༄༅། །མགོན་པོ་ཞི་བ་ལྷ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་བཞུགས་སོ།།[1]
༼ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད།༽
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དེ་ལ་འདིར་དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་མགོན་པོ་ཞི་བ་ལྷ་དང་རྩ་བའི་བླ་མ་དབྱེར་མེད་དུ་བྱས་པའི་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། མགོན་པོ་ཞི་བ་ལྷ་ནི་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་བསྒོམས་ན་ཕན་ཡོན་ཆེ་བས།
དེའི་ཚུལ་ནི་གཙང་ཞིང་ཡིད་དུ་འོང་བའི་གནས་སུ་ལུས་གནད་དང་ལྡན་པར་འཁོད་དེ་རང་རྒྱུད་ལ་བརྟགས་ཏེ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་རྣམས་རྒྱུད་དང་འདྲེས་ངེས་སུ་བྱས་ནས། དངོས་གཞི་ནི་འདི་ལྟར། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་། །རྩ་བའི་བླ་མ་རྗེ་བཙུན་འཇམ་པའི་དབྱངས། །སྐུ་མདོག་དམར་སེར་གུར་ཀུམ་ལྷུན་པོ་ལྟར། །རབ་བརྗིད་མཚན་དཔེའི་དཔལ་གྱིས་རབ་ཏུ་བརྒྱན། །ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་འཕྱར། །ཕྱག་གཡོན་ཐུགས་ཀར་རྒྱལ་ཡུམ་གླེགས་བམ་བསྣམས། །འཇའ་ཚོན་ལྟར་བཀྲ་ལྷ་རྫས་ན་བཟའ་དང་། །རིན་ཆེན་རིན་ཐང་མེད་པའི་རྒྱན་གྱིས་སྤྲས། །མཐའ་སྐོར་དངོས་བརྒྱུད་བླ་མ་ཡི་དམ་དང་། །སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །འོད་དཔུང་དབུས་ན་ལྷམ་མེར་བཞུགས་པ་ཡི། །གནས་གསུམ་ཡི་གེ་གསུམ་གྱིས་ལེགས་མཚན་པའི། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་རྣམས། །སྤྱན་དྲངས་ཐིམ་པས་དབྱེར་མེད་རོ་གཅིག་འདྲེས། །སྐྱབས་གསུམ་མ་ལུས་འདུས་པའི་ངོ་བོར་གྱུར། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དབྱངས། །སྤྲུལ་པའི་གར་མཛད་མགོན་པོ་ཞི་བ་ལྷ། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང་། །འཁོར་བ་མ་སྟོང་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ། །གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་བདུན། །རིན་ཆེན་མཎྜལ་ཀུན་བཟང་མཆོད་པའི་སྤྲིན། །བློ་ཡིས་བསླངས་ནས་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཚན་དཔེའི་དཔལ་འབར་གཟི་བརྗིད་ཕུང་པོའི་སྐུ། །བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོག་པའི་གསུང་། །མཁྱེན་བརྩེ་ནུས་པ་ཕུལ་དུ་བྱུང་བའི་ཐུགས། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །གང་གི་ཞབས་པད་གཙུག་ཏུ་གུས་བསྟེན་ན། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་མཛད་པ། །རྗེ་བཙུན་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །གང་སྐུའི་ཉིན་བྱེད་ཡིད་ལ་ཤར་ཙམ་གྱིས། །རྨོངས་པའི་མུན་པ་མ་ལུས་རབ་བསལ་ཏེ། །བློ་གྲོས་སྤོབས་པའི་སྣང་བ་སྩོལ་མཛད་པ། །བླ་མ་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །འགྲོ་ལ་བརྩེ་བའི་ཐབས་མཁས་མཛད་པ་ཡིས། །ཐེག་མཆོག་ལམ་བཟང་གསལ་བར་སྟོན་མཛད་པ། །ཐེག་ཆེན་སྲོལ་འབྱེད་མགོན་པོ་ཞི་བ་ལྷ། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ལམ་བཟང་སྟོན་མཛད་རྒྱལ་བ་ཀུན་གྱི་དངོས། །ལུང་རྟོགས་དམ་ཆོས་མ་ལུས་འབྱུང་བའི་གནས། །དགེ་འདུན་ཀུན་གྱི་གཙུག་རྒྱན་ཆོས་ཀྱི་རྗེ། །མཚུངས་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །སྲིད་དང་ཞི་བའི་ལེགས་ཚོགས་མ་ལུས་པ། །གང་གི་མཐུ་ལ་ངེས་པར་རག་ལས་པ། །ལེགས་ཚོགས་རྩ་བ་དྲིན་ཅན་བླ་མ་ཡིས། །རྗེས་བཟུང་བཀའ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་དང༌། །ལས་འབྲས་བསླུ་མེད་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་པས་སྲིད་པའི་གནས་འདི་ལ། །ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །ཐོག་མེད་དུས་ཀྱི་དྲིན་ཅན་ཕ་མ་རྣམས། །སྲིད་མཚོ་ཉམ་ངར་སྡུག་བསྔལ་བརྒྱས་མནར་བའི། །ངང་ཚུལ་བསམས་པས་བཟོད་གླགས་མེད་པ་ཡི། །སྙིང་རྗེ་བཅོས་མིན་སྐྱེ་བར་བྱིན་གྱིས་རློབས། །རྒྱལ་བ་སྲས་བཅས་ཀུན་གྱི་བགྲོད་གཅིག་ལམ། །བསླབ་བཏུས་སྤྱོད་འཇུག་གཉིས་ཀྱི་དགོངས་པའི་དོན། །བདག་པས་གཞན་གཅེས་སེམས་མཆོག་རིན་པོ་ཆེ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །སེམས་ཅན་ཀུན་ལ་ཕངས་མེད་གཏོང་བྱེད་ཅིང་། །དེ་ཉིད་སྲུང་དང་དག་དང་སྤེལ་བྱེད་པའི། །རླབས་ཆེན་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་ཤོག །མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དུ། །མ་ནོར་ལམ་སྟོན་དྲིན་ཅན་བླ་མ་ཡིས། །འབྲལ་བ་མེད་པར་རྗེས་སུ་བཟུང་གྱུར་ཏེ། །ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །དེ་ལྟར་ཤུགས་དྲག་གསོལ་བ་བཏབ་པའི་མཐུས། །བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས། །བདུད་རྩི་བབས་པ་རང་གཞན་ཐམས་ཅད་ལ། །ཐིམ་པས་སྒྲིབ་བཞི་དག་ཅིང་སྐུ་བཞི་ཐོབ། །སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། །
དེ་ལྟར་ཐུན་དངོས་གཞི་ལ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་ལམ་གྱི་ལུས་ཡོངས་རྫོགས་ལ་བག་ཆགས་ཅི་ཐེབས་བྱ། མཇུག་ཏུ་ཚོགས་ཞིང་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་བྱའོ། །ཐུན་མཚམས་སུ་ཡང་གང་སྣང་ཐམས་ཅད་བླ་མའི་གསང་གསུམ་དུ་བལྟ་བའི་སྒོ་ནས་དད་གུས་གོང་འཕེལ་དུ་བྱས་ཏེ་སྒོ་གསུམ་ལ་དྲན་པ་ཉེ་བར་བཞག་ནས་དལ་བ་ཐོབ་པ་དོན་དང་ལྡན་པར་བྱའོ། །ཞེས་པ་འདི་ནི་སེ་ར་སྒོམ་སྡེ་ཁང་ནས་དགེ་སློང་ཕུན་ཚོགས་རབ་བརྟན་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས། དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པར་གྱུར་ཅིག། །།

དཔྱད་གཞིའི་ཡིག་ཆ།
[1] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༢༨༽ བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༣༥༩-༣༦༢ བར།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས། སྟོད་ཆ། ༼ཀ༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༣ ནས་ ༤༥༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།