ཅ༽ སྒྲ་སྒྱུར་གྱི་ཐབས་དམ་པ་བཞི་དང་། དེ་དག་གི་གོ་དོན།
དེ་ཡང་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་རྒྱལ་བའི་བཀའ་བསྟན་གྱི་གསུང་རབས་སྒྱུར་སྐབས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་ཇི་ལྟར་སྒྱུར་བའི་ཚུལ་ལ། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཆོས་རྒྱལ་མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་དབོན་སྲས་ཀྱི་སྐུ་རིང་ལ་སྒྱུར་ཚུལ་གྱི་སྒྲ་སྒྱུར་རིག་པའི་གཞུང་ལུགས་སྒྲ་སྦྱོར་བམ་པོ་གཉིས་པ་ལས་གསུངས་པའི་ཡི་གེ་སྒྱུར་བའི་ཐབས་དམ་པ་བཞི་ནི། ༡ སྒྲ་སྒྱུར་དང་། ༢ དོན་སྒྱུར། ༣ ཐད་སྒྱུར། ༤ ཐད་ལོག་ཏུ་བསྒྱུར་བ་དང་བཞི་སྟེ།
༡༽ དངོས་པོ་གང་ཡང་རུང་བའི་མིང་དེ་མི་རིགས་གཞན་གྱི་སྐད་ཡིག་གི་སྒྲ་བཞིན་བོད་ཡིག་ཏུ་ཕབ་པའི་སྒྲ་སྒྱུར་དང་། ༢༽ ཚིག་དོན་གཉིས་ལས་གོ་དོན་གཙོ་བོར་བཟུང་ནས་བསྒྱུར་བའི་དོན་སྒྱུར། ༣༽ ཚིག་དོན་གཉིས་ལས་ཚིག་གཙོ་བོར་བྱས་ནས་བསྒྱུར་བའི་ཐད་སྒྱུར་དང་། ༤༽ ཚིག་འགའ་ཞིག་སྔ་ཕྱི་གོ་རིམ་ལྡོག་ནས་བསྒྱུར་བའི་ལོག་སྒྱུར་དང་བཞི་བཅས་ཡོད།
ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ (1910-1985) ཀྱིས་མཛད་པའི་བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་བོད་ཀྱི་སྐད་དུ་ཇི་ལྟར་སྒྱུར་ཚུལ་སྐོར་ལས[1]། སྒྱུར་བའི་ཚུལ་ལ་དོན་སྒྱུར། ཐད་སྒྱུར། རང་སོར་བཞག་པ་གསུམ་གྱི་ཁྱད་པར་བྱུང་། ཞེས་གསུངས་པ་ལྟར། སྒྲ་སྒྱུར་རིག་པའི་གཞུང་ལུགས་གཏན་ལ་ཕབ་སྟེ་བོད་ལ་སྒྲ་སྒྱུར་རིག་པའི་གཞུང་ལུགས་ཤིག་གསར་གཏོད་གནང་བ་དེས་རང་རིགས་ཀྱི་སྐད་ཡིག་རིག་གནས་གོང་དུ་འཕེལ་བར་ཕྱག་རྗེས་རླབས་ཆེན་བཞག་ཡོད།
དང་པོ། སྒྲ༌སྒྱུར་གྱི་དབྱེ་བ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་ཡིག་སྒྱུར་འཕེལ་རྒྱས་ཀྱི་སྐོར་ལས[2]། སྒྲ་སྒྱུར་ལ་རིགས་གསུམ་ཡོད། ༡ སྐད་རྐྱང་པ་གོ་དོན་འགྲེལ་དཀའ་བའི་རིགས་དང་། བོད་དུ་མེད་པའི་ཤིང་དང་། སྨན། སྲོག་ཆགས། ས་མིང་། གྲོང་ཁྱེར་གྱི་མིང་སོགས་རྒྱ་གར་སྐད་ཐོག་རང་སོར་བཞག་རྒྱུ། ༢ མིང་གཅིག་དོན་མང་པོར་འཇུག་པ་རྣམས་དོན་གཅིག་ཁོ་ནར་བསམས་ནས་བོད་སྐད་དུ་མ་བསྒྱུར་བར་རྒྱ་གར་གྱི་སྐད་རང་སོར་བཞག་རྒྱུ། ༣ གསང་སྔགས་ཀྱི་གཞུང་དོན་བོད་སྐད་དུ་སྒྱུར་སྐབས་གོ་ལོག་ཐེབས་ཉེན་ཡོད་པ་རྣམས་རྒྱ་གར་སྐད་རང་སོར་བཞག་རྒྱུ་བཅས་ཡིན། ཞེས་གསུངས་སོ།།
གཉིས་པ། དོན་འགྱུར་ནི། ཚིག་གཙོ་བོར་བྱས་ཏེ་ཐད་སྒྱུར་བྱས་པ་མིན་པར་གོ་དོན་གཙོ་བོར་བྱས་ནས་བསྒྱུར་བ་ལ་དོན་སྒྱུར་ཞེས་ཟེར་ཞིང་། དོན་སྒྱུར་གྱི་གོ་དོན་ཐད་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་ཡིག་སྒྱུར་འཕེལ་རྒྱས་ཀྱི་སྐོར་ལས[3]། སྒྲ་རིག་པ་དང་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་དང་མི་འགལ་བའི་ཐོག་བརྗོད་དོན་མ་ནོར་བར་སྟོན་ཐུབ་པ་དང་། རྗོད་བྱེད་ཀྱི་ཚིག་གསལ་ཞིང་བོད་མི་རང་ཉིད་ཀྱིས་གོ་བདེ་བ་གཙོ་བོར་བྱ་དགོས་པ་དེ་ཡིན། ཞེས་གསུངས་སོ།།
སྒྲ་སྒྱུར་དང་དོན་སྒྱུར་གྱི་དཔེ་མཚོན་ནི། ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་ (དུས་རབས་13པ།) མཛད་པའི་མཚོ་ཊཱིཀ་[4]ལས། ཚུལ་ཁྲིམས་ཀྱི་སྒྲ་ནི་སཾསྐྲི་ཏའི་སྒྲ་ལས་ཤཱི་ལ་ཞེས་ཏེ། ཤཱི་ལ་ཞེས་པ་དེ། དོན་བསྒྱུར་ན་ཚུལ་ཁྲིམས་ཞེས་སོ། །ཤཱི་ལ་ཞེས་པ་དེ། སྒྲ་བསྒྱུར་ན་བསིལ་ཐོབ་ཅེས་བྱ་སྟེ། ཤཱི་ལ་ཞེས་པ་དེ་ལ་ཤི་ཏ་ཞེས་སྒྲའི་རྐྱེན་བྱིན་ན་བསིལ་བ་ཞེས་སོ། །ལ་བྷ་ཞེས་སྒྲའི་རྐྱེན་བྱིན་ན་ཐོབ་པ་ཡིན་པས་བསིལ་བ་ཐོབ་པ་སྟེ། ཁ་ན་ཐོ་བའི་གདུང་བ་ལས་བསིལ་བ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་སོ།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བའི་ (1504-1566) སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས་[5]ཀྱང་། བྱེ་བྲག་ཏུ། དཱ་ནའི་སྒྲ་ལས་དབུལ་བ་འདོར་བས་སྦྱིན་པ། ཤཱི་ལའི་སྒྲ་ལས་བསིལ་བ་འཐོབ་པས་ཚུལ་ཁྲིམས། ཀྵནྟིའི་སྒྲ་ལས་ཁྲོ་བ་བཟོད་པའི་ཕྱིར་བཟོད་པ། བཱིརྱའི་སྒྲ་ལས་མཆོག་ལ་སྦྱོར་བའི་ཕྱིར་བརྩོན་འགྲུས། དྷྱ་ནཱའི་སྒྲ་ལས་ཡིད་འཛིན་པའི་ཕྱིར་བསམ་གཏན། པྲཛྙཱའི་སྒྲ་ལས་དོན་དམ་ཤེས་པའི་ཕྱིར་ཤེས་རབ་སྟེ། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་འཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་ནི་ལེགས་སྦྱར་གྱི་ཤྲཱི་ལ་ཞེས་པའི་དོན་སྒྱུར་དང་། བསིལ་ཐོབ་ནི་དེའི་སྒྲ་སྒྱུར་རམ་ཐད་སྒྱུར་ཡིན་པ་ལྟ་བུའོ།།
དོན་སྒྱུར་ཇི་ལྟར་བྱེད་ཚུལ་ནི། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ (1910-1985) ཀྱིས་མཛད་པའི་བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་བོད་ཀྱི་སྐད་དུ་ཇི་ལྟར་སྒྱུར་ཚུལ་སྐོར་ལས།[6]། ལེགས་སྦྱར་སྐད་ཀྱི་དོན་དང་མཐུན་པར་བོད་སྐད་དུའང་དོན་དེ་གསལ་བར་རྟོགས་ཐུབ་པའི་མིང་དུ་བསྒྱུར་བ་སྟེ། པཱ་ར་མི་ཏ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པའི་དོན་ནི། དཔེར་ན། ཆུ་ཀླུང་ཆེན་པོའི་ཚུར་རོལ་ནས་ཕ་རོལ་ཏུ་བརྒལ་བའི་དོན་དང་། ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བ་ནི། རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའང་འབྱོར་བའི་དོན་དང་མཐུན་པར་བསྒྱུར་བ་དང་། སཏྭ་ལ་སེམས་དཔར་བསྒྱུར་བ་ནི། གཞན་གྱི་དོན་གྲུབ་པ་གཙོ་བོར་ཡིད་ལ་སེམས་པའི་ཆ་ནས་སེམས་པ་ཞེས་པ་ཡིན་ནའང་། གཞན་དོན་སྒྲུབ་པ་ལ་མི་ཞུམ་པའི་སེམས་དཔའ་བ་དང་ལྡན་པའི་དོན་ཐོན་པ་བྱས་པ་ནི་ལོ་ཙཱ་བ་རྣམས་ཀྱིས་དོན་ཇེ་གསལ་དུ་བཏང་བ་ལྟ་བུ་སྟེ། འདི་དག་ནི་དོན་སྒྱུར་ཇི་ལྟར་བྱས་པའི་ཚུལ་མདོར་བསྡུས་ཙམ་མོ། །ཞེས་གསུངས་པ་ལྟར་རོ།།
དེ་བཞིན་གཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། དོན་སྒྱུར་ཞེས་པ་ནི་དངོས་པོ་དེ་ལ་མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་བཤད་དུ་ཡོད་པའི་རིགས་རྣམས་ཡིན་ཅིང་། དཔེར་ན། རླངས་འཁོར་དང་། རྐང་འཁོར། གློག་བརྙན་དང་། སྒྲ་སྡུད་འཕྲུལ་འཁོར། བརྙན་འཕྲིན་སོགས་ལྟ་བུ་ཡིན། སྒྱུར་སྟངས་ཡག་པོ་ཞིག་བྱུང་ན། དོན་སྒྱུར་དེ་ཤིན་ཏུ་བཟང་སྟེ། མིང་རྐྱང་པ་བརྗོད་པ་ཙམ་གྱིས་དངོས་པོ་དེའི་ཁྱད་ཆོས་སམ་བྱེད་ལས་དེ་ཕྱོགས་ཙམ་བློ་ཡུལ་དུ་འཁོར་ཐུབ་པ་ཡིན། སྔར་བོད་ཀྱི་ལོ་ཙཱ་བ་རྣམ་པས་མདོ་རྒྱུད་རིག་གནས་ཕོན་ཆེན་དེ་འདྲ་ཞིག་བསྒྱུར་བ་མཐའ་དག་བོད་སྐད་དུ་དོན་སྒྱུར་བྱས་པ་ལྟ་བུ་ནི་མི་རིགས་གཞན་སུས་ཀྱང་སྒྱུར་ཐུབ་མེད་པར་གྲགས། ཞེས་ཀྱང་གསུངས་སོ།།
གསུམ་པ། ཐད་སྒྱུར་ནི། ཐད་སྒྱུར་[7]གྱི་མིང་གི་རྣམ་གྲངས་ལ། ཐད་སྒྱུར་དང་། དྲང་ཐད་དུ་བསྒྱུར་བ། སྒྲ་བཞིན་དུ་བསྒྱུར་བ་ཞེས་ཀྱང་བརྗོད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་ཡིག་སྒྱུར་འཕེལ་རྒྱས་ཀྱི་སྐོར་ལས[8]། ཐད་སྒྱུར་གྱི་གོ་དོན་ནི། རྒྱ་གར་སྐད་ཀྱི་གོ་རིམ་དང་མཐུན་པར་བོད་སྐད་དུ་བསྒྱུར་རྒྱུ་དེ་ཡིན། ཞེས་གསུངས་པ་ལྟར། ཐད་སྒྱུར་ནི་ལེགས་སྦྱར་གྱི་སྐད་དོད་རེ་རེ་བཞིན་བོད་སྐད་ལ་ཐད་ཀ་ཐད་སོར་བསྒྱུར་བ་ལ་བྱ་སྟེ། དེ་ཡང་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ (1910-1985) ཀྱིས་མཛད་པའི་བོད་ཀྱི་ལོ་ཙཱ་བ་རིམ་བྱོན་གྱིས་ལེགས་སྦྱར་གྱི་སྐད་བོད་ཀྱི་སྐད་དུ་ཇི་ལྟར་བསྒྱུར་ཚུལ་སྐོར་ལས[9]། ཐད་སྒྱུར་ཇི་ལྟར་བྱས་ཚུལ་ནི། ལེགས་སྦྱར་གྱི་ཡིག་གཟུགས་རེ་རེས་དོན་ཅི་སྟོན་བོད་ལའང་དེ་དང་མཐུན་པར་ཐད་ཀ་ཐད་སོར་བསྒྱུར་བ་སྟེ། པྲ་ཛྙཱ་ཞེས་པ་ཤེས་རབ་ཡིན་ལ། པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙཱ་ཤེས་པ་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་བརྗོད་པ་མི་བདེ་བས་ཤེས་རབ་ཏུ་བསྒྱུར་བ་དང་། སུ་དྷཱི་ཞེས་པ་བློ་བཟང་སྟེ་སུ་བཟང་པོ་དང་། དྷཱི་ནི་བློ་སྟེ་བཟང་བློ་ཞེས་བརྗོད་མི་བདེ་བའི་དབང་གིས་བློ་བཟང་ཞེས་བསྒྱུར་བ་དང་། རིན་པོ་ཆེ་ཨིནྡྲ་ནཱི་ལ་ཞེས་པ་དབང་སྔོན་ཏེ་ཨིནྡྲ་ནི་དབང་པོ་དང་། ནཱི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་བ་སྟེ་འདི་ལྟ་བུའི་སྒོ་ནས་ཐད་སྒྱུར་བྱས་པའི་ཚུལ་གྱིས་གོ་བར་བྱའོ། །ཞེས་གསུངས་སོ།།
བཞི་པ། ལོག་སྒྱུར་ནི། མཚོ་ཊཱིཀ་སོགས་སུ་ལོག་འགྱུར་ཞེས་འབྱུང་སྟེ། དེ་ཉིད་ལས། དེ་ནི་སྒྲ་ལོག་འགྱུར་དུ་བསྒྱུར་བའོ། །ཞེས་གསུངས་པ་ལྟར། སྒྲ་ལོག་སྒྱུར་ཏེ། ཚིག་འགའ་ཞིག་ལྟག་འོག་གོ་ལྡོག་སྟེ་བསྒྱུར་བ་ལ་ཟེར། དཔེར་ན། གང་ཡིན་ཞེས་པའི་ཚིག་འདི་སཾ་སྐྲི་ཏའི་སྒྲ་ལ་ཆོ་གའི་ཚིག་གི་དང་པོ་ན་ཡོད་ཀྱང༌། སྒྲ་ལོག་སྒྱུར་དུ་བསྒྱུར་བས་བོད་དཔེ་ལ་ཆོ་གའི་ཚིག་གི་ཐ་མར་སོང་བ་ལྟ་བུའོ། །ཞེས་དང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་ཡིག་སྒྱུར་འཕེལ་རྒྱས་ཀྱི་སྐོར་ལས[10]། ཐད་ལོག་བསྒྱུར་བའི་གོ་དོན་ནི། རྒྱ་གར་སྐད་ཀྱི་གོ་རིམ་ལྟར་བསྒྱུར་ན་བརྗོད་བྱའི་དོན་མི་གསལ་བའམ། གོ་ལོག་ཐེབས་ཉེན་ཡོད་པ་རྣམས་གོ་རིམ་བརྗེས་ནས་བོད་མི་རང་ཉིད་ཀྱིས་གོ་བདེ་བ་ཞིག་ཏུ་བསྒྱུར་བ་དེ་ཡིན། ཞེས་གསུངས་སོ།།
ལོག་སྒྱུར་ལ་བསྣོར་སྒྱུར་ཞེས་ཀྱང་བྱ་སྟེ། བསྣོར་འགྱུར་ནི་རྒྱ་གར་གྱི་སྐད་དེ་བོད་སྐད་ལ་གོ་བདེར་མཚོན་ཕྱིར་ཚིག་དང་ཡི་གེ་སྔ་ཕྱིའི་གོ་རིམ་བསྣོར་ནས་བསྒྱུར་བ་ལ་བྱ་ཞིང་། དེ་ལ་ཡང་སྒྲ་སྦྱོར་བམ་གཉིས་ལས[11]། དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་བསྣོར་བ་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག །བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའམ། དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོར་ཞིང་སྒྱུར་ཅིག །རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དོན་གཉིས་ཀ་ལ་གར་བདེ་བ་བསྣོར་ཞིང་སྒྱུར་ཅིག །ཅེས་སྒྱུར་བྱེད་ཀྱི་ཚིག་དོན་ལ་འབྲེལ་ཆགས་པའམ་བརྗོད་བདེ་བའི་ཆེད་དུ་བསྒྱུར་བྱའི་ཚིག་དང་ཡི་གེའི་གོ་རིམ་རྣམས་ཅི་བདེར་བསྣོར་ཞིང་བསྒྱུར་ཆོག་པར་བསྟན་པ་དང་། ཙ་ཏུཨཱརྱསཏྱ་ཞེས་བྱ་བ་ཙ་ཏུ་ནི་བཞི། ཨཱརྱ་ནི་འཕགས་པ་སཏྱ་ནི་བདེན་པ་སྟེ། ཐད་ཀར་བསྒྱུར་ན་བཞི་འཕགས་པའི་བདེན་པ་ཞེས་པར་གྱུར་པས་གོ་དཀའ་བར་མ་ཟད། བརྗོད་ཀྱང་མི་བདེ་བས་དེ་དག་གི་གོ་རིམ་བསྣོར་ནས་འཕགས་པའི་བདེན་པ་བཞི་ཞེས་བསྒྱུར། པཱུརྦ་བི་དེ་ཏ་ཞེས་བྱ་བ་པཱུརྦ་ནི་ཤཪ་ཕྱོགས་ལ་བྱ། བི་ནི་བིཤིསྟ་སྟ་བྱེ་བྲག་ཏུ་འཕགས་པ་དང་བཟང་པོ། དེ་ཧ་ནི་ལུས་ཏེ། བརྗོད་བདེ་བའི་ཆེད་དུ་དེ་དག་གི་གོ་རིམ་ལྡོག་ནས་ཤར་ལུས་འཕགས་གླིང་ཞེས་བསྒྱུར། དེ་བཞིན་ཚིགས་བཅད་སོགས་ཀྱི་གོ་རིམ་བསྣོར་ནས་བསྒྱུར་བའང་མང་དུ་ཡོད་མོད། ཡིག་ཚོགས་ཆེ་དོགས་པས་ལེགས་སྦྱར་བང་མཛོད་སོགས་ལ་གཟིགས་པར་ཞུའོ།།
ལྔ་པ། རང་སོར་བཞག་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་[12]ལས། ལེགས་སྦྱར་སྐད་རང་སོར་འཇོག་པ་ལ། མིང་གཅིག་དོན་མང་ལ་འཇུག་པ་རྣམས་ཐ་སྙད་གཅིག་གི་ནང་དུ་བརྗོད་དོན་ཡོངས་རྫོགས་འདུ་མི་ཐུབ་པས། དོན་གཅིག་ཁོ་ནར་བསམས་ནས་མི་བསྒྱུར་བར་ལེགས་སྦྱར་སྐད་རང་སོར་འཇོག་པ་དང་གཅིག།
རྒྱ་གར་གྱི་ཡུལ་དང་། སེམས་ཅན། མེ་ཏོག །རྩི་ཤིང་། སྲོག་ཆགས་སོགས་བོད་ལ་མེད་རིགས་རྣམས་ཀྱི་མགོར་ཡུལ་དང་། མེ་ཏོག་ཅེས་པ་ལ་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་བསྣན་ནས་རྒྱ་གར་སྐད་རང་སོར་འཇོག་པ་དང་གཉིས།
སྤྱིར་གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་སྟེ། སྣོད་མིན་ལ་གསང་ཞིང་སྦས་པས་སྒྲུབ་པ་དང་། ཐབས་ཤེས་ཁྱད་པར་ཅན་གྱིས་ཡིད་ཐ་ལམ་གྱི་སྣང་ཞེན་ལས་སྐྱོབ་བྱེད་ཀྱི་ཐབས་ལམ་ཞིག་ཡིན་པས། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་མི་རུང་ལ། གལ་ཏེ་དེ་དག་བོད་ལ་བསྒྱུར་ཅིང་བསྟན་ན་ཕྱིན་ཅི་ལོག་ཏུ་སྤྱོད་པའི་མི་ཡང་འབྱུང་སྲིད་པས་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་འཇོག་པ་དང་གསུམ།
གྲགས་པ་བཙན་ཕྱིར་རང་སོར་འཇོག་པ་དང་རིགས་བཞི་ཡོད་ཅིང་། སྒྲ་སྦྱོར་བམ་པོ་གཉིས་པ་ལས[13]། རྒྱ་གར་སྐད་སོ་ན་ཞོག་ཅིག །ཅེས་པའི་ཚིག་ལན་དུ་མར་བྱུང་ཞིང་། དེ་ལས་དེང་སྐབས་ཡོངས་གྲགས་ཀྱི་སྒྲ་སྒྱུར་དང་ཡིག་སྒྱུར་གྱི་ཐབས་གཉིས་ཀ་མཉམ་དུ་བསྟན་ཡོད་པར་སྣང་སྟེ། རང་རེའི་ལོ་རྒྱུས་སྟེང་། བཛྲ་ལ་འབའ་འཛར་དང་། པྲཛྙ་ལ་པར་འགྱའ་སོགས་རྒྱ་གར་སྐད་ཀྱི་སྒྲ་གདངས་ཇི་ལྟར་འཐོན་པ་ཙམ་འབྲི་བའི་སྒྲ་སྒྱུར་དངོས་གནས་པ་དར་མྱོང་བར་མ་ཟད། རྒྱ་གར་དབྱངས་གསལ་རྣམས་སློབ་དཔོན་ཐོན་མིས་ཐང་ཡིག་ཏུ་ཕབ་པ་སྟེ། བོད་ཡིག་གི་གཟུགས་དོད་ཀྱིས་མཚོན་པར་བྱས་པའི་ཡི་གེའི་སྦྱོར་སྟངས་ལེགས་སྦྱར་གཙང་སང་ཇི་ལྟ་བ་བཞིན་འབྲི་བའི་སྒྲ་སྒྱུར་གྱི་ཐབས་དམ་པའང་བྱུང་ཡོད་པའི་ཕྱིར་རོ།།
རྒྱ་གར་གྱི་སྐད་རང་སོར་འཇོག་དགོས་པའི་རིགས་བཞི་པོ་དེ་དག་གི་སྟེང་དུ། བོད་ཀྱི་ལོ་ཙཱ་བའི་བྱ་བར་མ་གྲགས་པ་ཞིག་སྟེ། དགེ་བ་འཕེལ་ཕྱིར་རང་སོར་འཇོག་དགོས་པ་དེ་ཉིད་བསྣན་ན། སྡེ་སྣོད་འཛིན་པ་རྒྱའི་བཙུན་པ་ཐང་སན་བླ་མས་རྒྱ་གར་སྐད་རང་སོར་འཇོག་དགོས་པ་རིགས་ལྔ་བསྟན་པ་དང་ཀུན་ནས་མཚུངས་པས། གནའ་རབས་རྒྱ་བོད་ཀྱི་ལོ་ཙཱ་བ་མཁས་པ་རྣམས་ཀྱིས་ཐུན་མོང་གི་ངེས་ཤེས་འདི་ལྟ་བུ་རྙེད་པ་ཤིན་ཏུ་ངོ་མཚར་ཆེ་ཞིང་། དེ་ལ་ཚན་རིག་གི་རང་བཞིན་ཅི་ཙམ་ཡོད་ཚུལ་དང་། ལོ་ཙཱ་བའི་བྱ་བ་སྤྱི་ལ་ཡོད་པའི་ཆོས་ཉིད་ཅིག་ཡིན་ཚུལ་ཡང་ཤིན་ཏུ་གསལ་ལོ།།
རྒྱ་གར་སྐད་རང་སོར་བཞག་པ་ལ་སྒྲ་དོན་གཟུགས་ (འདིའི་གཟུགས་ནི་ཡི་གེའི་གོང་འོག་བརྩེགས་མ་སོགས་སྦྱོར་ཚུལ་ལེགས་སྦྱར་བཞིན་མ་འགྱུར་བ་ཙམ་ལ་བྱ་ཡི། དབྱངས་གསལ་རེ་རེ་བའི་གཟུགས་ལ་མི་གོ་འོ།།) གསུམ་རང་སོར་བཞག་པའི་ཡིག་སྒྱུར་དང་། སྒྲ་དོན་རང་སོར་བཞག་པའི་སྒྲ་སྒྱུར་གཉིས་ཡོད་པར་མ་ཟད། མིང་གི་ཆ་ཕྱེད་ཡིག་སྒྱུར་དང་ཆ་ཕྱེད་དོན་སྒྱུར་བྱས་པའི་ཡིག་དོན་ཟུང་འབྲེལ་དང་། ཆ་ཕྱེད་སྒྲ་སྒྱུར་དང་ཆ་ཕྱེད་དོན་སྒྱུར་བྱས་པའི་སྒྲ་དོན་ཟུང་འབྲེལ་གྱི་ཐབས་གཉིས་ཀྱང་ཡོད་པ་ལས། དང་པོ། ཡིག་དོན་ཟུང་འབྲེལ་ལ་ཡང་ཆ་ཕྱེད་དོན་སྒྱུར་བྱས་པའི་ཡིག་དོན་ཟུང་འབྲེལ་དང་སྣོན་སྒྱུར་བྱས་པའི་ཡིག་དོན་ཟུང་འབྲེལ་གཉིས་ཡོད་པ་ལས། དང་པོ་ནི།
རྒྱ་གར་སྐད་ལངྐ་པཱུ་རི་ལ། །པཱུ་རིའི་སྒྲ་ནི་གྲོང་ཁྱེར་ཡིན། །
བོད་སྐད་ལངྐའི་གྲོང་ཁྱེར་ཏེ། །ལྷོ་ཕྱོགས་རྒྱ་མཚོའི་གླིང་ན་ཡོད། །
ཅེས་ས་པཎ་མཁས་འཇུག་ལས་[14]འབྱུང་བ་ལྟར་ལངྐའི་གྲོང་ཁྱེར་ལྟ་བུ་ནི་སྔ་མ་དང་། ཤིང་ནྱ་གྲོ་ཏ། རི་དྭགས་ཨེ་ཎ་ཡ་ལྟ་བུ་མགོ་ལ་ཤིང་དང་རི་དྭགས་ཞེས་པ་སོགས་བསྣན་པ་རྣམས་ནི་ཕྱི་མའོ།།
གཉིས་པ། སྒྲ་དོན་ཟུང་འབྲེལ་གྱི་ཡིག་གཟུགས་ཅུང་ཟད་རེ་འགྱུར་བ་ལྟར་གླེགས་བམ་གྱི་གཞུང་རྣམས་སུ་བཀོད་པའི་སྐོར་ཏེ། ཛབྨུ་དཱི་པ་ཞེས་བྱ་བ་འཛམ་བུའི་གླིང་དུ་འབོད་པ་ནི་དཱི་པ་གླིང་དུ་བསྒྱུར། ཛམྦུ་ཁ་ལ་བདེ་ཆེད་སྔོན་འཇུག་འ་སྦྱར། བརྩེགས་མ་ཕྲལ། རྣམ་དབྱེ་འབྲེལ་སྒྲ་སྦྱར་ནས་བོད་ཡིག་གི་འགྲོ་སྟངས་ལྟར་འཛམ་བུའི་གླིང་ཞེས་སུ་གྲུབ་པ་ལྟ་བུ་རྣམས་སོ།།
དེ་བཞིན་ལེགས་སྦྱར་གྱི་སྐད་རང་སོར་བཞག་པ་ནི། ལེགས་སྦྱར་གྱི་སྐད་བོད་སྐད་དུ་བསྒྱུར་ན་གོ་སླ་བར་མི་འགྱུར་བའི་རིགས་སྔགས་སྐད་རང་སོར་བཞག་པའི་ཚུལ་ལ་གཉིས་ལས། དང་པོ། ཡིག་གཟུགས་ཅུང་ཟད་ཀྱང་མ་གྱུར་བར་རང་སོར་བཞག་པའི་སྐོར་ལ། དཔེར་ན། ཆུ་ལས་སྐྱེས་པའི་མེ་ཏོག་པདྨ། འདབ་མའི་དཀྱུས་ཕྲ་ཞིང་རིང་བའི་མེ་ཏོག་ཨུཏྤལ། དྲི་ཞིམ་གྱི་ངད་ལྡང་བའི་སྡོང་པོ་ཙནྡན། རྭ་ཅོ་དང་འདྲ་བའི་སྦུབས་སུ་སྐྱེས་པའི་མེ་ཏོག་ཙམྤ་ཀ །གླང་ཆེན་ཁ་འབབ་ཀྱི་ཆུ་ཀླུང་ཆེན་པོ་གངྒཱ་ཞེས་པ་ལྟ་བུ་རྣམས་ནི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ཡིག་དོན་ལྟར་བསྒྱུར་ན་འགངས་མི་ཆེ་བར་བསམས་ནས་ཡིག་གཟུགས་ཀྱང་མ་འགྱུར་བར་བཀོད་པ་ཤུགས་ཆེ་བ་དང་། གལ་ཏེ་བསྒྱུར་ན་གངྒཱ་ཞེས་པ་འགྲོ་ལྡན་མར་བསྒྱུར་ཆོག་ཀྱང་། དེ་ལྟར་མ་བསྒྱུར་བར་རང་སོར་བཞག་པའི་དགོས་པ་ནི་གངྒཱ་ཞེས་བརྗོད་ན་ཀུན་གྱིས་རྟོགས་སླ་བ་དང་། འགྲོ་ལྡན་མ་ཞེས་བསྒྱུར་ན་མངོན་བརྗོད་ཀྱི་ཚུལ་དུ་གྱུར་པས་ཀུན་གྱིས་རྟོགས་དཀའ་བའི་དབང་གིས་ཡིན་ནོ།།
གཞན་ཡང་མཚོ་ལས་སྐྱེས་པའི་པདྨ་དང་། དྲོ་སར་སྐྱེས་པའི་ཙམྤ་ཀ་སོགས་བོད་བསིལ་བའི་ཡུལ་དུ་མི་སྐྱེ་བའི་དབང་གིས་ཀྱང་བོད་རང་ལ་དེའི་མིང་བརྡ་མ་བྱུང་བའི་རྒྱུ་མཚན་གྱིས་བོད་སྐད་དུ་བསྒྱུར་བ་ལས། ལེགས་སྦྱར་སྐད་དུ་རང་སོར་བཞག་ན་གོ་སླ་བའི་དགོས་པ་ཡོད་དོ། །ཀེའུ། ལ་ཕུག །སྐེ་ཚེ་སོགས་རྒྱ་ནག་གི་སྐད་སོར་བཞག་བྱས་པ་རིམ་གྱིས་ཟུར་ཅུང་ཟད་ཆག་པ་དེ་ད་ལྟ་བོད་རང་གི་སྐད་མཚན་ཉིད་པར་གྱུར་ཟིན་པར་མ་ཟད། དག་ཡིག་རྣམས་སུའང་དེ་ལྟར་བཀོད་པས་མཚོན་ནོ། །དཔེ་དེ་དང་འདྲ་བ་ནི་རྒྱ་ནག་ལ་མེད་པའི་རྩམ་པ་དང་། གཡག །གངས་ཏི་སེ། ཡར་ཀླུང་གཙང་པོ་རྣམས་ཀྱི་མིང་ཡང་ཟུར་ཅུང་ཟད་ཉམས་ནས་འབོད་པའི་ཐ་སྙད་རྒྱ་ནག་ལ་དར་སོ་ཆེ་བ་བཞིན་ནོ།།
བོད་ཀྱི་གདངས་ལ་ཡང་སྔགས་སྐད་ཟུར་ཕྱིན་པ་ཐོན་མི་ཐོན་ཅི་རིགས་ཡོད་ཀྱང་། ཡི་གེ་ལ་སྔགས་ཡིག་ཇི་མ་ཇི་བཞིན་པ་འབྲི་ཐུབ་པའི་གནད་ནི་གོང་སྨོས་ལྟར་བོད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་དབྱངས་གསལ་ལ་ཐུག་པ་དེ་ག་ཡིན་ལ། རྒྱ་ནག་སྐད་ཀྱི་གདངས་ལ་སྔགས་ཡིག་གི་གདངས་ཇི་བཞིན་ཐོན་ཐབས་མེད་པ་ནི་རྒྱ་ནག་གི་སྐད་ཡི་གེ་ལ་སྔགས་ཀྱི་གདངས་འགའ་རེར་ཇི་ལྟར་བྱས་ཀྱང་ཐོན་ཐབས་མེད་དེ། དཔེར་ན། ཨ་མི་ཏ་བྷ་འོད་དཔག་མེད་ལ་ཨ་མིས་ཐོ་ཧྥོ་དང་། རྗེ་བཙུན་བྱམས་པ་མཻ་ཏྲི་ལ་མུས་ལེ་དང་། ག་ཡི་ཞེས་པ་འོད་སྲུང་ལ་ཀྱ་ཡ་དང་། མཆོག་ཟུང་ཤ་རིའི་བུ་ལ་ཧྲེ་ལིས་ཙི་དང་། ཨ་ནནྟ་ཀུན་དགའ་བོ་ལ་ཨ་ནན་ཐོ་སོགས་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བཀའ་བསྟན་ནང་དུ་བསྒྱུར་ཡོད་པ་ལྟར་རོ།།
གཉིས་པ། ཀལྤ་ཞེས་པ། དུས་རིང་མོའི་མིང་ལ་བསྐལ་པ་ཞེས་སྔོན་འཇུག་བ་དང་ས་མགོ་སྦྱར་བ་དང་། ཀཏྥུར་ཞེས་པ་ཡི་གེ་ཕྲལ་བ་ཙམ་དུ་མ་ཟད་ཡིག་གཟུགས་འགྱུར་བའི་ག་བུར་དང་། ཀུངྐུ་མ་ཞེས་པ་གུར་གུམ་དུ་འགྱུར་བ་དང་། སིངྷ་ཞེས་པ་སེང་གེའམ་སེངྒེ་རུ་འགྱུར་བ་དང་། པུསྟི་ཀ་ཞེས་པ་གླེགས་བམ་སྟེ་པོ་ཏི་རུ་འགྱུར་བ་སོགས་འདི་འདྲ་བགྲང་གིས་མི་ལང་བ་ཡོད་པས། འདིར་འགའ་རེ་དཔེར་བརྗོད་པ་ཙམ་གྱིས་གཞན་རྣམས་ཀྱང་མཚོན་པར་བྱའོ། །ཞེས་གསུངས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཚེ་ཏན་ཞབས་དྲུང་གི་གསུང་འབུམ། ༼༦༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༧
[2] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༡༩
[3] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༡༩
[4] མཚོ་ཊཱིཀ །དགའ་ལྡན་བྱང་རྩེའི་དཔེ་མཛོད་ཁང་། ཐེ་ཝན་པར་མ། དེབ་གཟུགས་སྟོད་ཆ། ཤོག་གྲངས་ ༢༠
[5] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། བཀའ་བརྒྱུད། ༼༨༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༤༥༥
[6] ཚེ་ཏན་ཞབས་དྲུང་གི་གསུང་འབུམ། ༼༦༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༧
[7] གནས་བརྒྱད་ཆེན་མོར་སྒྲ་དྲང་ཐད་དུ་བསྒྱུར་པ་ཞེས་འབྱུང་བ་དང༌། དེ་བཞིན་དུ་དཔལ་ཁང་ལོ་ཙཱ་བས་མཛད་པའི་བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བའི་རང་འགྲེལ་བརྡ་སྤྲོད་སྙིང་པོ་ཆེས་ཆེར་གསལ་བ་ལས་ཀྱང༌། དྲང་ཐད་དུ་བསྒྱུར་པ་ཞེས་འབྱུང་ཞིང༌། ཕྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ལ་སོགས་པའི་མཁས་པ་རྣམས་ཀྱི་གསུང་དུ་ཐད་སྒྱུར་ཞེས་བྲིས་པ་ལས་རིམ་བཞིན་ཐད་སྒྱུར་ཞེས་པའི་ཐ་སྙད་འདི་དར་ཁྱབ་ཆེ་བ་བྱུང་བ་ལོ་རྒྱུས་སུ་སྣང༌། ཁོང་གཉིས་ཀྱིས་ཀྱང་ཀུན་མཁྱེན་མཚོ་སྣ་བའི་མཚོ་ཊཱིཀ་སོགས་མཁས་པ་སྔ་མའི་གསུང་ལ་གཞི་བྱས་པར་སྣང་ངོ༌།།
[8] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༢༠
[9] ཚེ་ཏན་ཞབས་དྲུང་གི་གསུང་འབུམ། ༼༦༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༧
[10] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༢༠
[11] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༡
[12] ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༩༧ ལོའི་འདོན་ཐེངས་ ༣ པ། ཤོག་གྲངས་ ༤༠
[13] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༢
[14] ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། ༼༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༨༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༧ ནས་ ༣༩༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།