་བར་ཞུ་ཞེས་ཐམས་ཅད་ཕྱོགས་གཅིག་ངེས་པ་ལ། ལྷག་པར་དུ་ཀ་བ་ཆེན་པོ་བཞེངས་ནས་ཅི་ནས་ཀྱང་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ནས་གསུང་བར་ཞུ་གསུངས། བཤེས་གཉེན་པས་རྔོག་ལ་གཟིགས་པ་དང་། རྔོག་འདི་སྐད་དུ། རྒྱལ་བའི་སྤྱན་གྱིས་གཟིགས་པ་དག །འཇིག་རྟེན་ན་ནི་སྲིད་པ་ཙམ། །དེ་ནི་རང་གིས་མཐོང་ལ་དགོངས། །རྒྱལ་བས་དུས་དྲུག་ཕྱོགས་བཅུར་གཟིགས། །ཕན་ཚུན་གསུང་གླེང་སྐལ་བ་བཟང་། །ངེས་པར་མ་འོངས་བསྟན་དུ་གསོལ། །ཞེས་ཞུས་པ་དང་། དེ་ནས་བཤེས་གཉེན་པའི་ཞལ་ནས། འདས་པའི་རྗེས་བཅད་པ། མ་འོངས་པའི་སྔོན་བསུ་བ་བྱ་བ་བྱིས་པ་ངེད་འདྲ་བའི་རྣམ་འཕྲུལ་མ་ཡིན། འོན་ཀྱང་སྔར་གྱིས་ལ་ཐེ་ཚོམ་བྱུང་ན་ཐམས་ཅད་མཁྱེན་པའི་གསུང་ཡིན་པས་བྱ་རྒྱུ་མེད། སྔར་གྱི་ཀུན་བཤད་ན་འདས་པའི་བྱུང་ཚུལ་ལ་ཐེ་ཚོམ་སྐྱེས་པ་དང་། གང་ཟག་ངེད་འདྲ་བ་ལ་ཚད་མར་མི་འཛིན་པས་བཤད་པར་ཡང་དཀའ། ད་མ་འོངས་པ་འདི་ཀུན་ཁོང་བཀའ་གདམས་པའི་མེས་པོ་འབྲོམ་དེ་ཀུན་དེ་སྐད་ཟེར་ཏེ། ཁོང་ཡང་དགའ་ཚད་ཡིན་ཚོད་ན་འདུག །ཕྱིས་དགོན་པ་འདིར་གང་ཟག་འདི་རྣམས་ཁོང་ཟེར་བ་བཞིན་དུ་བྱུང་ནས་འདུག་ཟེར་བ་ཡང་སྲིད་གསུངས་ནས། ཇོ་བོ་ཆེན་པོ་ལ་ཕྱག་གསུམ་མཛད་ནས།

ཚད་མའི་སྐྱེས་བུ་བདག་ལ་དགོངས། །མ་འོངས་འབྱུང་ཚུལ་བདག་གིས་བཤད། །སྔར་ལུང་བསྟན་པ་བཤད་མི་འཚལ། །ཀུན་ལ་གྲགས་པའི་མིང་ཅན་འགའ། །དགོན་སྡེར་བཅས་ཏེ་སྙད་པར་བྱ། །ལྷག་པར་གྱུར་ན་འཕྲི་བྱེད་ཅིང་། །ཆད་པར་གྱུར་ན་ཁ་སྐོངས་ལ། །ལེགས་ཉེས་བྱུང་ན་ཟུར་གསོས་ཏེ། །ཉེས་པར་མི་འགྱུར་སྤངས་སོ་མཛོད། །

ཅེས་གསོལ་ནས། སྤྲུལ་པའི་ཁྱེའུ་འབུལ་སྣ་འཁྱེར་བ་དེ་དག་མ་འོངས་པ་ན་སྐུ་མཆེད་གསུམ་ལ་སོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དག་ཏུ་གྱུར་ཏེ། བཀའ་གདམས་གཞུང་མན་ངག་ཏུ་ཕྱེ་བའི་དགེ་འདུན་གྱི་སྡེ་ཇི་ལྟར་འབྱུང་བའི་ལུང་བསྟན་གསུངས་པ་དང་། ཇོ་བོ་སྤྱན་ཧྲིག་ཧྲིག་མཛད་ཅིང་། ཨ་ཏི་ཨ་ཏི་ཕ་ལ། ཁྱེའུ་གཞུང་པ་དེ་སུ་ཡིན་གསུངས་པས། ཁྱེའུ་སེར་པོ་ཟུར་ཕུད་ཅན་སྔ་མ་དེ་ལངས་ནས་བྱུང་སྟེ། རྗེ་བཙུན་འདིར་ལས་འབྲེལ་འཇོག་ཏུ་མཆིས་པ་ལགས། རྒྱལ་བ་རྒྱ་མཚོའི་གཞུང་ལམ་ཁོ་བོས་བཤད་ཟེར་བ་དང་། ཇོ་བོས་ཕ་ལ་ཕ་ལ་བོད་ན་མིག་འཕྲུལ་ལྟ་བུ་འདུག་གསུངས། བཤེས་གཉེན་པ་མཉེས་ཏེ་སྤྱན་ཧུར་ཆགས་པ་ཞིག་མཛད་ནས། འདིས་ངའི་བསྟན་པ་རིན་པོ་ཆེ་འདི་གསལ་བར་གྱུར་ཅིག་གསུངས་ཤིང་ལུང་བསྟན་མཛད། ཡང་ཇོ་བོས། ཁྱེའུ་མ་ཀུན་མན་ངག་ཐམས་ཅད་ཀྱི་སྙིང་པོ་སུ་ཡིན་གསུངས་པས། ཁྱེའུ་དཀར་པོ་སྔོན་མ་དེ་བཞེངས་ནས་བྱུང་སྟེ། འབྲོམ་ལ་གཟིགས་ནས་ཅེ་རེ་འདུག་པ་ལ། འབྲོམ་ན་རེ། ཞུས་ཤིག་གསུངས། ཁྱེའུ་ན་རེ། ཤེས་བྱ་མ་ལུས་པ་སྤྱད་ཀྱང་འབྲས་བུ་སྙིང་པོ་ཡིན། རྗེ་ད་ལན་ལས་འབྲེལ་འཇོག་ཏུ་མཆིས་པ་ལགས། རྒྱལ་བ་རྒྱ་མཚོའི་ནང་གི་ནོར་བུ་ཐམས་ཅད་ཁོ་བོས་བླང་བར་བྱའོ་ཟེར་བས། ཇོ་བོས། ཨ་ཏི་ཤ་ཕ་ལ་བོད་ན་མིག་འཕྲུལ་ལྟ་བུ་འདུག་གསུངས་པས། བཤེས་གཉེན་པ་ན་རེ། བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པའི་རྒྱལ་མཚན་ཐམས་ཅད་འཛིན་པར་གྱུར་ཅིག་གསུངས་ཤིང་། ཁྱེའུ་དེས་སྤྲུལ་པ་དུ་མ་བསྐྱེད་ནས་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ལུང་བསྟན་གསུངས་སོ།།

ཡང་ཇོ་བོའི་ཞལ་ནས། ཁྱེའུ་མན་ངག་གི་གཏེར་མཛོད་དམ་པ་འདི་སུ་ཡིན་གསུངས་པས། ཁྱེའུ་སྔོན་པོ་དེ་ལངས་ནས་བྱུང་སྟེ། བདག་ཉིད་ཀྱིས་འགྲོ་བའི་དོན་བྱེད་ཚུལ་ཞུས་ནས། ཀྱེ་ཀྱེ་ཚུལ་ཁྲིམས་ཀྱི་འོད་འབར་བས་བླ་མ་མཉེས་པར་གྱུར་ཅིག་ཟེར་བས། བཤེས་གཉེན་པས་ཀྱང་། དེ་བཞིན་དུ་གྱུར་ཅིག་གསུངས། ཇོ་བོའི་ཞལ་ནས། ཨ་ཏི་ཨ་ཏི་ཕ་ལ། བོད་ན་མིག་འཕྲུལ་ལྟ་བུ་འདུག་གསུངས། དེ་ནས་ཡང་བཤེས་གཉེན་པས། ཁྱེའུ་དེ་དག་གི་སྤྲུལ་པའི་དགེ་སློང་དབུས་ཀྱི་ཕྱོགས་སུ་མ་ཟད། གཙང་ཕྱོགས་སུ་ཡང་མང་པོ་འབྱུང་བར་གསུངས་པ་ན། ཁུ་ན་རེ། ཐམས་ཅད་དུས་མཉམ་དུ་འོང་ངམ། དུས་ཐ་དད་པར་འོང་ངམ། འོན་ཏེ་དུས་མཉམ་པའང་དུ་མ་འོང་། ད་གཟོད་གཞན་གྱིས་འགལ་གྱིས་མི་དོགས་སམ་ཞུས་པས། བཤེས་གཉེན་པ་ན་རེ། འགལ་ནའང་འགལ། མི་འགལ་ནའང་མི་འགལ། དཔོན་སློབ་བཅུ་ཙམ་ལ་སྤྲུལ་པ་པོ་གཅིག་ལས་མེད་པའང་ཡོད། དེ་དག་ལའང་ལ་ལའི་ཚེའི་མགོ །ལ་ལའི་མཇུག་ཅན་ཡང་ཡོད་གསུངས་པས། ཇོ་བོའི་ཞལ་ནས་ཧུ་འུམ། ཁྱེའུ་དཀར་པོ་འདི་ལ་ད་ལྟ་ངས་བོད་འདི་ནའང་བཀོད་པ་དྲུག་ཅུ་རྩ་ལྔ་མཐོང་། དེར་ཁྱེའུ་སེར་པོ་ན་རེ། ཁོ་བོ་ལ་བཀོད་པ་དགུ་བཅུ་མཆིས། ཁྱེའུ་སྔོན་པོ་ན་རེ། ཁོ་བོ་ལའང་བྱང་ཕྱོགས་ན་བརྒྱ་དང་དྲུག་ཅུ་རྩ་ལྔ་ཡོད། འདི་ན་དྲུག་གི་གདུལ་བྱ་ལས་མ་མཆིས། ཁྱེའུ་སེར་པོ་བེར་ཐུལ་མུལ་བ་དེ་བྱུང་ནས། རྒྱལ་དང་རྒྱལ་ལ་འདུས་པ་ཡིས། །ཚོགས་རབ་བཟང་པོ་ང་ལ་གསོན། །སྐད་ཅིག་བཀོད་པ་དུ་མའི་ལུས། །ཁྱེའུ་གཟུགས་ཅན་རིན་ཆེན་ང་། །སྔོན་ཚེ་སྐྱེ་བ་དཔག་མེད་དུ། །བག་ཆགས་བཞག་པས་དེ་རིང་ཡང་། །ཡོངས་སུ་གསལ་བར་བྱ་བའི་ཕྱིར། །མཁས་པ་མཁས་པའི་དྲུང་དུ་འོང་། །རྒྱལ་བས་བྱིན་རླབས་འབྲོམ་རྗེ་ཞེས། །ཁྱེད་ཀྱི་བསྟན་པ་གསལ་མཛད་པའི། །རིན་ཆེན་རིའི་རྩེ་མོ་ལོ། །རིན་ཆེན་གསལ་བའི་དྲུང་མཆོག་ཏུ། །ངའི་བཀོད་པ་དཔག་མེད་སྣང་། །ཞང་རྗེ་རོལ་པའི་མི་རིགས་ཅིག །གཏན་གྱིས་དོན་གཉེར་གུས་པས་མཆིས། །འབྲོམ་རྗེའི་བསྟན་པ་གསལ་མཛད་པའི། །གསལ་བ་ཁྱེད་ཀྱིས་བྱིན་བརླབས་ནས། །ཞེས་ཟེར་ཞིང་སྐབས་འདིར་ཁྱེའུ་སེར་པོ་སྔ་མའི་ཕྱག་ལ་འཇུས་ནས། དག་པའི་སྣང་བ་རབ་ཤར་བ། །རྒྱལ་བ་རྒྱ་མཚོ་ལས་འཁྲུངས་ཤིང་། །ཡོན་ཏན་རྒྱ་མཚོར་གྲགས་པ་ཡི། །མཁས་པ་ང་ནི་ལས་ཅན་རྣམས། །ཕྱོགས་བཞིར་འགྲོ་ཞིང་འདྲེན་ན་ཡང་། །དབུས་འདིར་ཤ་ར་བ་ཞེས་གྲགས། །འདིས་ནི་ཤར་གྱིས་མཐའ་འཁོབ་འདུལ། །དེ་བཞིན་དུ་ནུབ་ཕྱོགས་སུ་ཡང་གྲགས་པའི་མཚན་ཅན་མང་པོས་འགྲོ་བའི་དོན་མཛད་པར་གསུངས། སླར་ཁྱེའུ་སེར་པོ་སྔོན་མས། སྔོན་ཚེ་བདེ་གཤེགས་བྱང་ཆུབ་པའི། །གནས་སུ་ཁོ་བོ་དཔའ་བ་ཡིན། །མུ་སྟེགས་རིགས་ཅན་ཕལ་པ་རྣམས། །ཟིལ་གནོན་མཁས་པའི་མཁས་པར་གྲགས། །དེ་ཚེ་ཁྱེའུ་རིན་ཆེན་ཁྱོད། །གནས་ལྔ་མཁྱེན་པའི་པཎྜི་ཏ། །ཚེའི་རིགས་འཛིན་གྲགས་པར་གྱུར། །ལན་ཅིག་བུ་མོ་སྔོ་ལྗང་འདི། །བདག་ཅག་གཉིས་ཀྱི་དྲུང་དུ་བྱུང་། །མཁས་པའི་མཁས་པ་ཡབ་སྲས་གཉིས། །མ་འོངས་མཐའ་འཁོབ་གནས་ཤེད་དུ། །མཁས་པའི་དབུས་སུ་ཆོས་སྟོན་ཚེ། །ཡབ་སྲས་དམ་པར་ཡང་ཡང་འགྱུར། །དེ་ཚེ་ཁོ་མོས་བསྐྱངས་པར་བགྱིད། །ཅིས་ཏེ་ཁྱེད་ཀྱི་རྗེས་འབྲང་རྣམས། །འཇིགས་པ་བརྒྱད་ལས་སྐྱོབ་ཕྱིར་རོ། །ཞེས་མི་སྣང་བར་གྱུར་ཅེས་གསུངས།

དེ་ནས་བཤེས་གཉེན་པའི་ཞལ་ནས། དེ་ཀུན་བར་སྐབས་ཀྱི་ཚིགས་བཅད་ཅེས་བྱ་བར་ལ་ལ་མིང་འདོགས་པ་ཡིན། ད་ནི་སྐབས་སུ་བབས་པ་མདོར་བསྟན་ནས། རྒྱས་པར་འཆད་དོ་གསུངས་ནས། པོ་ཏོ་བ་རིན་ཆེན་གསལ་དང་། སྤྱན་མངའ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལ་སོགས་པ་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རགས་རིམ་གྱི་རྣམ་པར་ཐར་པ་ཟུར་ཙམ་རེ་དང་། དེ་དག་གིས་ཇི་ལྟར་མཛད་པའི་ཚུལ་དང་། སློབ་བུ། ཡང་སློབ། ཉིས་སློབ་ཀྱི་བར་དུ་དགེ་འདུན་གྱི་སྡེ་དར་རྒྱས་འབྱུང་བའི་ལུང་བསྟན་རྒྱ་ཆེར་གསུངས་སོ།།

དེའི་ཚེ་ནམ་མཁའི་དབྱིངས་ནས་ལུང་བསྟན་གྱི་ཟུར་འདེབས་སྒྲ་སྙན་པོ་དག་བྱུང་བ་དང་། གཞན་ཀུན་གྱིས་ཇི་ལྟར་ཡིན་མ་ཤེས་པར། ལ་ལ་སྒྲ་དེ་གང་ནས་བྱུང་ཟེར། ལ་ལ་ཐེ་ཚོམ་དུ་གྱུར་པ་དང་། ཇོ་བོ་སྣམ་སྦྱར་གྱིས་དབུ་ཕུར་ནས་བཞད། ཀ་བ་པ་ལ་སོགས་པ་ཐལ་མོ་སྦྱོར་བ་མཛད་དོ། །ལུང་བསྟན་ལེགས་པར་ཟིན་པ་དང་། ཇོ་བོའི་ཞལ་ནས། ལ་ལ་ཞིབ་པོ་ཞིབ་པོ་བྱུང་། །ལ་ལ་འབྲེལ་ཅན་འབྲེལ་ཅན་བྱུང་། །ལ་ལ་ཟུར་ཙམ་ཐོ་རེ་བྱུང་། །ལ་ལ་དོན་གྱིས་བསྟན་ཏེ་བྱུང་། །ཆོས་གྲྭ་ཆ་རབ་མ་སྨོས་པའི། །བཞི་སྡེ་ལྔ་སྡེ་བརྗོད་དེ་བྱུང་། །རྒྱལ་བའི་འབྱུང་གནས་འདི་སྐད་དུ། །ཁ་སྐོངས་ལེགས་ཉེས་དཔང་མཛོད་གསུངས། །དེ་རིང་ཁུ་ཡིས་གསོལ་བཏབ་པས། །ང་ལ་བརྟེན་ཏེ་སཙྪ་གཏེར། །ཐམས་ཅད་མཁྱེན་པར་ཞལ་གྱིས་བཞེས། །དགོན་པའི་དཔང་དུ་ཁོ་བོས་གོ །དེ་ལ་བྲི་རྒྱུའང་མི་གདའ་བས། །ཐམས་ཅད་ལེགས་ཞེས་ཚིམ་པར་སྨྲོས། །ཀུན་གྱིས་ལེགས་པའི་སྒྲ་ཆེར་བསྒྲགས། །དེ་ནས་རང་རང་གནས་དག་ཏུ། །རྗེས་སུ་ཡི་རང་ཟེར་ཞིང་དེངས། །དེ་ནས་རེ་ཞིག་ལོན་པ་ན། །ལེགས་པའི་བློ་ལྡན་དྲུང་བྱོན་ནས། །དེ་རིང་ཆོས་འདིར་ཡི་གེར་འདྲི། །ཁྲོམ་དུ་བསྒྲགས་ནས་བཀའ་རྒྱས་ཀྱང་། །བདེན་པར་སུས་ཀྱང་ག་ལ་རྩི། །བརྒྱ་འབུལ་ཙམ་ཞིག་བྱས་པ་ལ། །ད་གཟོད་འདི་འདྲ་གྲགས་མི་འབྱུང་། །བཤེས་གཉེན་ཞལ་ནས་འདི་སྐད་གསུངས། །མཐུན་མོང་བརྒྱ་འབུལ་ཙམ་ཞིག་ལས། །གཞན་གྱིས་མ་ཐོས་ཐུན་མོང་མིན། །མ་འོངས་མི་གྲགས་ཁོ་བོ་བཞེད། །དེ་བས་ཡི་གེ་དོན་མ་མཆིས། །དེ་ནི་བདག་གི་སྙིང་གཏམ་ཡིན། །སྙིང་གཏམ་ཕྱི་ལ་སྤེལ་མི་འཚལ། །ཨེ་མ་བཀའ་རྒྱ་དུ་མས་གཏམ། །ང་ནི་དེ་ཙམ་ཉིད་ལ་བརྟེན། །ཁྱེད་ཀྱང་དེ་ལ་ཚིམ་པར་མཛོད། །ཅེས་གསུངས་སོ། །འདི་དག་ནི་ཐུན་མོང་མ་ཡིན་པའོ། །ཐུན་མོང་དུ་འབྲོམ་གྱིས་བརྒྱ་འབུལ་མཛད་པའི་ཐོག །ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་འབྲོམ་ཉིད་ཀྱིས་མཛད་པ་དེ་བཀླགས། ཇོ་བོ་རང་གིས་ཀྱང་ཆོས་ལ་དཀའ་སྤྱད་མཛད་ཚུལ་དང་། སྒྲུབ་པ་ཉམས་སུ་བླངས་ཚུལ་ཅུང་ཟད་གསུངས་ཏེ། ཁྱེད་ཀྱིས་དཀའ་བ་མ་སྤྱད་པར་ཆོས་ཟབ་མོ་རྙེད་པ་དོན་ཆེ་ཡིས་ལེགས་པར་སྤྱོད་ཅིག་གསུངས། ཡང་རྟག་ཏུ་ངུ་དང་ནོར་བཟང་གི་རྣམ་ཐར་ཟུར་ཙམ་གསུངས་ནས། བླ་མ་དེ་ལ་འདོད་པ་མེད་ཀྱང་རྟེན་འབྲེལ་གྱི་ཆེ་བ་ཡིན་པས། བླ་མའི་ཞབས་ཏོག་དགོས་པ་ཡིན་གསུངས། ཚུལ་དེ་ཙམ་ཞིག་ལམ་ཡིག་ལས་བྱུང་ངོ་།།

གླ་གོར་གྱི་གཞོངས་པ་ཕུལ་བ་དེ་ཇོ་བོའི་གསོལ་སྡེར་མཛད་ནས། ཕྱིས་ཤངས་ཚལ་གྱིས་ཉིད་ཀྱི་སྐུ་ཕྱག་བྲིས་སུ་མཛད་ནས་དད་པའི་རྟེན་དུ་བཞག་པ་ད་ལྟ་ཡེར་པ་ན་བཞུགས་སོ། །དེ་ནས་ཡེར་པར་བསྟན་པ་དང་སེམས་ཅན་གྱི་དོན་མཛད་པ་མཐར་ཕྱིན་པ་ན། རྗེ་བཙུན་མ་སྒྲོལ་མ་བྱོན་ནས་སྙེ་ཐང་དུ་གཤེགས་པར་བསྐུལ་བ་དང་། ཇོ་བོའི་ཞལ་ནས། ལྷ་དཔེ་ཕལ་ཆེར་གནས་འདིར་ཞོག །ཤཱཀྱ་ཐུབ་པའི་ཞལ་བལྟ་ཞིང་། །ཁྱོད་ཀྱི་ཕོ་བྲང་ལྷ་ས་དེར། །གཏེར་ཁ་གཅིག་ཙམ་སྦེད་དུ་འདེངས། །དེ་ནས་སྙེ་ཐང་འོར་དུ་གཤེགས། །གསུངས་ནས། ཇོ་བོ་ལྷ་སར་ཕེབས་པ་ན། དགེ་སློང་གཞོན་ནུ་སྣམ་སྦྱར་གསོལ་ཞིང་འོད་ཟེར་སྟོང་དང་ལྡན་པའི་གླེགས་བམ་འཛིན་པ་ཞིག་སྟོན་ཅིག་གསུངས། འབྲོམ་ལ་སྤྱན་རས་གཟིགས་དབང་ད་རུང་འགྲོ་བའི་དོན་ལ་གནས་འདིར་བཞུགས་པར་མཛོད། ཅེས་གསུངས་སོ།།

ཡང་ཐུབ་པའི་དབང་པོའི་ཞལ་ནས། མར་མེ་མཛད་ཁྱོད་ཀྱིས་རྡོ་རྗེ་གདན་ནས་འདིར་འོངས་སེམས་ཅན་མང་པོའི་དོན་བྱས། བསྟན་པ་ཡང་ཉིན་མོར་བྱས་ཀྱི། ད་ནི་དགའ་ལྡན་ན་དོན་ཆེ་བས། སྲས་ཀྱི་ཐུ་བོ་རྒྱལ་ཚབ་ཏུ་ཞོག་ལ། དགའ་ལྡན་དུ་གཤེགས་པར་གནང་ངོ་གསུངས་ཤིང་། ཡང་འབྲོམ་ལ་ཞིང་ཁམས་འདིར་བསྟན་པ་དང་སེམས་ཅན་གྱི་དོན་མཛད་ཅིང་བཞུགས་པར་བཀའ་སྩལ་ཏོ།།

དེ་ནས་ལྷ་སར་ཕྱི་རབས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་དགོངས་ཏེ། གཏེར་ཁ་སྦེད་པ་སྨོན་ལམ་ལ་སོགས་པ་མཛད་དེ། སྙེ་ཐང་དུ་ཕེབས་ནས་ལོ་གཅིག་ལྷག་ཙམ་བཞུགས་པར་གནང་ཞིང་། ཆོས་ཐམས་ཅད་ཀྱང་ཞལ་ཆེམས་སུ་གསུངས་ཤིང་། དྷརྨ་ཨ་ལོ་ཀ་ཡམ་ཆོས་བྱ་བའི་དུས་ཡིན་གསུངས། གསང་སྔགས་ཀྱི་ལམ་འདི་སྦྲུལ་སྨྱུག་དོང་དུ་བཅུག་པའམ་གླང་པོ་ཆེའི་སྣ་ལ་རལ་གྲི་བཏགས་པ་དང་འདྲ་སྟེ་ཁེ་ཉེན་ཆེ་བ་ཡིན་གསུངས། བོད་ཀྱི་རྒྱུད་སྡེ་བཞི་ག་ལོངས་སྤྱོད་མི་ནུས། བོད་ལ་རྣལ་འབྱོར་རྒྱུད་འཚམ་གསུངས།

ཡང་སྐབས་ཤིག་གཟིམས་ཁང་གི་སྒོ་བསྡམས་ཚེ་ཕྱིར་གདུགས་ལ་བཞུགས་གདའ་བས། དགེ་བཤེས་སྟོན་པས། ཨ་ཏི་ཤ་རྩིག་པ་ལ་ཐོགས་ཆགས་མི་མཆིས་ན་ཞུས་པས། ང་ལ་རྒྱ་གར་ན་ཡང་དེ་ལྟར་གྲགས་གསུངས། ཡང་ལན་ཅིག་ཁྲུ་གང་ཙམ་གྱིས་ནམ་མཁའ་ལ་བཞུད་པ་ཀུན་གྱིས་མཐོང་། ཡང་ང་ལ་ལྷ་རྣམས་ཀྱིས་མཆོད་པ་བྱས་པའི་རོལ་མོའི་སྒྲ་རང་གྲགས་པ་ཐོས་སམ་གསུངས། དགེ་བཤེས་སྟོན་པས་ཀྱང་དབུ་སྐྲ་ཕར་བསལ་ནས་གསན་པའི་ཚུལ་མཛད། ཡང་ཇོ་བོ་ཞལ་འཛུམ་པ་ཞིག་མཛད་དེ་ཇི་ལྟར་ལགས་ཞུས་པས། ངའི་སློབ་མ་གཅིག་གསོལ་བ་འདེབས་པའི་དྲིལ་བུའི་སྒྲ་གྲགས་གསུངས། ཡང་མཁའ་འགྲོ་མ་རྣམས་ཀྱིས་ང་ལ་སྐོར་བ་བྱས་གསུངས། ཡང་ངའི་བླ་མ་རྣམས་དགའ་ལྡན་ན་བཞུགས། ང་ཡང་དགའ་ལྡན་དུ་འགྲོ་ཞེས། དེ་ལྟ་བུ་མང་དུ་གསུངས་པས་དགེ་བཤེས་སྟོན་པ་ཐུགས་མ་བདེ་ནས། ལོ་ཙཱ་བ་མཆིམས་ཕུ་ན་བཞུགས་པ་ལ། སློབ་དཔོན་མྱུར་དུ་བྱོན། འདིན་ངོ་མཚར་བའི་གཏམ་མང་ཞེས་འཕྲིན་བསྐུར་བས། ལོ་ཙཱ་བ་ཡང་བྱོན། དེའི་དུས། སྔོན་ནཱ་རོ་པའི་སློབ་མ་པཎྜི་ཏ་ཛྙཱ་ན་ཀཱ་ར་ལ་འཕགས་སྐོར་གྱི་མན་ངག་ཅིག་ཞུར་ཡོད་པ་དེ་ཡིད་ལ་བཅགས་སོ་གསུངས་པས། ལོ་ཙཱ་བས་བལ་པོར་མི་མཐོ་བཙུགས་ནས་བཞག་པས། པཎྜི་ཏ་བལ་པོར་བྱོན་འདུག་ཟེར་བ་གསན་ཏེ། ལོ་ཙཱ་བས་དེ་སྙན་བསྐུལ་བས་དེ་ལྟར་ཡིན་ཡང་ཁོ་བོ་ནི་རྒས་པས་ཉན་པའི་མཐུ་མེད། ཁྱོད་འབོད་པ་ཞིག་འོང་གིས་དེའི་དུས་སུ་སོང་ལ་ཆོས་དེ་ཉོན། འོ་ཅག་དེ་བར་དུ་འགྲོགས། ང་ཡང་ད་སྟེ་ཟླ་བ་བཅུ་ཙམ་ནས་དགའ་ལྡན་དུ་མགོན་པོ་བྱམས་པ་ལས་གདམས་པ་དང་རྗེས་སུ་བསྟན་པ་ཉན་དུ་འགྲོ། སེམས་ཅན་སྐྱེ་བ་ཐོག་མ་མེད་པ་ནས་གཅིག་པུ་གྲོགས་མེད་པར་འགྲོ་བ་ཡིན་པས། འོ་ཅག་ཀྱང་རྟག་ཏུ་འགྲོགས་པ་ཡིན། ཅི་ནས་ཀྱང་སོང་ཞིག་གསུངས་པས། ལོ་ཙཱ་བ་སྤྱན་ཆབ་ཅར་གྱིས་བཤུམས་ཏེ། ཡང་བླ་མ་བདག་གིས་འདིར་སྤྱན་དྲངས། ཆོས་ཐམས་ཅད་ཀྱང་ཉིད་ཀྱིས་ཁོང་དུ་ཆུད་པར་བྱས་ནས་འགྲོ་བ་འདི་མི་རིགས་སྙམ་གདའ་བས་མི་མཆི་བར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། ང་འདིར་ཁྱོད་ཀྱིས་བསྐྱལ། ངའི་རིག་པའི་ཆོས་ཐམས་ཅད་ཀྱང་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱས་ནས་ཁྱོད་འགྲོ་བ་མི་རིགས་མོད་ཀྱི། འོན་ཀྱང་ཐེག་པ་ཆེན་པོའི་ཆོས་ལ་བར་ཆད་མང་བས་ཁྱོད་འགྲོ་དགོས། དེ་བར་དུ་མཆོད་པ་རྒྱུན་མ་ཆད་པར་ཕུལ་ལ་ང་ལ་གསོལ་བ་ཐོབ་གསུངས། དེ་ནས་ལོ་ཙཱ་བས་མཆོད་པ་བཤམས་ཤིང་གསོལ་བ་བཏབ་བོ།།

ཡང་ཟླ་བ་གཅིག་ན་སློབ་དཔོན་རྒྱལ་རིན་གྱིས་ཕོ་ཉ་གཉིས་ལ་མྱུར་དུ་བྱོན་ཟེར་བ་བྱུང་ནས། ཇོ་བོས་ང་ཡང་དགའ་ལྡན་དུ་ལྷའི་ནམ་མཁའ་དྲི་མེད་བྱ་བར་འགྱུར། ཁྱོད་ཀྱིས་ངའི་ལུས་ཚད་དུ་གཟུགས་བརྙན་ལེགས་པར་བྲིས། ང་དགའ་ལྡན་ནས་ཁུག་ལ་རབ་གནས་ཀྱིས། གསོལ་བ་ཐོབ། ང་དགའ་ལྡན་ནས་འོང་བ་ཡིན་ནོ། །ད་དུང་ཟླ་གཅིག་སྡོད་ལ་གསོལ་བ་ཐོབ་གསུངས་ཏེ་ཟླ་བ་ཕྱེད་དང་གཉིས་སུ་མཆོད་ཅིང་གསོལ་བ་བཏབ། དེའི་དུས་བོད་སྟོན་ཐམས་ཅད་འདུས་ནས་ཇོ་བོའི་རྣམ་སྲོལ་སུས་འཛིན་ཟེར་བས། ལོ་ཙཱ་བའི་གསུངས་ནས། ཆོས་ཐམས་ཅད་ནས་ཡོན་ཏན་བླ་མ་ལས་སྐྱེ་བར་བཤད་འདུག །བླ་མའི་ཞབས་ཏོག་འབྲོམ་གྱིས་འདྲ་བ་སུས་ཀྱང་མ་གྲུབ། ཇོ་བོའི་སྲོལ་འབྲོམ་སྟོན་པས་འཛིན་ཐང་གསུངས་པས་ཐམས་ཅད་མ་དགའ། འབྲོམ་སྟོན་འདྲ་བས་ཟེར་ཏེ། ཕྱིས་དེ་ཁོ་ན་ཡིན་པར་སྣང་། དེ་ནས་ཇོ་བོས་ལོ་ཙཱ་བ་སོང་གསུངས་ཏེ། ལོ་ཙཱ་བས་བླ་མ་དགའ་ལྡན་གྱི་གནས་ནས་བདག་ལ་གཟིགས་སུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། སྤྱན་རས་ཀྱིས་བཙར་གསོལ། བླ་མ་ཉིད་སྐུའི་གཟུགས་བརྙན་དུ་འབྱོན་པར་ཞུ་འཚལ་ཞེས་གསོལ་བ་བཏབ། ཇོ་བོས་ཀྱང་དེ་ལྟར་བྱའོ་ཞེས་ཞལ་གྱིས་བཞེས། འབྲོམ་གྱིས་ཀྱང་མི་ཆོས་གནད་ཀྱི་ཕྲེང་བ་སོགས་ཞལ་གདམས་སུ་མཛད་དེ་ལོ་ཙཱ་བ་བྱོན། རྣལ་འབྱོར་ཆེན་པོས་བདག་བསོད་ནམས་ཆུང་བས་བླ་མའི་ཞབས་ཏོག་ལས་སྒོམ་རྒྱུ་མ་བྱུང་སྙམ་པ་ན། ཇོ་བོའི་ཞལ་ནས། སྒོ་གསུམ་བླ་མའི་ཞབས་ཏོག་ལ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་དགོས་གསུངས་ཏེ། ཕྱིས་དགེ་བཤེས་དགོན་པ་བའི་གསུང་ལས། སློབ་དཔོན་སྟོན་པས་ལོ་ཙཱ་བྱས། སློབ་དཔོན་རྣལ་འབྱོར་པས་གཡོག་བྱས། ངས་སྒོམ་པ་ཡོན་ཏེ་རྟོགས་པ་དེ་ཁོང་གཉིས་མཐོ་བར་འདུག་གསུངས་སྐད། ཨཱ་ཙ་ར་ཞིག་གི་དྲུང་ན་གསེར་ཅུང་ཟད་ཡོད་པ་འདི་སྐྱེལ་དུ་རྣལ་འབྱོར་པ་གཏོང་དགོས།

ནད་མེད་པ་ནི་བདེ་བའི་མཆོག །དགའ་བ་བྱིན་པ་སྦྱིན་པའི་མཆོག །

མྱ་ངན་འདས་པ་བདེ་བའི་མཆོག །བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག །

གསུངས། འབྲོམ་གྱིས་ཁོང་མི་གཏོང་བར་ཞུས་ཀྱང་ཁོ་བསམ་པ་བཟང་བས་དོན་འགྲུབ་འོང་གསུངས་ནས་གསེར་སྲང་སུམ་ཅུའི་འོད་ཐུམ་དང་། གཞན་ཤས་གཅིག་ལ་བྱིན་རླབས་གཅིག་བྱ་བས་མ་རེག་ཅིག་གསུངས་པ་ལ། གཅིག་གིས་རེག་པས་བར་ཆད་འོང་བར་འདུག་སྟེ་མི་ཚུགས་པར་འདུག་གི་གསུངས། རྣལ་འབྱོར་པས་ཇོ་བོ་དང་ང་མི་མཇལ་སྙམ་ནས་མཚན་རང་བཤུམས་པས་སྤྱན་ཀུན་ཐོ་བ་ཙམ་དུ་སོང་སྐད། བར་ཆད་ལན་གསུམ་དུ་བྱུང་ཡང་བི་ཀ་མ་ལར་འཁྱོལ་ལེ། ཇོ་བོ་སྐུ་འདའ་ཁར་མི་རེ་ལ་ཞལ་ཆེམས་རེ་གསུངས། རྣལ་འབྱོར་པ་དང་དགོན་པ་བས་ད་མན་ཇི་ལྟར་བགྱི་ཞུས་པས། འཇིག་རྟེན་བློས་ཐོངས། ཚེ་མཇུག་འདི་སྟོན་པ་ཆེན་པོ་དང་མ་བྲལ་བ་གྱིས་གསུངས། ཅི་ལགས་ཞུས་པས། ངས་བྱིན་གྱིས་བརླབས་པ་ཡིན་གསུངས། ཕྱག་ཁྲི་མཆོག་གིས་ཇོ་བོ་འདས་ནས་བདག་གིས་བཤད་དམ་ཞུས་པས། བྱ་བ་ངན་པ་འཕྲོ་ཆོད་གསུངས། སྒོམ་ཡང་ཞེས་དང་། སྒོམ་ཡང་སྒོང་། བཤད་ཀྱང་བཤད་དམ་ཞུས་ཀྱང་དེ་སྐད་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། དབེན་པ་གྱིས་གསུངས། སེམས་བཟང་པོ་མེད་ན་ཐོས་བསམ་སྒོམ་གསུམ་ཅི་བྱས་ཀྱང་དོན་མེད་པས་སེམས་བཟང་པོ་གྱིས་གསུངས། དགེ་བཤེས་སྟོན་པ་ལ་ཤིང་རྟའི་སྲོལ་གསུམ་གྱི་སྐྱེས་བུ་ཆེན་པོའི་ཆོས་ལུགས་དུས་གསུམ་སངས་རྒྱས་བྱང་སེམས་ཀུན་གྱི་ཤིང་རྟ་ཆེན་པོའི་ལམ་འདི་ཁྱོད་ལ་གཏད་ཀྱིས་ཟུངས་ཤིག་ཅེས་དང་། ད་ནི་གུང་ཐང་པ་ཡང་ཡར་ལ་སོང་། །ཨ་མེས་དམ་པ་རྒྱ་གར་ཡུལ་དུ་ཆས། །ཁུ་རྔོག་ལ་སོགས་ཆེ་བ་རང་སར་སྐྱོངས། །ཁྱོད་ཀྱི་དྲུང་ན་ཁོ་བོ་དགོང་ཉི་ཙམ། །ཡིན་མིན་ཀུན་གྱི་མགོ་ལྟག་འབྱེད་པའི་དུས། །སྙིང་པོ་ཐམས་ཅད་གཅིག་ཏུ་དྲིལ་བའི་དུས། །ཐོས་བསམ་སྒོམ་གསུམ་གཅིག་ཏུ་སྤྲུག་པའི་དུས། །འབྲོམ་རྗེ་ཐུབ་པའི་བསྟན་པ་ལྔ་སྟོང་གནས། །འོན་ཀྱང་བོད་དུ་ཆོས་སྤྱོད་ཇི་ལྟར་དར། །བདག་གིས་བསྟན་པ་དཀྲོང་སྐྱེད་བྱས་པ་ཡིན། །ད་ནི་ལེགས་པར་གཞི་བཞེངས་ཚར་བ་ཡིས། །ཆོས་འདི་ལེགས་པར་སྐྱོངས་ཤིག་རྒྱལ་བ་འབྲོམ། །མཐའ་རྒྱ་བྱང་ནས་སྐྱེད་ཅིག་སྙིང་སྟོབས་ཅན། །ཕོ་རུས་རྣམ་ཐར་སྲུངས་ཤིག་ཁྲེལ་གཞུང་ཅན། །ཕ་གཅིག་བུ་གཅིག་ཡིན་ནོ་སྙིང་ལ་སོམས། །གུང་ཐང་པ་ནི་བླ་མ་གཉིས་པ་ཚོལ། །འབྲོམ་རྗེ་ཁྱོད་ཉིད་ཁོ་བོ་གཅིག་པུ་སེམས། །སྦྲུལ་གྱི་ལྤགས་པ་བརྗེས་ཀྱང་སྦྲུལ་མི་བརྗེ། །ཁོ་བོ་འཆི་ཚུལ་བསྟན་ཡང་ཨ་ཏི་ཤ །བདག་གི་བསྟན་པ་འདི་ནི་ཁྱོད་ལ་གཏད། །ལོ་སྐོར་གཅིག་གི་ནང་དུ་བྱང་ཕྱོགས་སུ། །ཆོས་ཀྱི་ཆར་པ་ཕོབ་ལ་གཞན་དོན་མཛོད། །དེ་ནས་ཁྱོད་ཀྱི་ཡོན་ཏན་མ་ལུས་པ། །གང་ཟག་གཅིག་གིས་བླང་བར་མི་ནུས་ཀྱི། །ལས་ཚན་བརྒྱད་ཅུར་བགོས་ལ་མཐའ་རྒྱ་སྐྱེད། །གཙོ་བོ་སྤྲུལ་པའི་སྐུ་མཆེད་གསུམ་པོ་ལ། །གཞུང་དང་མན་ངག་ཐུན་མོང་གསུམ་བྱིན་ལ། །ལྷག་ཆག་མེད་པར་རང་གི་གདན་ས་གཏོད། །གནས་ཀྱི་གདན་སར་ཨ་མེས་ཆེན་པོ་སྐོས། །དེ་ནས་ཞེན་ཞིང་ཆགས་པ་མ་བྱེད་པར། །དགའ་ལྡན་གནས་སུ་བདག་གི་དྲུང་དུ་ཤོག །

ཅེས་འབྲོམ་ལ་བསྟན་པ་གཏད། ཇོ་བོའི་བཀའ་ཡིས་བླ་མཆོད་རྣམས་མན་ཆད་ཀྱིས་བཤེས་གཉེན་པ་ལ་དབུ་མཛད་རྣལ་འབྱོར་པ་བཞིས་སྣ་དྲངས་ནས། སྣ་ཐག་སོར་བཞི་དེ་རིང་འབྲོམ་ལ་གཏོད། །ཧྲལ་ཧྲུལ་ཐམས་ཅད་མི་ཚེ་བྱང་དུ་འབྱིད། །ཚེ་མཇུག་ཉི་མའི་བདེ་བ་བྱང་དུ་བྱ། །ཞེས་མགོ་ལུས་ཕུལ། དེ་ཡང་གླེགས་བམ་ནས་གསུངས་པ་ལྟར་ན། ཡེར་པར་ཟབ་ཆོས་རྣམས་བགྲོ་བ་རྫོགས་ནས་སྒྲོལ་མས་སྙེ་ཐང་དུ་བསྐུལ། ལམ་དུ་ལྷ་སར་ཐུབ་པའི་ཞལ་ནས། མར་མེ་མཛད་ཁྱོད་ཀྱིས་རྡོ་རྗེ་གདན་ནས་འདིར་འོངས་སེམས་ཅན་མང་པོའི་དོན་བྱས། བསྟན་པ་ཉིན་མོར་བྱས་པས་ད་ནི་དགའ་ལྡན་ན་དོན་ཆེ་བས་སྲས་ཀྱི་ཐུ་བོ་རྒྱལ་ཚབ་ཏུ་ཞོག་ལ་དགའ་ལྡན་དུ་འབྱོན་པར་གནང་ངོ་གསུངས། སྙེ་ཐང་དུ་ཕེབས་ཏེ་ཁྲུམས་ཟླའི་བཅོ་ལྔ་ནས་བཟུང་དབྱུག་གུའི་བཅོ་བརྒྱད་ཀྱི་བར་ཉིན་རེ་ཞིང་འདའ་བའི་ལྟས་རེ་སྣང་སྟེ། དེ་ཡང་བཅོ་ལྔའི་ཉིན་བདུད་རིས་རྣམས་དགའ་ཞིང་སྤྲོ་བ། བཅུ་དྲུག་ལ་ལྷ་རྣམས་སྨྲེ་སྔགས་འདོན་པ། དེ་བཞིན་དུ་གར་ཡང་བག་མི་ཕེབས་པ་དང་། ཤར་རིའི་རྩེར་དྲང་སོང་ལོ་སྟོང་ལོན་པ་གཅིག་སྨོན་ལམ་གྲུབ་པ་ངས་ཇོ་བོ་བཞུགས་སར་གསོལ་བ་མ་ཐེབས་སོ་ཞེས་ངུ་བ་དང་། ནུབ་རིའི་རྩེ་ན་དྲང་སྲོང་ལོ་སྟོང་ལོན་པ་གཅིག་རྒྱལ་བ་མྱུར་དུ་འདའོ་ཞེས་ངུ་བ་དང་། སྒྲོལ་མ་མྱ་ངན་མཛད་པ་དང་། བྱང་རིའི་རྩེར་གནོད་སྦྱིན་རྣམས་མྱ་ངན་བྱེད་པ་དང་། ལྷ་རྣམས་འཇའ་ཚོན་གྱིས་ལམ་འཆོས་པ་དང་། ཡི་དྭགས་རྣམས་གཏོར་མ་ཆད་པའི་སེམས་ཁྲལ་བྱེད་པ་དང་། དགའ་ལྡན་དུ་འདིར་མགོན་པོ་འཁྲུངས་ཞེས་སྤྲུལ་པའི་པདྨ་ལ་དགའ་བས་བསྐོར་བ་དང་། འུར་ཞིང་ས་གཡོས་པའི་གསེབ་ནས་པདྨ་བྱུང་བ་ལ་ཇོ་བོ་བཞུགས་ཏེ་ལྷ་བཞིས་སྤྱན་འདྲེན་པར་རྩོམ་པ་དང་། ས་དང་རྩི་ཤིང་ཐམས་ཅད་དུས་མིན་དུ་མདངས་ཕལ་པ་མྱ་ངན་ལྟར་སྟོན་པ་དང་། ཆུ་རྣམས་ཐོགས་ཤིང་མྱ་ངན་གྱི་སྒྲ་འབྱིན་པ་དང་། བྱ་དང་རི་དྭགས་རྣམས་མྱ་ངན་བྱེད་པ་དང་། གནམ་སྟོང་གི་ཉིན་དམ་ཚིག་གསུམ་བཀོད་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བས་སྲས་ཀྱི་དབུགས་འབྱིན་མཛད། འདི་ཡན་ཆད་ནི་དགེ་བཤེས་སྟོན་པ་ཉིད་ཀྱིས་གཟིགས་པ་སྟེ་ལྷའི་མིག་དག་པ་རྣམས་ཀྱི་ཡུལ་ལོ།།

ཚུར་ཐོང་གི་དཔྱོད་ལྡན་འགའ་རེས་དགེ་བཤེས་ཐུགས་བྲེལ་བ་ལ་སོམ་ཉི་ཙམ་བྱུང་།
དབྱུག་གུའི་ཚེས་གཅིག་ལ་ཀུན་གྱིས་མཐོང་བར་ལྷ་བཞིའི་ཁ་དོག་གི་སྤྲིན་སོ་སོ་ཕྱོགས་བཞི་ནས་འཁྲིགས་ཏེ་འཇའ་འོད་ཀྱིས་གང་། མེ་ཏོག་གི་ཆར་འབབ་རོལ་མོ་སྣ་ཚོགས་སྒྲོག་པར་ཐོས། འབྲོམ་གྱིས་རིགས་ལྔའི་ལྷ་ཚོགས་ཀྱིས་བར་སྣང་གང་། ཇོ་བོ་རྒྱན་ཅན་དུ་བཞེངས་པས་ཤེར་ཕྱིན་གསུང་ཞིང་ཉན་པའི་སེམས་དཔའ་མང་པོས་དབུགས་འབྱིན་པར་གཟིགས། དེ་བཞིན་དུ་ས་རྡོ་རི་བྲག་ཐམས་ཅད་ཤེར་ཕྱིན་གྱི་སྒྲ་འུར་ཞིང་གཞན་ངོར་འུར་སྒྲ་ཆེན་པོ་གྲག །སྤྲིན་གུག་དཀར་པོ་ཞིག་དབུ་ཐོག་ཏུ་ཡལ་མ་ཐག་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་བྱོན་ནས་དབུགས་ཕྱུང་། ལྟས་ཆེན་པོ་དང་བཅས་ནས་བླ་མ་ཐིག་ལེར་ཐིམ་པ་དང་། རྒྱལ་བའི་སྐུར་བཞེངས་པ་དང་རྡོ་རྗེའི་གླུ་དྲི་ལེན་དུ་མ་མཛད་ཅིང་སྒྲོལ་མས་དབུགས་ཕྱུང་། དབྱུག་གུའི་ཚེས་བཞི་ནས་དགུའི་བར་དུ་ཐུབ་པ། སྒྲོལ་མ། བདེ་མཆོག །མཁའ་འགྲོ། བླ་མ་རྣམས་ཀྱིས་ལུང་བསྟན་བསྐུལ་ཏེ་བཞུགས་པར་ཞུས། བདེ་གཤེགས་བརྒྱད་ཀྱིས་དབུགས་ཕྱུང་། བཅུ་ལ་ནང་གི་ལྷ་ཚོགས་ཐམས་ཅད་ཚོགས་འཁོར་མཛད། བཅུ་གཅིག་བླ་མ་སྐུ་ཅུང་ཟད་བསྙུན་པར་བསྟན། བཅུ་གསུམ་ལ་སྐུའི་བཀོད་པས་ཕྱོགས་ཐམས་ཅད་བཀང་སྟེ་ཐིག་ལེར་བསྡུ་བ་དང་བཞེངས་པར་བསྟན། བཅུ་བཞི་ལ་སངས་རྒྱས་འོད་དཔག་མེད་ལ་སོགས་པ་ཐམས་ཅད་བྱོན་མཆོད་པ་ཤོམས། ཁོ་བོ་འཆི་བར་གདའ་ལྷན་སྐྱེས་ཀྱི་ལྷ་ཡང་ངུ་ཞིང་འདུག་གསུངས་ཏེ། འབྲོམ་གྱིས་ལྷ་དང་གནོད་སྦྱིན་ལ་སོགས་པ་ཕྱོགས་ཀུན་ནས་མྱ་ངན་བྱེད་པ་གཟིགས་པས་ཅུང་ཟད་བརྒྱལ། བླ་མ་དང་སྒྲོལ་མས་དབུགས་ཕྱུང་ཞིང་། ཁྱོད་ཀྱི་དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། ཨ་མེས་བྱང་ཆུབ་ཀྱིས་མགོ་བྱས་ཐ་མལ་གྱི་རྣམ་རྟོག་མི་རྒྱུ་བའི་དགེ་སློང་བཞི་སྡེ་ལ་འཚོ་བ་དྲོངས། འདུལ་བ་འཛིན་པའི་དགེ་འདུན་གྱི་སྡེ་ཞིག་ཚུགས། ང་ཟེར་བ་ཡིན་གྱིས་ལ་ཁྱོད་རང་གཉེར་བ་བྱེད་ལོ་གྱིས་དང་། འདི་ལ་བྱེད་པ་པོ་གཅིག་འོང་གིས་གསུངས། སངས་རྒྱས་རྣམས་ཀྱིས་དབུགས་ཕྱུང་། བླ་མ་དང་སངས་རྒྱས་ཐམས་ཅད་ཐིག་ལེར་གྱུར་པའི་ཐིག་ལེ་འབྲོམ་གྱི་ཐུགས་ཀར་ཐིམ། ཅི་ཞིག་ན་གཟུགས་སྐུར་བཞེངས་སོ། །ཉ་ལ་འབྲོམ་ལ་ཡེར་པའི་བྲག་རི་འགྱེལ་བ་དང་། ཇོ་བོ་ལ་ས་གཞི་བར་སྣང་འབྲོམ་གྱི་སྲས་ཀྱིས་གང་བར་རྨིས་ཏེ་དྲི་ལན་མཛད། མཐར་ཡབ་སྲས་དབྱེར་མེད་དུ་ཐིག་ལེར་གྱུར་པ་ལས་སླར་སོ་སོར་བཞེངས་སོ། །

དེ་ལྟར་ལོ་གཅིག་དང་ཁྱད་པར་ཁྲུམས་ཀྱི་བཅོ་ལྔ་ནས་དབྱུག་གུའི་བཅོ་བརྒྱད་ཀྱི་བར་ཉིན་རེ་ཞིང་འབྲོམ་གྱི་སྤྲུལ་པ་དཔག་ཏུ་མེད་པས་མྱ་ངན་ལས་མི་འདའ་བར་གསོལ་བ་ལས། སྐུ་དངོས་ཀྱི་གདུལ་བྱ་མེད་པའི་ཕྱིར་བཞུགས་པར་ཞལ་གྱིས་མ་བཞེས་ཀྱང་དེ་སྲིད་དུ་གཟུགས་སྐུའི་སྣང་བརྙན་བསྟན་ལ། ད་དགུང་ལོ་དོན་གསུམ་རྟ་ལོ་དབྱུག་གུའི་བཅོ་བརྒྱད་ལ་བབ་ཚེ། དགེ་བཤེས་པས་ཀྱང་ནོངས་བཟོད་གསོལ་དང་དགེ་བ་བསྔོས་ཏེ། ཇོ་བོ་ཉིད་གཟུགས་སྐུ་སྤྲོ་བ་དང་བསྡུ་བའི་ཆོ་འཕྲུལ་མཐའ་ཡས་པས་དགའ་ལྡན་དུ་གཤེགས་ཤིང་གཞན་ངོར་གདུང་ཙམ་ཞིག་བསྟན་ནོ། །དེ་ཕྱིན་ཐུགས་ཁྲལ་གྱི་ཚུལ་མི་སྟོན་པར་བོད་སྟོན་རྣམས་ཀྱི་མྱ་ངན་སངས། དེ་ནས་དགེ་བའི་བཤེས་གཉེན་གྱིས་གདུང་འཕགས་པ་མྱ་ངན་ལས་འདས་པ་ལྟར་སྦྱོངས་གསུངས་པས་སྙེ་ཐང་ན་མོ་ཆེར་པུར་ཞུགས་ཀྱིས་སྦྱངས། ཀ་བ་ཤཱཀྱ་དབང་ཕྱུག་བྱོན་ནས་དགེ་བཤེས་པས་ལྡེ་མིག་ཐམས་ཅད་ཁོང་ལ་ཕུལ། ཁོང་གིས་ཇོ་བོའི་གདུང་དང་རྒྱ་དཔེ་གསེར་གླིང་པའི་དངུལ་གདུགས་ཅན་སོགས་དགེ་བཤེས་པ་ལ་གནང་། ཁུ་རྔོག་སོགས་གཞན་རྣམས་ལ་གང་འོས་རེ་གནང་སྟེང་སྐུ་བལྡད་ཆེན་པོ་མཛད། བོད་དུ་གཙུག་ལག་ཁང་བཞེངས། བཤེས་གཉེན་པས་ལོ་གཅིག་སྙེ་ཐང་དུ་བཞུགས་ནས་ཇོ་བོའི་པ་ཏྲ་བཏེག་སྡེ་དགེ་སློང་ཚུལ་ཁྲིམས་དག་པ་གཉིས་ཀྱིས་གདུང་སྤྱན་དྲངས། ཁང་ནག་དུ་བ་ཅན་དུ་མ་བཞུགས་པར་གུར་དཀར་དུ་བཞུགས་ཏེ་སྟོད་ལུང་ལ་བྱོན། གནམ་གྱི་བྱེ་མ་ལུང་དུ་གནས་གཞི་མཛད། བཞེད་པ་སྐྱི་སྟོན་ཇོ་ཡེས་ཀྱིས་བཀག །ཞང་ཕྲེང་ཁ་བེར་ཆུང་གིས་སྤྱན་དྲངས་ཏེ་རྭ་སྒྲེང་དུ་ལུག་ལོ་ལ་ཕེབས། ལུང་བསྟན་པའི་གནས་འདི་ཡིན་པར་མཁྱེན། གཉན་གྲོང་ནས་འདོམ་ལྔ་བརྒྱའི་སར་དགོན་པ་གོང་མ་བཏང་སྟེ་ནུབ་ཕྱོགས་སུ་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་ཀྱི་གཟིགས་ཁང་བྱས། དེ་ནས་དགོན་པ་འཛེང་དབང་ཕྱུག་རྒྱལ་མཚན་དང་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་དང་། རྣལ་འབྱོར་པ་བྱམས་པའི་བློ་གྲོས་ཏེ། རྣལ་འབྱོར་པ་བཞིའི་གཟིམས་ཁང་རྣམས་ཡོན་བདག་ཞང་དྲུང་ཕ་བཞི་ཞེས་གྲགས་པ་དགྲ་བཅོམ་ལྷུན་པོ། ཤཱཀྱ་གྲགས། གླ་བ་ཁ་སེར་ཏེ་ཕྲེང་ཁ་བེར་ཆུང་གི་སྲས་བེར་རྒྱུད་བཞིར་གྲགས་པ་སོ་སོས་བྱས། དགོན་པ་འོག་ཏུ་ཀླུ་རྒྱལ་ནེའུ་ལུང་པའི་ཕོ་བྲང་གི་སྟེང་དུ་དགེ་བཤེས་སྟོན་པའི་གཟིགས་ཁང་བཏབ། མེ་བྱ་ལ་དབུ་རྩེ་ཀ་གཉིས་མ་བཏབ་སྟེ། ཇོ་བོའི་གདུང་ཕྱག་དཔེ་རྣམས་དྲེའུ་རིག་པ་ཅན་ལ་བཀལ་ཏེ་བང་བས་ནེའུ་ཅག་ཅིག་ཤང་ཤང་སྐྱེས་པ་ཞིག་ཏུ་ཉལ་ནས་དེར་རྨང་བཏིང་། སྔོན་སེངྒེ་བྲག་ཕུག་ཏུ་མནལ་ལམ་བརྟགས་པས་གསེར་གྱི་མཆོད་རྟེན་གཟིགས་པའང་འདི་ཡིན། དགེ་བཤེས་ཀྱི་ཞལ་ནས། ཇོ་བོའི་གདན་ས་འདི་ལ་ངོ་མཚར་གྱི་རྟགས་མང་པོ་བྱུང་བས་ཁྱེད་རྣམས་ཀྱིས་སྣབས་དང་མཆིལ་མ་སོགས་མ་དོར་ཞིག་གསུངས། ས་འདུལ་ལ་བརྒྱད་སྟོང་འགྲེལ་ཆེན་གསུངས།

ཆུ་མིག་གཉིས་འདུག་པ་སྒྲོམ་དུ་དྲངས། ཤར་རྒྱང་གྲགས་ཀྱི་ས་ནས་གསེར་གཡུ་དངུལ། མཆོང་གི་ཤུག་པ་བཞི་ཀླུས་ཕུལ་ཏེ་དངུལ་མ་གསེར་མ་གཉིས་བཅད། ཤིང་བཟོ་བ་བི་རིས་ཕྱི་ཀ་བ་བཅུ་གཉིས་ནང་ཀ་གཉིས། རྒྱ་ཕིབས་བྲེ་མགྱོགས་ཀྱིས་རྩིག་པའི་གོ་ཆོད་པའི་བཟོ་ཁྱད་པར་ཅན་བྱས། ཁམས་སྟོད་ཀ་བ་བཅུ་གཉིས་ཕུབ་ནས་འདི་མན་ལ་བྱེད་པོ་གཅིག་འོང་གིས་གསུངས་ནས་བཞག །ཕྱག་ཁྲི་མཆོག་གིས་བལ་ཡུལ་ནས་དངུལ་གྱི་བྱང་བུ་བསླངས་ལམ་དུ་སྒྲོལ་མས་སྐྱབས། རྒྱ་གར་གྱི་ལྷ་བཟོ་མཁས་པ་མ་ནུས་དངུལ་གྱི་མཆོད་རྟེན་ནང་དཀྱིལ་འཁོར་གྱི་རྣམ་པར་བྱས་པར་གདུང་རྣམས་བཞུགས། གཟུངས་རྣམས་ཀྱང་དངུལ་གྱི་བྱང་བུ་ལ་ཡི་གེ་བརྐོས་ནས་བཞུགས། འཛིན་མདོ་ཡོན་ཏན་འབར་བྱ་བ་ལ་ཁྱོད་འཇིག་རྟེན་གྱི་ཤེས་པ་ཆེ་བས་འཇིག་རྟེན་བྱེད་ལོ་ཞིག་གྱིས་དང་། ངས་འཇིག་རྟེན་སྤོང་ལོ་ཞིག་བྱེད་གསུངས་ནས་རེས་ཁྱུང་མགོ་ཅན་ལ་སྐོར་བ་མཛད། རེས་ཅི་ཡང་མི་མཛད། ཤངས་སྣབས་དང་སྤྱན་ཆབ་ལྐོག་མ་ན་མར་སླེབས་པ་མི་འཕྱིད་པར། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །སོགས་གསུངས་ཤིང་ཆོས་བརྒྱད་ལ་བཏང་སྙོམས་ཆེན་པོ་མཛད་ཅིང་བཞུགས། ཕྱག་ཁྲི་མཆོག་གིས་མང་སྐོལ་དང་སྤོང་དག་མཛད་ནས་ངའི་གཏམ་འདི་རི་གཟར་གྱི་རྦབ་འདྲ་བ་ཞིག་འོང་སྟེ་བཟོད་པ་མཛོད་ཅིག་གསུངས་ནས། དགེ་བཤེས་སྟོན་པས་མི་ཤེས་ཁོ་ན་མ་གསུང་བར་ཇོ་བོའི་ཆོས་མ་སྦ་བར་ཤོད། ཨ་མེས་ཁྱོད་མི་ཆོས་སུ་ངན་ཏེ་ཇོ་བོའི་ཕྱག་ཕྱི་བཞག་ནས་སྦས་རྒྱ་མཚོའི་གཡོག་བྱེད། ལྷ་ཆོས་སུ་ངན་ཏེ་ཇོ་བོའི་ཆོས་བཞག་ནས་ལྷ་ཆུང་སྟོན་པ་ལ་བདག་མེད་མའི་རྫོགས་རིམ་ཞུས། ཁྱེད་པ་ཏྲ་པ་རྣམས་ཀྱང་ཇོ་བོའི་པ་ཏྲ་བཞག་ནས་རོག་ལྷ་བཟོའི་ཟན་ཟ་བ། ཞེས་སོགས་ཐམས་ཅད་ལ་བཀའ་བབས་ཡམ་མེ་བ་རེ་མཛད་ནས་ཁོ་བོ་ཡང་སང་ནས་མཚམས་བྱེད་པར་ཞུ་གསུང་ཙ་ན། ཤུག་གསེབ་ན་ཕར་སུ་དང་ཡང་གཏམ་མི་མཛད་པར་ཅི་བདེར་བཞུགས་ཏེ་རྣམ་པར་རྟོག་པ་ལས་མཚམས་པོ་ཆེ་བཅད་པར་གདའ། ཕྱིས་སྐུ་ལུས་འདིས་མཁའ་སྤྱོད་དུ་བྱོན་ཏེ་ཤུལ་ན་མཆོད་རྟེན་ཡོད། ཁུ་རྔོག་དང་རོང་པ་མགར་དགེས་ཇོ་བོའི་དངུལ་གྱི་གདུང་ཁང་རེ་མཛད། ལོ་ཙཱ་བས་རས་ཁྲུ་བཅུ་བཞི་པ་ལ་སྐུ་ཚད་ལ་བླ་མ་རྣམས་དང་བོད་སྟོན་དང་རྣམ་ཐར་གྱིས་སྐོར་བ། རྒྱབ་ཏུ་བསྟོད་པ་བརྒྱད་ཅུ་པ་ཡོད་པ་བྲིས།

སྤྱིར་ཇོ་བོ་ལ་སློབ་མ་བྱོན་ཚུལ་ནི། རྒྱ་གར་དུ་ཌོཾ་བྷི་ལས་ལུང་བསྟན་པའི་སྔགས་པ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པའི་དགེ་ཚུལ་དང་། ནག་ཚོས་གཟིགས་པར་ཡང་སྤྱོད་པ་བགྱིད་པར་ཞུ་བའི་དགེ་སློང་དང་། གྲོང་འཇུག་བྱེད་པའི་བྲམ་ཟེ་གཟིགས་པ་དང་། མཆིམས་ཕུར་ཏིང་ངེ་འཛིན་གཟིགས་འབུལ་བའི་དགེ་སློང་གཉིས་སོགས་བྱུང་བས་གྲུབ་ཐོབ་སྦས་པའི་རྣལ་འབྱོར་ནི་མཐའ་མི་མངོན་པ་ཡོད་པར་སྣང་ལ། ཚུར་མཐོང་གི་སྤྱོད་ཡུལ་དུ། བི་ཏོ་པ། དབུ་མ་སེངྒེ །བཤེས་གཉེན་གསང་བ། ཛྙཱ་ན་མ་ཏི། ཕྱི་ནང་ཤན་འབྱེད་པ་ལ་མཁས་པ་སའི་སྙིང་པོ་སྟེ་རྒྱ་གར་གྱི་པཎ་ཆེན་དེ་རྣམས་གཙོ་བོ་ཡིན་ལ། སྤྱིར་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་ཚད་མར་བཀུར་ཞིང་ལུང་ལེན་པའི་གནས་བྱེད་དོ།།

བོད་དུ་ནི་ཞལ་མཇལ་དང་གུས་པ་མ་བྱས་པ་སུ་ཡང་མེད་ཀྱང་གཙོ་བོར་ལྷ་བླ་མ་ཁུ་དབོན། ལོ་ཆེན་རིན་བཟང་། རྒྱ་བརྩོན་སེང་། ནག་ཚོ། སྟོན་པ་ཡང་རབ། སྒོམ་པ་ཚུལ་ཁྲིམས། བཙུན་པ་དགེ་སྐྱོང་། དགེ་བློ། ཤཱཀ་བློ། གཟུས་རྡོ་རྗེ་རྒྱལ་མཚན་སོགས་མངའ་རིས་པ་དང་། གཙང་དུ་བྲག་སྟོན་ཆེ་ཆུང་། ལེང་འབྲོག་གཉིས། མགར་འགོས་གཉིས། ཡོལ་མཆེད་གསུམ་སོགས་དང་། དབུས་སུ་ཁུ་རྔོག་འབྲོམ་གསུམ་སོགས་དང་། རྣལ་འབྱོར་པ་བཞི་སོགས་ཁམས་པ་སྟེ་བགྲང་གིས་མི་ལང་པ་བྱོན་ཞིང་། རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན་བྱ་བ་ཉན་ཐོས་ཀྱི་སའི་ཡོན་ཏན་ཐམས་ཅད་རྫོགས་ལ་ཕལ་ཆེར་ནི་ཕྱིར་མི་ལྡོག་པ་སྟེ་རེ་རེས་ཀྱང་བསྟན་པའི་བྱ་བ་ཆེར་མཛད་ལ། བཀའ་བརྒྱུད་ཀྱི་གཞུང་ཚུགས་པ་ནི་སྟོན་པ་ཆེན་པོ་ཁོ་ནའོ།།

དགེ་བཤེས་སྟོན་པས་གདན་ས་ལོ་དགུ་མཛད་པའི་བར་ལ་སྐྱུ་ར་གཞོན་འོད། ལྷབ་མེ་ཡེ་ཤེས་གཡུང་དྲུང་། རུག་པའི་ཞང་ཆེན་པོ། ཀམ་ཡུང་པ་བ། ཁམ་པ་ལུང་པ་ལ་སོགས་དང་། ཁྱད་པར་དུ་སྐུ་མཆེད་གསུམ་སྨིན་པར་མཛད་དོ། །དེ་དག་ལས་རིམ་པར་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང་། འཕགས་པ་སྤྱན་རས་གཟིགས་དང་། རྗེ་བཙུན་བྱམས་པ་དང་། འཇམ་པའི་དབྱངས་ལ་སོགས་པ་རྣམ་པར་སྤྲུལ་པའི་དགེ་སློང་དགེ་བའི་བཤེས་གཉེན་དུལ་བ་དང་ཞི་བ་ཉེར་བར་ཞི་བའི་བསླབ་པ་གསུམ་དང་ལྡན་པ། ཁྱད་པར་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་མཛད་པ། ཕྱི་ཉན་ཐོས་ཀྱི་འདུལ་བ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པའི་སྒོ་ནས། འཁོར་དགེ་སློང་སྣམ་སྦྱར་གསོལ་བ་ལྷུང་བཟེད་དང་འཁར་གསིལ་ཅན་བརྒྱ་ཕྲག་དང་སྟོང་ཕྲག་གིས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ནས་ཡུལ་འཁོར་སྣ་ཚོགས་སུ་གཤེགས་ཏེ་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད། དགོན་གནས་གཙུག་ལག་ཁང་མང་པོ་བཏབ་སྟེ་དུས་དེང་སང་གི་བར་དུ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་མངའ་བདག་རིག་པའི་གནས་ལྔ་ལ་མཁས་པ་དང་། འཕགས་པ་སྤྱན་རས་གཟིགས་ཡི་དམ་གྱི་ལྷར་བཟུང་སྟེ་ཐུགས་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཤིན་ཏུ་རྣམ་པར་དཀར་བ་དྲི་མ་མེད་པ་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་བྱང་ཆུབ་སེམས་དཔའི་ཤུགས་བརྒྱད་ལས་སོགས་པ་ཡོན་ཏན་གྱི་ཚོགས་མངོན་དུ་གྱུར་ཏེ། སེམས་ཅན་གྱི་ཁམས་ནམ་མཁའི་མཐའ་དང་མཉམ་པ་དངོས་སམ་བརྒྱུད་ནས་ཐེག་པ་གསུམ་གྱི་བྱང་ཆུབ་ལ་ཡང་དག་པར་འགོད་པ་ཇི་སྙེད་ཅིག་བྱུང་ཞིང་། སླད་ནས་ཀྱང་འབྱུང་བར་འགྱུར་རོ།།

དེ་ལྟར་ཇོ་བོ་ཆེན་པོ་རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་རྣམ་པར་ཐར་པ་རྒྱས་པ་འདི་ཤཱཀྱའི་དགེ་སྦྱོང་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་རང་ཉིད་ཀྱི་དད་པའི་གསལ་འདེབས་པའི་ཕྱིར། ཇོ་བོའི་རྣམ་ཐར་འབྲོམ་ཉིད་ཀྱིས་མཛད་པ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཛད་པ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་གསེར་གླིང་གི་ལམ་ཡིག་དང་། བཀའ་གདམས་ཕ་ཆོས་ནོར་བུའི་ཕྲེང་བ་དང་། བུ་ཆོས་རྔོག་དང་ཁུའི་ཞུ་ལན་དང་། འབྲོམ་གྱི་གསུང་བཀའ་གདམས་ལུང་ཆེན་མོ་རྣམས་ལས་འབྱུང་བའི་གླེང་གཞིའི་ལོ་རྒྱུས། ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་གྱི་རིགས་རྣམས་ཟུར་དུ་བཀོལ་ཏེ། རང་བཟོའི་ཚིག་ལྷད་མེད་པ་བྲིས་པས་ཆོས་མཛད་གཞན་ལ་ཡང་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ།།  །།

 

ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣ ནས་ ༢༥༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *