༄༅། །སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་རིན་པོ་ཆེའི་ཞལ་གདམས་ཆེན་མོ་བཞུགས་སོ།།

༄༅། །སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པའི་རིན་པོ་ཆེའི་ཞལ་གདམས་ཆེན་མོ་བཞུགས་སོ།།[1]

 

སངས་རྒྱས་སྨན་གྱི་བླ་མ་ལ་ཕྱག་འཚལ་ལོ། །སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པའི་རིན་པོ་ཆེ་དངུལ་ཆུའི་སྦྱོར་བ་འདི་ལ། སྦྱར་ཐབས་དང་། རྣས་ཐབས་དང་། ལམ་ནས་ཕྱིར་ལོག་རྗེས་སྲུང་བ་དང་། ལོག་ནོན་དང་ནི་ཕན་ཡོན་དང་། །རྣམ་པ་དྲུག་ཏུ་མཁས་པས་བཤད། །དེ་ལ་དང་པོ་སྦྱར་ཐབས་ལ། །འཛེད་ཕོ་བས་པོ་དང་། །དུག་སྤུང་པ་དང་། །ལྟོག་པ་ཚད་པ་བས་པོ་དང་། །ཅུད་ལེན་དག་ཏུ་བྱ་བ་དང་། །

བྱེ་བྲག་སོ་སོར་བཏང་བ་དང་། །དུག་ཅན་དང་ནི་དུག་མེད་དང་། །ཚ་སྦྱོར་དང་ནི་གྲང་སྦྱོར་དང་། །རྣམ་པ་བཅུ་རུ་མཁས་པས་བཤད། །དང་པོ་མཛེད་ཕོ་བས་པ་ནི། །རིན་ཆེན་ལུག་གི་རིལ་མ་ཙམ། །ལག་པའི་མཐིལ་དུ་མཛུབ་མོས་སྙེ། །མདོག་འདོན་དཀར་པོར་སོང་བ་དང་། །མར་དཀར་བྱ་མོའི་སྒོ་ང་ཙམ། །སྟར་བུ་སྐྱེས་པའི་སྒོ་ང་ཙམ། །པུ་ར་དང་ནི་ཨ་རུ་ར། །ལག་པའི་མཐིལ་དུ་སྙེ་བྱས་ཏེ། །བྱེ་མའི་ནང་དུ་སོང་བ་དང་། །འོད་གུ་ལོགས་པར་བྱས་ནས་ནི། །ཤ་རིལ་ཙམ་རེ་བཏང་བར་བྱ། །རྗེས་ཀྱིས་ལྔག་ཞལ་ལས་ཤེས། །གསོ་གྱིས་བྱིབས་ལ་དངུལ་མང་དབྱུང་། །དངུལ་ཐོན་ཙམ་ལ་ལངས་པས་ཆོག །ལུས་པོ་འདོར་ན་ལོག་བཏགས་ཡིན། །སྐོམ་དད་ཆེ་ན་ལོག་སྟགས་ཡིན། །དེ་ལ་མཁས་པས་ལོག་ནོན་བཏང་། །ནྲ་པ་དྲུག་གི་མདུང་བ་ནི། །གོང་མའི་ཐོག་ཏུ་འདི་ལྟར་བཏང་། །པི་པི་ལིང་དང་མ་པིད་ཏམ། །ཨ་རུ་ར་དང་དོམ་མཁྲིས་དང་། །བཅུད་སྙི་དང་ནི་བཟང་པོ་དྲུག །ཉུང་ང་མར་ཁུའི་སྟ་ལ་སྐྱོན། །བཏང་ཐབས་ལོག་ནོན་གོང་དང་མཚུངས། །ཞག་དྲུག་བར་དུ་ཐུན་རེ་བཏང་། །ལུས་པོ་མཁྱགས་སུ་མི་འཇུག་སྟེ། །པུ་ར་བག་རོ་བཏང་བར་བྱ། །དེ་ནས་ཟླ་རེ་ཐུན་ཏེས་བཏང་། །སྒྲ་པ་ལྷོག་པ་བས་དབོན་ནི། །དུག་ཅན་དག་ཏུ་བཏང་བར་བྱ། །མ་གི་ཏ་དང་ཨ་རུ་ར། །ཀུན་བཟང་ཆུའི་སྟ་ལ་སྐྱོན། །ངན་པ་ཚད་པ་བས་པོ་ནི། །ཨ་རུ་ར་བསིལ་བསུམ་དང་། །གྷི་ཝང་ཙན་དན་དཀར་དམར་དང་། །ལྔ་སྙོར་དེ་དག་བསླབས་ལ་བཏང་། །མར་དང་དཔུ་ར་ཐུན་ཏེ་བཏང་། །རིན་ཆེན་ཨ་རུ་ཏར་བུ་དང་། །ཐུན་ཚད་སྐྱོད་པར་མི་བྱའོ། །

ལྔ་པ་བཅུད་ལེན་བྱ་བ་ནི། །སྐེ་ཤིང་པ་དང་མུ་ཟོ་དང་། །ལུག་གི་སླད་པ་རིལ་བུ་ཙམ། །གང་འཚོགས་པར་བཏང་པས་ཆོག །དངུལ་ནི་སྟང་གོང་དག་དུ་བཅོས། །བྱེ་བྲག་སོ་སོར་བཏང་བ་ནི། །འབྲས་དང་ཏྲ་གོ་ཆག་དུ་རྩ་ཤོར་དང་། །ཙ་བྲོས་ལྟ་བ་བྲོས་པ་དང་། །དུག་ནད་སྨུ་ཆུ་སྐྱོམས་པ་དང་། །རླུང་ནད་ཆུར་ན་ཕྲུག་དང་། །བྱང་ཁོག་སྣག་ལ་ཤིན་ཏུ་ཤིས། །གཞན་ཡང་ཚད་པའི་ནད་རིགས། །ཆོུར་ཅན་ལ་བཏང་བར་བྱ། །གག་ལྷོག་ལ་སོགས་གཉན་ནད་ལ། །དུག་ཅན་དག་ཏུ་བཏང་བར་བྱ། །འབྲས་སྐྱི་སྨ་ལ་དུག་ཅན་བྱུག །བྱིན་པོ་རྣམས་ལ་དུག་མེད་བྱུག །སྨུ་ཆུ་སྐར་པོ་ལ་སོགས་པའི། །བྲང་བ་ཅན་ལ་ཚ་སྦྱོར་བཏང་། །ཚད་པའི་རིགས་མཆོག་ཐམས་ཅད་ལ། །གྲང་སྦྱོར་དག་ཏུ་བཏང་བར་བྱ། །དེ་ཚེ་སྦྱོར་ཐབས་བསྟན་པའོ། །

ལུས་ལ་གནས་པར་བྱེད་པ། །ཉ་རུས་སྲམ་བྲུན་བཏང་བ་ཡི། །ཟངས་ཀྱི་ཕྱེ་མ་སྡུངས་ལ་བསྲེག །མ་བསྲེགས་པ་ཡི་ཕྱེ་མ་དང་། །བསྲེགས་པའི་ཐལ་བའི་ཕྱེ་མ་བཏང་། །སྐལ་པ་སྟོང་དུ་རྣམ་པར་བསྲུངས། །རྒྱ་ལས་ལུས་ལ་འབྱིན་པ་ནི། །བླང་རོག་ཆུ་དང་ཨ་རུ་ར། །པི་པི་ལིང་དང་རྣམ་པ་སྦྲ། །བུལ་ལྟོག་སྦྱར་སྟེ་ཁོང་དུ་བཏང་། །ཐུལ་པ་ཤ་ངོས་སྟེང་དུ་གྱོན། །འོག་ཏུ་སྐོམ་སྟན་ཤ་ངོས་བསྟིང་། །ལུས་ལ་བྱིན་པའི་མཆོག་ཡིན་ནོ། །ང་པ་ལྗོངས་སུ་ལྔག་ལ། །ཨ་རུ་ར་ནི་སྐབས་སུ་མུར། །རོས་འགའ་བཟང་དྲུག་བཏང་བ་ཤིས། །དེ་ཡིས་དངུལ་དུག་ཐུབ་པ་ཡིན། །

ལྔ་པ་ཕན་ཡོན་བསྟན་པ་ནི། །ནམ་མཁའི་ཐོག་ཀུན་དེ་ལྟར་འཇོམས། །དུག་བགོས་ནད་རྣམས་མ་ལུས་འཇོམས། །རྩམ་པའི་ཟས་ཀྱི་ཀུན་བཏྲོངས་ལྟར། །ན་ཆུང་བདེ་ལ་མྱ་དོ་པ་ཝན། །ནད་རྣམས་མ་ལུས་ཀུན་ལ་ཕན། །རླུང་ནད་བྲང་ལ་མ་གཏོགས་པར། །ཚད་པ་སྙ་ནད་ལ་སོགས་ཀུན། །ལྷག་པར་སྒྱུ་ཟེར་ནད་ལ་ཕན། །བྱང་ཁོག་རྣག་སྐྱོམས་དག་ལ་ནི། །གང་ཞིག་སྙེན་པོ་དག་དང་སྦྱར། །ནད་མེད་དག་ལ་བཏང་བ་ནི། །རྒས་དང་དགུད་པ་སེལ་བར་བྱེད། །སྐྲ་དཀར་སྙེར་མ་མ་ལུས་འཇོམས། །སྙིད་པ་མི་འབུར་སྟོབས་ཤོར་མིན། །སྐྲ་དང་བས་སྤུ་སྣུམ་ཞིང་སྙེན། །རུས་པ་རྡོ་རྗེ་ལྟ་བུར་འགྱུར། །ཚེ་ལོ་སྟོང་དུ་ཐུབ་པར་བྱེད། །བན་མདོག་དག་ཀྱང་ཉོན་མོངས་འདྲ། །བགེགས་དང་ལོག་འདྲེན་མ་ལུས་འཇོམས། །འགོ་བའི་ནད་རྣམས་འབྱུང་མི་འགྱུར། །དུག་དང་ཁ་ཟས་མ་འཕྲོད་དང་། །ཙན་དུག་ལ་སོགས་སྦྱར་དུག་རྣམས། །རྣད་པོ་མེད་པ་ཞི་བར་འགྱུར། །རིན་ཆེན་ལུས་ལ་གནས་པ་དེ། །ལོ་དང་ཟླ་བར་ཟས་མེད་ཀྱང་། །སྐྲེས་པར་མི་འགྱུར་དགུད་མི་འགྱུར། །སྐོམ་པར་མི་འགྱུར་མདངས་ཤོར་མིན། །དབང་པོའི་སྒོ་རྣམས་སོ་སོར་གསལ། །རིན་ཆེན་ལུས་ལ་རྣས་པ་དེ། །སྐྱེས་པ་རྒྱ་ཡིས་མི་ཐུབ་ཅིང་། །བགེགས་རྣམས་སྟོང་གིས་མི་ཚུགས་སོ། །

ལུས་ཡང་པ་དང་བཟེར་བ་དང་། །རྟ་དང་གཡག་དང་འཕང་པས་འདོགས། །བུད་མེད་སྟོང་འགྲོགས་གནོད་མི་ནུས། །གཞན་ཡང་ཡོན་ཏན་བརྗོད་པ་ནི། །བསྐལ་པ་སྟོང་དུ་རྫོགས་མི་འགྱུར། །ཞེས་བྱའོ། །འདི་བཏང་བའི་དུས་སུ། དབྱེར་མེད་བདུན་དང་ལུམ་པའི་འབྲུས། །བཏང་ལ་རྩ་ཁ་འབྱེད། །བ་མར་དཀར་བུ་རམ་སྒྲ་བཏང་ན་ནུས་པ་བསྐྱེད་དོ། །ཡང་ཨ་རུ་ར་མུ་ཟོ་ཕྱེ་མ་བྱིས་པའི་ཆུའི་སྦྲུས་ལ། །དངུལ་ཆུ་དང་ཟངས་ཕྱེའི་ཕྱིར་སྐབས་སོ། །བསྲེགས་ནས་ཐལ་བར་གྱུར་པ་དེ། །བྱང་ཁག་རྣག་སྐྱོམས་པའི་མཆོག་ཡིན་ནོ། །ཡ་ཐལ་སྨན་དོ་དང་ཟངས་བྲིག་དང་། །འབྲོན་བུ་བསྲེགས་པ་དང་། ཨ་རུ་ར་བསྲེགས་པ་དང་། །ཟ་འོག་དང་རུ་ཕྱིད་བསྲེགས་པ་དང་། །དུང་དང་ལུམ་དང་བུལ་ལྡོག་བྱང་པ་དང་། །དེ་རྣམས་བའི་ཆུ་དང་སྦྱར་ནས་བཏང་། །སྨུ་ཆུ་འདྲེན་སྐྱོམས་སྦྲག་མར་འགྱུར་རོ། །

ཡང་ཐལ་སྨན་དང་། ནག་ཚུར་དང་། དངུལ་ཐལ་དང་། སྨན་ཆེན་བསྲེགས་པའི་ཐལ་བ་དང་། །ཕུར་རོན་རོ་ཟན་མའི་བྲུན་དང་དེ་རྣམས་སྦྲང་དགོད་སྦྱར་ནས། སྨ་རྙིང་པ་སོས་སུ་མ་འདོད་པ་ལ་བྱུགས་ནས། སྟེང་དུ་ཕུ་གུ་དགའ། ཞག་འགའ་ནས་སོས། འབྲས་བསོ་བའི་མཆོག་ཏུ་འགྱུར་རོ། །འགོ་ཆག་བསོ་བ་ནི། གོང་གི་ཐལ་སྨན་གྱི་སྟེང་དུ། སྡོང་སྨུག་པོ། སྦལ་རྒྱམ་སྨུག་པོ། འ་ཐུབ། སིན་དྷུ་ར། རྒྱ་མཚོ་བསོར་གྱི་བྱེ་མ། དོམ་མཁྲིས། འཚལ། དེ་རྣམས་ཤེལ་རྟ་དང་སྦྱར་རོ། །རིལ་ལུ་སྨའི་ནང་དུ་བཞུགས། ཁ་ཞུན་སྦང་མ་ཞིམ་པོས་བྱ། །ཁོང་དུ་དང་པོའི་ལྔ་སྦྱོར་བཏང་། །ཁ་ཟས་ཏྲོད་བཅུད་སེམས་སྐྱིན་བཏང་། །བླད་པ་བསདོན་རུ་ཏ་བཏང་། །བྱང་སེམས་སྐར་དམར་བཏང་། །རིན་ཆེན་འགོ་ཆོག་བས་པོའི་མཆོག་གོ །སྤྱི་ཁོང་དུ་བཏང་བའི་ཆོག་གོ །དངུལ་ཆུ་ཞོའ། སྟ་ཏུ་ཞ་བྲོ། ཨ་རུ་ར་སྣོག་པའོ།།

དཀར་སྨར་ཞོ་སྐྲ། པུ་ར་བྱ་མོའི་སྒོ་ང་གང་། །འདི་རྣམས་རྩ་བའི་ཡིན་ལ། །ཁ་སྒྱུར་ལན་ཚའི་ཚུལ་ལོ། །སྐྱོན་རྣམ་པ་སྐྲ་ལ། མ་ཞུ་བ་དང་། ལོག་པ་དང་། འབྱམས་པ་དང་སྐྲ་མ། ལོག་ནོན་དང་། ལོག་སྟོག་དང་། བཤིག་པ་དང་དྲུག་གོ །སྣོད་རྣམས་ཞལ་ལས་ཤེས་སོ། །སློབ་དཔོན་ནཱ་གཱ་རྫུ་ནས། དྲང་སྲོང་བཟྱལ་ལ། དེས་མྱ་ངན་མེད་པ་ལ། དེས་ཨ་ནན་དེ་བ་ལ། དེས་མི་སྒོམས་རས་པ་ལ། དེ་ལ་ཙངས་པས། དེ་ལ་འཆད་མི་རུང་བས། དེ་ལ་སྒོམས་རས། དེ་ལ་སྤྱལ་རིན་པོ་ཆེ། ཨཱི། རྒྱ་རྒྱ་རྒྱ།།  །།

འདི་ལ་ཀླུ་སྒྲུབ་སྙིང་པོས་སྡམ་པ་གོང་སྨན་ཆེན་པོའི་གསུང་རྒྱུན། རྒྱལ་ཁམས་པ་ལྷ་རློབ་ཁྱད་ཆོས། སྐལ་ལྡན་བུ་རྩོ་འགྲོ་དོན་གྱིས། །སཱ་མཱ་ཡཱ། རྒྱ་རྒྱ་རྒྱ།

༼ཞུ་སྒྲིག་པའི་མཆན། འདིར་བར་བར་དུ་ཡིག་ཆུང་གི་མཆན་བཀོད་འདུག་ཀྱང་མི་གསལ་བས་འགོད་ཐབས་མ་གྱུར་ཏོ།།༽

 

དཔྱད་གཞིའི་ཡིག་ཆ།

[1] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼ཏ༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། བྲིས་མ། ཤོག་གྲངས་ ༥༣ན༡ ནས་ ༥༥བ༦ བར་བཞུགས་པ་ལས་བཏུས་པའོ།།

 

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༣ ནས་ ༤༥༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *