བཅུ་དྲུག་པ། སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར། ཀ༽ མཚན་དོན་དང་མཚན་གྱི་ཐོག་མའི་བྱུང་བ།

བཅུ་དྲུག་པ། སློབ་དཔོན་ཤཱཀྱ་འོད་ ༼ཤཱཀྱ་པྲ་བྷ།༽ ཀྱི་རྣམ་ཐར།

ཀ༽ མཚན་དོན་དང་མཚན་གྱི་ཐོག་མའི་བྱུང་བ།

 

དེ་ཡང་མཉམ་མེད་རྗེ་བཙུན་རེད་མདའ་བ་ (1349-1412) ཆེན་པོས་མཛད་པའི་མཁའ་མཉམ་མ་ལས[1]།

ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །

འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །

རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །

མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །

ཞེས་པའི་བསྟོད་ཕྱག་མཛད་ཡུལ་མཆོག་གཉིས་ཏེ། བསྟན་པའི་རྩ་བ་མཆོག་ཏུ་གྱུར་པ་འདུལ་བའི་སྡེ་སྣོད་ལ་ཤིན་ཏུ་མཁས་པའི་སློབ་དཔོན་ཡོན་ཤཱཀ་རྣམ་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ཀྱི་ལེགས་སྦྱར་གྱི་མཚན་ལ་ཤཱཀྱ་པྲ་བྷ་ (शाक्यप्रभा,) (Sakyaprabha) དང་། རྒྱའི་སྐད་དུ་ (釋迦光) ཞུ་ཞིང་། ལེགས་སྦྱར་གྱི་ཤཱཀྱ་པྲ་བྷ་ཞེས་པ་བོད་གངས་པའི་སྐད་དུ་བསྒྱུར་ན། ཤཱཀྱ་ནི་ལེགས་སྦྱར་སྐད་དུ་རིགས་ཀྱི་མཚན་ཡིན་པས་ལེགས་སྦྱར་རང་སོར་བཞག་པ་ཞིག་དང་། པྲ་བྷ་འོད་དེ་ཤཱཀྱ་འོད་ཅེས་ཞུ། དེ་ཡང་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[2]།

ཤཱཀྱ་མཆོག་གི་བསྟན་པ་ཡི། །རྩ་བར་གྱུར་པ་གང་དང་གང༌། །

གསལ་མཛད་ཉི་མ་ལྟར་འབར་བ། །འོད་སྟོང་ལྡན་པ་དེར་ཕྱག་འཚལ། །

ཞེས་བསྟོད་ཕྱག་མཛད་པ་ལྟར་ཤཱཀྱ་ཞེས་པ་ནི། ཕོད་པའམ་ནུས་པའི་དོན་ཡིན་པར་[3]གསུངས་ཤིང་། ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་ལམ་རིམ་བརྡ་བཀྲོལ་ལས[4]། ཤཱཀྱ་ཞེས་པ་ནི། ཤ་ཀི་ནུས་པ་ལའོ། །ཞེས་པའི་བྱིངས་ལ་རྗེས་འབྲེལ་ཨི་ཕྱིས། པུ་ཤ་ཀ་ལས་སོ། །ཞེས་པས་ཀྲིཏ་རྐྱེན་ཡ་བྱིན་པས། ཤཱཀྱ་ཞེས་པ་ནུས་པའི་དོན་ལ། བུ་བརྒྱུད་ལ་ཨཎ་འོས། ཨ་རྐྱེན་སྦྱར། དབྱངས་དང་པོ་འཕེལ། ཎ་འཕེལ་བའི་དོན་དང་། རྟགས་མཐའི་ཨ་ཕྱིས། དྲངས་པས་ཤཱཀྱ་སྟེ། བསྒྱུར་ན་ནུས་པའི་རྒྱུད་དམ་ཕོད་པའི་རྒྱུད་ཅེས་པ་ཡིན། ཞེས་གསུངས་ལ། དངུལ་ཆུ་དྷརྨ་བྷ་དྲས་ (1772-1851) མཛད་པའི་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས[5]།

བུ་རམ་ཤིང་པ་ཉི་མའི་གཉེན། །གཽ་ཏ་མ་ཟས་གཙང་སྲས།།

མི་མཇེད་བདག་པོ་ཤཱཀྱའི་རྒྱལ། །ལྷ་ཡི་བླ་མ་ཤཱཀ་ཐུབ་མཚན།།

ཞེས་གསུངས་པ་ལྟར་འདིའི་གཏམ་རྒྱུད་འདུལ་བ་ལུང་ན་བཞུགས་པ་གླེང་འབུམ་ཆེན་མོའི་གཞི་སྨད་ལ་གསལ་ལ། ཤཱཀྱ་ཞེས་པའི་མཚན་ཇི་ལྟར་བྱུང་ངམ་ཞེ་ན། མཛེས་ཤིང་དགའ་བར་སྤྱོད་པའི་སྙན་དངགས་ལས[6]།

ཤཱ་ཀ་ཤིང་གིས་ཁེབས་པ་ཡི། །གནས་སུ་གང་ཕྱིར་འཆག་བྱེད་པ། །

དེ་ཕྱིར་བུ་རམ་ཤིང་རིགས་ལས། །བྱུང་སྟེ་ཤཱཀྱ་ཞེས་སུ་བརྗོད། །

ཅེས་པ་ལྟར་ཤིང་ཤཱ་ཀའི་དྲུང་དུ་གནས་བཅས་པས་ན་ཤཱཀྱ་ཞེས་བརྗོད་པར་བཤད་པ་ལྟར། ཤཱཀྱ་ཞེས་པ་ནི། ཤཱ་ཀའི་དྲུང་དུ་གནས་བཅའ་ཞིང་རིག་པ་བསླབ་པས་ཤཱཀྱ་ཞེས་དང་། ཡང་ན་རྒྱལ་པོ་འཕགས་སྐྱེས་པོའི་བུ་དང་བུ་མོ་སེར་སྐྱའི་གནས་སུ་བཅུག་པར་བུ་དང་བུ་མོ་འདུས་པའམ་གཉེན་སྒྲིག་བྱས་པར་བརྟེན་དེ་ལྟར་ནུས་སམ་ཕོད་དམ་ཞེས་བརྗོད་པས་ཤཱཀྱ་ལ་ཕོད་པ་དང་། ནུས་ལྡན་ཏེ་སྟོབས་དང་ལྡན་པ་ནི་སྟོན་པའི་རིགས་ཡིན་ལ། མང་པོས་བཀུར་བའི་རྒྱལ་པོའི་རྒྱུད་པ་ཡིན་ཅིང་། མང་བཀུར་རྒྱལ་པོ་ནས་ཟས་གཙང་སྲས་བར་རྒྱལ་པོ་ས་ཡ་ཆིག་འབུམ་ཉི་ཁྲི་བྱུང་བར་གྲགས།

དེ་ལྟར་ཤཱཀྱའི་རིགས་རྒྱུད་ཐོག་མར་ཇི་ལྟར་བྱུང་ཚུལ་ནི། རིག་བྱེད་གཏམ་བརྒྱུད་བདམས་བསྒྲིགས་ལས[7]། ཡུལ་གྲུ་འཛིན་དུ་རྒྱལ་པོ་བརྒྱ་ཐམ་པ་བྱུང་བའི་ཐ་མ་རྣ་བ་ཅན་གྱི་བུ་གཽ་ཏ་མ་དང་། བྷ་ར་དྷྭ་ཛ་གཉིས་ཡོད་པ་ལས། རེ་ཞིག་ན་བྷ་ར་དྷྭ་ཛ་བུ་མེད་པར་ཤི་ནས་བློན་པོ་རྣམས་ཀྱིས་གྲོས་བྱས་པ་ལ། བྷ་ར་དྷྭ་ཛའི་ཕུ་བོ་རབ་ཏུ་བྱུང་བ་དེ་རྒྱལ་སར་གསོལ་ལོ་ཞེས་ཚང་མ་གྲོས་མཐུན་པས། དྲང་སྲོང་གསེར་མདོག་ལ་ཞུས། དྲང་སྲོང་ན་རེ། གཽ་ཏ་མ་ཁྱེད་རྣམས་ཀྱིས་བསད་པ་མ་ཡིན་ནམ་ཞེས་པར། དེ་དག་གིས་ངེད་ཅག་གིས་དེ་ལྟ་བུའི་ལས་ཤིག་བྱས་པ་གཏན་ནས་མི་དྲན་ཟེར། དྲང་སྲོང་གིས་སྔར་གྱི་བྱུང་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཤད་པ་ན། གྲུ་འཛིན་པ་རྣམས་ཀྱིས་ངེད་ཅག་གིས་ཉེས་སོ་ཞེས་ཐམས་ཅད་ཡིད་ཞུམ་པར་གྱུར།

ཡང་འཕྲོས་སུ་འོ་ན་བུ་ཆུང་དེ་གཉིས་གང་དུ་འདུག་ཅེས་ཞུས་པར། དྲང་སྲོང་གིས་བུ་ཆུང་དེ་གཉིས་གཽ་ཏ་མའི་ཁམས་ཀྱི་རྟེན་འབྲེལ་ལས་ཇི་ལྟར་སྐྱེས་ཚུལ་དང་། དེ་ད་ལྟ་གང་དུ་འདུག་ཚུལ་སོགས་ཞིབ་ཏུ་སྨྲས་པས། གྲུ་འཛིན་པ་རྣམས་དགའ་སྟེ། བུ་གཉིས་བཙལ་ཅིང་རྙེད་དེ་བུ་ཆེ་བ་རྒྱལ་པོར་བསྐོས་ཀྱང་ཁོ་ལ་རིགས་རྒྱུད་མེད་པར་འདས། བུ་ཐ་ཆུང་རྒྱལ་སར་བསྐོས་པ་ནི་བུ་རམ་ཤིང་པའི་རྒྱལ་རྒྱུད་བརྒྱ་ཐམ་པ་བྱུང་བའི་ཐ་མ་བུ་རམ་ཤིང་པ་འཕགས་སྐྱེས་པོ་ཞེས་པ་དེ་ཡིན་ཏེ་རྒྱ་གར་ན་འདིའི་ལོ་རྒྱུས་གྲགས་ཆེ། དེ་ལ་བུ་སྐར་མདའ་གདོང་དང་། གླང་སྣ་དང་། གླང་པོ་འདུལ། རྐང་གདུབ་ཅན་བཞི་བྱུང་།

དུས་གཞན་ཞིག་ན་བཙུན་མོ་ཤི་ནས་རྒྱལ་པོ་མྱ་ངན་ཆེན་པོ་བྱས་པས་བློན་པོ་རྣམས་ན་རེ། ཉི་འོག་གི་རྒྱལ་ཁམས་ན་ཁྱེད་ཀྱི་བཙུན་མོར་འོས་པ་གཞན་ཡང་འདུག་པས་མྱ་ངན་མ་མཛད་ཅིག །རྒྱལ་པོས་སྨྲས་པ། ངའི་བུ་འདི་རྣམས་རྒྱལ་སྲིད་ལ་དགའ་ཞིང་སྤྱོད་པ་རྩུབ་པས་སུས་ཀྱང་བུ་མོ་སྟེར་མི་འདོད་དོ་ཟེར། དེ་ནས་བློན་པོ་རྣམས་ཀྱིས་བཙུན་མོ་ཚད་ལྡན་ཞིག་བཙལ་བས། རྒྱལ་པོ་གཞན་ཞིག་ལ་བུ་མོ་གཟུགས་བཟང་ཞིང་ལྟ་ན་སྡུག་པ། མཛངས་ལ་ཞི་ཞིང་དུལ་བ་ཞིག་ཡོད་པ་ཐོས་ནས། རྒྱལ་པོ་དེའི་སར་ཕྱིན་ཏེ་ཁྱེད་ཀྱི་སྲས་མོ་བུ་རམ་ཤིང་པ་འཕགས་སྐྱེས་པོའི་བཙུན་མོ་བྱ་དགོས་ཚུལ་གྱི་ཞུ་བ་ཕུལ་བ་ན། དེའི་ཡབ་རྒྱལ་པོ་ན་རེ། འཕགས་སྐྱེས་པོའི་བུ་རྣམས་མི་བསྲུན་པ་ཡིན་པས། ངའི་བུ་མོ་སྟེར་བར་མི་འདོད་མོད། ངའི་བུ་མོར་གལ་ཏེ་བུ་ཞིག་བྱུང་ཚེ་རྒྱལ་སྲིད་ལ་དབང་བསྐུར་ན་བུ་མོ་བརྫང་བ་ཡིན་ནོ་ཟེར། དེ་སྐད་འཕགས་སྐྱེས་པོ་ལ་ཞུས་ཚེ། དེ་ན་རེ། ཕུ་བོ་ལ་རྒྱལ་ས་མི་གཏོང་བར་ནུ་བོ་རྒྱལ་སར་བསྐོ་བ་ནི་མི་རིགས་པས་དེ་སྐྱུར་ཅིག་གསུངས། བློན་པོ་རྣམས་ཀྱིས་སྨྲས་པ། བཙུན་མོ་ལ་བུ་དང་བུ་མོ་གང་སྐྱེ་དང་། ཡང་ན་རིགས་རྒྱུད་ཡོད་མེད་ཀྱང་མི་ཤེས་པས་དེ་ལ་གཟེམ་མི་དགོས་སོ་ཞེས་ཞུས་པར། རྒྱལ་པོ་ཡང་ཐུགས་ཡིད་འཐད་དེ། འོ་ན་དེ་ལྟར་བཙུན་མོར་ལོངས་ཤིག་གསུངས། དེ་ནས་བུ་བྱུང་ན་རྒྱལ་སྲིད་ལ་བསྐོ་བར་ཁས་བླངས་ཏེ་བཙུན་མོར་བསུས་སོ།།

དེ་ནས་རྒྱལ་པོ་དང་དགའ་ཞིང་བརྩེ་བར་བྱས་པ་ལས་བུ་ཞིག་བཙས་པའི་མིང་ལ་རྒྱལ་སྲིད་དགའ་ཞེས་བཏགས། བུ་ཆེར་སྐྱེས་ཀྱང་རྒྱལ་སར་མ་བཅུག་པ་ཞང་པོས་ཐོས་ནས། འཕགས་སྐྱེས་པོ་ལ་ཡི་གེ་སྤྲིངས་པ། སྔར་གྱི་ཁས་བླངས་ལྟར་ངའི་ཚ་བོ་རྒྱལ་སར་བཞག་ན་ལེགས་མོད། མིན་ན་ཁྱོད་ཀྱི་ཡུལ་སྡེ་དང་བཅས་པ་ཤུལ་མེད་དུ་བྱེད་དོ་ཞེས་པ་འཕགས་སྐྱེས་པོས་ཐོས་ཚེ་ཁོ་སྐྲག་ནས་བློན་པོ་རྣམས་ལ་དྲིས་པས་དེ་རྣམས་ན་རེ། རྒྱལ་སྲིད་དགའ་རྒྱལ་ཚབ་ཏུ་དབང་སྐུར་ཅིག་ཟེར། རྒྱལ་པོས་སྨྲས་པ། བུ་ཆེ་བ་རྒྱལ་ཚབ་ཏུ་མ་བཅུག་པར་ཆུང་བ་འཇུག་པ་ནི་འོས་པ་མ་ཡིན་ནོ་ཞེས་ཐུགས་ཁྲོས་པ་ན། བློན་པོ་རྣམས་ལྐོག་ཏུ་གྲོས་བྱས་ཏེ། རྒྱལ་པོ་དེ་ནི་དབང་ཆེ་སྟབས་ཡུལ་སྡེ་བཅོམ་པའི་སྣ་ནག་མའི་སྦྱོར་བ་ཡང་འབྱུང་སྲིད་ཀྱིས། འུ་ཅག་གིས་རྒྱལ་པོའི་བུ་ཆེ་བ་རྣམས་རྒྱལ་སྲིད་ལ་ཐུགས་ལོག་པའི་ཐབས་བྱའོ་ཞེས་འཆམས་ནས། སྐྱེད་མོས་ཚལ་ཡིད་དུ་འོང་བ་ཞིག་བྱས་ཏེ་རྒྱལ་བུ་རྣམས་རྩེད་འཇོ་བྱེད་དུ་བཅུག །ཡབ་རྒྱལ་པོ་འཕགས་སྐྱེས་པོ་ཡང་སྤྱན་དྲངས་པ་དང་། རྒྱལ་པོ་ན་རེ། ངའི་སྐྱེད་མོས་ཚལ་དུ་འདི་ལྟ་བུའི་སྒྲ་སྒྲོག་པ་སུ་ཡིན་ཞེས་པར། བློན་པོ་རྣམས་ན་རེ། རྒྱལ་བུ་རྣམས་ཅ་ཅོའི་སྒྲ་བྱེད་དོ་ཟེར། དེར་རྒྱལ་པོ་ཐུགས་ཁྲོས་ཏེ་ངས་གཞོན་ནུ་རྣམས་སྤངས་སོ་ཞེས་བཤད།

བློན་པོ་རྣམས་ཀྱིས་སྨྲས་པ། གཞོན་ནུ་རྣམས་ཡུལ་དབྱུང་བྱའོ་ཞེས་པ་ལྟར། གཞོན་ནུ་རྣམས་ཀྱིས་སྲིང་མོ་ཁྲིད་དེ་གངས་དང་ཉེ་བའི་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་མི་རིང་བར་ལོ་མའི་སྤྱིལ་བུ་བྱས་ཏེ་རྔོན་པའི་ལས་ཀྱིས་འཚོ་བར་བྱས། དེ་ནས་དེ་རྣམས་ལང་ཚོ་དར་ལ་བབས་ཏེ་འདོད་པས་གཟིར། ཤ་བྲི་ནས་སྐྱ་སེང་པོར་གྱུར་པ་དྲང་སྲོང་སེར་སྐྱ་པས་མཐོང་ནས་སྨྲས་པ། རང་རང་གི་སྲིང་མོར་ལོངས་སྤྱོད་ཅིག་ཅེས་པར། གཞོན་ནུ་རྣམས་ན་རེ། དེ་ལྟ་བུའི་ལས་བྱེད་རུང་ངམ་ཟེར། དྲང་སྲོང་གིས་སྨྲས་པ། རྒྱལ་སྲིད་གཏོང་བ་རྣམས་རུང་ངོ་ཞེས་པས། དེ་དག་དགའ་སྟེ་སྲིང་མོ་རྣམས་དང་ལྷན་ཅིག་བརྩེ་བར་བྱས། དགའ་བར་བྱས། དགའ་མགུར་བྱས་པ་ལས་བུ་དང་བུ་མོ་མང་པོ་བྱུང་བ་དང་། དེ་རྣམས་ཀྱི་རྩེད་རྒོད་ཀྱི་སྒྲས་དྲང་སྲོང་གི་བསམ་གཏན་ལ་གནོད་ནས་སྨྲས་པ། ད་ནི་ཁོ་བོ་གཞན་དུ་འགྲོ་འོ་ཟེར། གཞོན་ནུ་རྣམས་ཀྱིས་སྨྲས་པ། ཁྱེད་བཞུགས་ཤིག་བདག་ཅག་ལ་གནས་བཟང་པོ་ཞིག་སྟོན་དང་། ངེད་ཅག་གཞན་དུ་འགྲོ་འོ་ཞེས་ཞུས་པར། དེ་ནས་དྲང་སྲོང་གིས་སེར་སྐྱའི་གསེར་གྱི་བྱེ་མའི་བུམ་པ་ཐོགས་ཏེ། ཆུའི་རྒྱུན་གྱིས་གྲོང་ཁྱེར་གྱི་རྣམ་པ་བྲིས། གཞོན་ནུ་རྣམས་ཀྱིས་དེ་ལྟར་གྲོང་ཁྱེར་བརྩིགས་པ་ལ་སེར་སྐྱའི་གྲོང་ཁྱེར་ཞེས་གྲགས་སོ།།

དེ་རྣམས་འཕེལ་བ་དང་ལྷ་རྣམས་ཀྱིས་གྲོང་འདེབས་པའི་ས་བསྟན་པ་ལ་གྲོང་ཁྱེར་བཏབ་པས། གྲོང་ཁྱེར་ལྷས་བསྟན་ཞེས་ཀྱང་གྲགས། རེ་ཞིག་ན་འཕགས་སྐྱེས་པོས་བློན་པོ་རྣམས་ལ་སྨྲས་པ། ངའི་གཞོན་ནུ་རྣམས་གང་ན་ཡོད་ཅེས་དྲིས་པར། བློན་པོ་རྣམས་ཀྱིས་གཞོན་ནུ་རྣམས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཉེ་བ་ན། རང་རང་གི་སྲིང་མོ་ལ་གཉེན་བྱེད་ཅིང་ལྷན་དུ་འདུས་པ་ལས་བུ་མོ་མང་པོ་བཙས་ཞེས་པར། རྒྱལ་པོས། གཞོན་ནུ་རྣམས་ཀྱིས་དེ་ལྟ་བུ་བྱེད་ནུས་སམ། བདེན་ནམ་རྫུན་ཅི་ཡིན་ཞེས་པར། བློན་པོ་རྣམས་ཀྱིས་སྨྲས་པ། དེ་ནི་བདེན་ལགས་སོ་ཞེས་པར། རྒྱལ་པོའི་བློ་ཡུལ་ལས་འདས་ཏེ་སྐུ་སྟོད་བསྲིངས་ནས། ཀྱེ་མ་ཀྱེ་ཧུད་གཞོན་ནུ་རྣམས་ཀྱིས་དེ་ལྟ་བུ་ནུས་པ་ཡིན་ནམ་ཕོད་པ་ཡིན་ནམ་ཞེས་པ་ནས་ཤཱཀྱའི་རྒྱུད་དམ་ཐུབ་པའི་རྒྱུད་ཅེས་གྲགས་སོ།།

དེ་ལྟར་བདག་ཅག་གི་སྟོན་པའི་རིགས་རྒྱུད་ཤཱཀྱ་ཞེས་པ་ཐོག་མར་བྱུང་ཚུལ་དང་། ཤཱཀྱ་ཞེས་པའི་མིང་ཇི་ལྟར་བྱུང་ཚུལ་རིག་བྱེད་ཀྱི་གཏམ་རྒྱུད་དུ་གྲགས་པ་འདི་ལྟར་ཡིན་ལ། སློབ་དཔོན་དུལ་བའི་ལྷས་མཛད་པའི་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ་ལས[8]། ཤཱཀྱ་ནི་བཅོམ་ལྡན་ཡིན་ཏེ། ཤཱཀྱའི་རིགས་སུ་འཁྲུངས་པའི་ཕྱིར་རོ། །ཞེས་དང་། ཡང་ན་ཤཱཀྱའི་གྲོགས་པོ་ཞེས་བྱ་བ་ནི་དགེ་སློང་གི་མིང་ཡིན་ལ། དེའི་ངོར་ནི་དེ་གསོལ་བ་བཏབ་པའི་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་ལྟར། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ཤཱཀྱའི་རྒྱུད་པ་ཡིན་པའི་ཆ་ནས་ཤཱཀྱ་ཞེས་མཚན་ཐོགས་པའམ། ཡང་ན་དཔལ་ནཱ་ལེནྡྲའི་ཕྱག་ལེན་ལྟར་སློབ་དཔོན་གྱི་མཚན་ཟུར་སློབ་མར་གནང་སྲོལ་ཡོད་པ་ལྟར་ཤཱཀྱ་ཞེས་མཚན་ཐོགས་པ་གང་ཡིན་གསལ་ཁ་མི་སྣང་ལ། སློབ་དཔོན་ཤཱཀྱ་འོད་ཤཱཀྱའི་རིགས་རྒྱུད་ཡིན་མིན་ཆོས་འབྱུང་དེབ་ཐེར་ཁག་ཏུ་མི་གསལ་ཡང་། རྒྱལ་རིགས་ལས་སྐུ་འཁྲུངས་ཤིང་། མཁན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་བས། ཤཱཀྱ་ཞེས་པ་མཁན་པོའི་མཚན་ཟུར་ལས་མཚན་ཐོགས་པ་ཞིག་མིན་པ་རྟོགས་ཐུབ། མཚན་ཟུར་དུ་འོད་ཅེས་བྱུང་བ་ལྟར་ན། སློབ་དཔོན་ཞི་བ་འོད་ཀྱི་དྲུང་ནས་རབ་ཏུ་བྱུང་བ་མིན་ནམ་སྙམ་མོད། དགེ་ཚུལ་སློང་གཉིས་ཀའི་མཁན་པོ་བསོད་ནམས་གྲགས་པ་ཡིན་པར་གསལ་བས་དཔྱད་གཞིར་སྣང་ལ། མཚན་ལ་ཤཱཀྱ་ཞེས་ཞུ་བ་ལྟར་ཤཱཀྱའི་ཐོག་མའི་མིང་གི་བྱུང་རབས་ཤེས་གལ་ཆེ་བས་སྔོན་བྱུང་གི་གཏམ་རྒྱུད་ཆ་ཚང་བཀོད་ཅིང་། ཡོངས་གྲགས་སློབ་དཔོན་ཤཱཀྱ་འོད་ཀྱི་མཚན་ཟུར་དུ་ཆེད་བསྟོད་ཀྱི་ཚུལ་དུ་མཁན་པོ་ཤཱཀྱ་པྲ་བྷ་དང་། མཁས་པ་ཤཱཀྱ་པྲ་བྷ། སློབ་དཔོན་ཤཱཀྱ་འོད་བཅས་གཞུང་ལུགས་ཁག་ཏུ་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུན་རྒྱན། བློ་གླིང་དཔེ་མཛོད། ༡༩༩༤ ལོ། ཤོག་གྲངས་ ༤༠༧

[2] ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོའི་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༡བ༣ བར།

[3] སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༧༨༣

[4] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༥

[5] མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་རྩ་འགྲེལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་  ༢༨

[6] རིག་བྱེད་གཏམ་རྒྱུད་བདམས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༨

[7] རིག་བྱེད་གཏམ་རྒྱུད་བདམས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༤

[8] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་  ༩༣ པ། ༡༩༩༥ ལོ། ཤོག་གྲངས་ ༧༠༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༧ ནས་ ༣༢༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *