ཏ༽ སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ།

ཏ༽ སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ།

༡༽ རྒྱའི་ཡིག་ཆར་གསལ་བའི་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ།

 

དེ་ཡང་ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[1]།

རྒོལ་བའི་དཀྱིལ་འཁོར་བཤམས་པ་བསྟན་པའི་གསོས། །ཐུབ་པའི་སྐྱེས་རབས་སྙན་དགུའི་རྒྱུད་མང་བསྒྲེང་། །

སྐུ་ལུས་སྟག་མོར་བརྩེ་བས་དངོས་སུ་སྦྱིན། །མཁས་མཆོག་དཔའ་བོའི་རྣམ་ཐར་ལྷག་པར་བསྔགས། །

ཞེས་གསུངས་པ་ལྟར། སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ་ལས[2]། ཕྱི་ལོའི་བརྒྱ་སྐོར་དང་པོ་དང་གཉིས་པའི་མཚམས་དེར་རྒྱ་གར་ཡུལ་དབུས་སུ་ཐེག་པ་ཆེན་པོའི་ཆོས་ཀྱི་སྲོལ་སྤེལ་བ་ལ་བྱས་རྗེས་ཆེན་པོ་བཞག་པའི་སློབ་དཔོན་ཆེན་པོ་རྟ་དབྱངས་ཞེས་པ་བྱུང་། ཁོང་ནི་ཐོག་མར་ཕྱི་རོལ་བྲམ་ཟེའི་ཆོས་ལུགས་ལ་ཞུགས་ནས་དེའི་གཞུང་ལ་མཁས་པར་སྦྱངས། ལྷག་པར་རོལ་མོ་དང་། སྙན་ངག་རྩོམ་པ་ལ་མཁས་པའི་མཚན་སྙན་གྲགས་ཤིན་ཏུ་ཆེ་བར་གྱུར། རྗེས་སུ་པཱར་སི་བ་སློབ་དཔོན་དུ་བསྟེན་ནས་ནང་པའི་ཆོས་ལ་ཞུགས། སྐབས་དེར་སངས་རྒྱས་ཆོས་ལུགས་པའི་ནང་ན་གཞུང་ལུགས་ལ་མཁས་པ་ཉུང་བས་ཆོས་ལུགས་ཉམས་ཆེ་ཞིང་། ཆོས་བཤད་པ་དང་གདུལ་བྱ་རྣམ་གྲོལ་ལམ་ལ་འགོད་མཁས་ཆེས་དཀོན་པར་གྱུར་པས་ཁོང་ནས་ཐུགས་ཤིན་ཏུ་སྐྱོ་བ་བྱུང་། སྐབས་དེར་རྒྱ་གར་ཡུལ་དབུས་སུ་ཕྱི་རོལ་པ་རྩོད་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་། དེས་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་རྣམས་ལ་རྩོད་པ་བྱེད་པའི་བརྡ་སྦྱར་ནས་མཁས་པ་ཡོད་ན་ཁོ་དང་རྩོད་དུ་ཤོག །རྩོད་མཁན་མེད་ན་ཕམ་ཁ་ངོས་ལེན་པ་ཡིན་པས་དེང་ཕྱིན་ཆད་གཎྜིའི་སྒྲ་ཡང་གྲག་མི་ཆོག་ཅེས་བསྒྲགས་སོ།།

སྐབས་དེར་སློབ་དཔོན་པཱར་སི་བ་དགུང་ལོ་ཤིན་ཏུ་མཐོ་ཡང་། ཕྱི་རོལ་པ་འདུལ་དགོས་དགོངས་ནས་རྩོད་ཕྱིར་ཕེབས། ལམ་བར་དུ་ནང་པའི་དགོན་པ་ཞིག་ཏུ་ཞག་བཞུགས་མཛད། དགོན་པ་དེའི་དགེ་ཚུལ་གཞོན་པ་སྐོར་ཞིག་གིས་སློབ་དཔོན་ལ་མ་གུས་པའི་སྤྱོད་པས་ངོ་མཚང་འབྲུ་བ་དང་བརྙས་སྨོད་སོགས་བྱས་ཀྱང་སློབ་དཔོན་གྱིས་འཛུམ་གྱིས་བསུས་ཤིང་ཅི་མི་སྙམ་པར་བཞུགས། དེའི་ནང་གི་ལོ་ཆེ་བའི་དགེ་ཚུལ་ཁ་ཤས་ཀྱིས་དགེ་སློང་རྒན་པོ་འདི་རང་གའི་མི་ཞིག་མིན་པར་འདུག་སྙམ་ནས་ཆོས་ཀྱི་དོན་མང་པོ་ཞིག་དྲིས་ཀྱང་། སློབ་དཔོན་གྱིས་ལན་ཐོགས་པ་མེད་པར་བཏབ་པས་དགེ་ཚུལ་རྣམས་ཤིན་ཏུ་དད་པ་སྐྱེས་ཤིང་། ཕྱི་ཉིན་སློབ་དཔོན་ལམ་དུ་ཕེབས་པར་དགེ་ཚུལ་རྣམས་འབྲལ་མི་ཕོད་ཚུལ་གྱིས་ལམ་ཐག་རིང་ཞིག་ཏུ་བསྐྱལ། དེ་ནས་ཡུལ་ལུང་མང་པོ་ཞིག་བརྒལ་ནས་ཡུལ་དབུས་སུ་སླེབས། ཁོང་གིས་རྩད་བཅད་དེ་ཕྱི་རོལ་པ་དེས་དབང་བཟུང་ནས་བསྡད་པའི་ནང་པའི་དགོན་སྡེ་ཆེན་པོ་ཞིག་ཡོད་པ་དེར་ཕེབས། སློབ་དཔོན་གྱིས་དགེ་འདུན་པ་རྣམས་ལ་ཁྱེད་ཅག་གསོ་སྦྱོང་བྱེད་སྐབས་གཎྜི་མི་རྡུང་དོན་ཅི་ཡིན་ཟེར་ནས་དྲིས་པས་ལན་དུ་སྨྲས་པ། འདིར་ཕྱི་རོལ་པ་ང་རྒྱལ་ཆེ་ཞིང་གཞན་ལ་ཐུབ་ཚོད་བྱེད་པ་ཞིག་འོངས་ནས་ཁྱོད་ཅག་ཤཱཀྱའི་རྗེས་འཇུག་ཁྲོད་ན་བླུན་པོ་ཤ་སྟག་ལས་རིག་གཞུང་ཤེས་པའི་མཁས་པ་མེད། ཁྱོད་ཅག་གི་ཆོས་དེ་ཡང་རྣམ་དག་མིན། ཁོའི་ཚིག་མི་བདེན་ཟེར་ན། རང་གི་དམ་བཅའ་བཟུང་ནས་རྩོད་པ་བྱེད་ཆོག་ཅེས་རྒྱག་གཏམ་བཤད། འོ་སྐོལ་གྱི་གྲལ་དུ་རྩོད་མཁན་ཁ་ཤས་བྱུང་ཡང་རྒྱལ་ཁ་མ་ལོན་པས་བསྟན་པ་རྒྱལ་ལ་ཤོར་ཅིང་། གཎྜི་རྡུང་མི་ཆོག་པར་བྱས། ངེད་ཅག་ཐབས་ཟད་པས་གཉོམ་ཁུར་ནས་མི་སྡོད་པའི་རང་དབང་ཅི་ཡོད་ཟེར་རོ།།

དེ་ནས་སློབ་དཔོན་གྱིས་ཁྱོད་ཅག་སོང་ནས་མཁན་པོ་ལ་གཎྜི་རྡུངས་ཤིག་ཅེས་བརྡ་སྒྲོན། ཁྱོད་ཅག་སྐྲག་མི་དགོས། རྒོལ་མཁན་བྱུང་ན་ཁོ་བོས་ལན་འདེབས་གསུངས། དགེ་སྦྱོང་རྣམས་ཀྱིས་གཏམ་དེ་ཚོར་ནས་འདི་ནི་འཇིགས་པ་མེད་པའི་སྤོབས་པ་དང་ལྡན་པའི་མཁས་པ་ཆེན་མོ་ཞིག་ཡིན་པར་འདུག །ད་ནི་རྒོལ་ལན་བསློག་པའི་དུས་ལ་བབས་སྙམ་ནས་གཎྜི་བརྡུངས་སོ། །ཕྱི་རོལ་པ་དེས་གཎྜིའི་སྒྲ་ཚོར་ནས་ཁོང་ཁྲོ་ལངས་ཏེ་གཎྜི་རྡུང་མི་ཆོག་ཟེར་བ་མ་གོའམ། ཁྱོད་ཅག་གིས་བརྡུངས་དོན་ཅི་ཡིན་ཟེར་ནས་སྤྱོས། འདི་ངེད་ཅག་གི་བཀོད་པ་མིན། བྱང་ཕྱོགས་ནས་དགེ་སྦྱོང་རྒན་པོ་ཞིག་ཕེབས་ནས་དེས་བརྡུང་དུ་བཅུག་པ་རེད་ཅེས་སྨྲས། ཕྱི་རོལ་པས་མི་དེ་ནི་རང་ཚོད་མི་ཐིག་པའི་གླེན་པ་ཞིག་ཡིན་པར་འདུག །ཁོ་བོས་མི་དེ་ཅི་འདྲ་ཞིག་ཡིན་པར་བལྟ་དགོས་ཟེར་རོ།།

དེ་ནས་ཕྱི་རོལ་པ་དེས་སློབ་དཔོན་པཱར་སི་བ་དགེ་སྦྱོང་རྒན་པོ་རྒས་འཁོགས་ཤིག་ཏུ་འདུག་པ་མཐོང་ནས་ཁོང་དགོད་དང་བཅས་དེས་སྨྲས་པ། བླ་རྒན་ཁྱོད་ཀྱིས་འདི་གའི་སྒྲིག་ལམ་མི་ཤེས་སམ་ཟེར། སློབ་དཔོན་བཞད་གད་དང་བཅས་ཏེ། ཧ་ཧ་ཁོ་བོས་སྒྲིག་ལམ་མ་ཤེས་ན་གཎྜི་ཅི་ལ་རྡུང་གསུངས། ཕྱི་རོལ་པས་དེས་ན་ཁྱོད་ཀྱང་ཁོ་དང་རྩོད་པ་བྱེད་འདོད་དམ་ཟེར་བ་ལ། སློབ་དཔོན་གྱིས་ཁྱོད་ཀྱིས་རྩོད་ཟེར་ན་རྩོད་ཆོག །རྩོད་པ་བྱེད་རྒྱུར་དཀའ་བ་ཅི་ཡོད། ངེད་ཅག་ནང་པ་སངས་རྒྱས་པ་རྣམས་ཞི་དུལ་བག་ཡོད་ཡིན། ཕྱི་རོལ་པ་ལ་ཕར་འགྲན་བཙལ་ནས་རྩོད་པའི་དཔེ་མེད། ཁྱོད་ཕྱི་རོལ་པ་རྣམས་བག་མེད་ཐལ་ཆེ་བ་འདུག །ངེད་ཀྱི་ཆོས་ལུགས་ལ་གནོད་པ་བྱེད་པར་རྩོམ། ངེད་ཅག་སངས་རྒྱས་ཆོས་ལུགས་ནི་ཟབ་ཅིང་རྒྱ་ཆེ་བ་ཀླུང་བརྒྱ་འདུས་པའི་རྒྱ་མཚོ་ཆེན་པོ་ལྟ་བུ་ཞིག་ཡིན། དེང་ཁྱོད་ལ་ཁོ་བོས་ཐོས་རྒྱ་བསྐྱེད་ཆོག་གསུངས་པ་ལ། ཕྱི་རོལ་པས་ཁྱོད་ཁ་སྟངས་མ་མཐོ། ད་ནས་ཉི་མ་བདུན་སོང་བ་ན་ངེད་ཅག་བརྩད་ནས་སུ་རྒྱལ་བལྟ། རྒྱལ་པོ་དང་བློན་པོ་ཕྱི་ནང་གི་པཎྜི་ཏ་དང་བྲམ་ཟེ་སོགས་དཔང་པོར་ཞུགས་ནས་རྩོད་ཤན་འབྱེད་དུ་འཇུག་ཟེར་ནས་སོང་ངོ་།།

དེ་ནས་ཉིན་བདུན་པར་ཐང་ཡངས་པོར་ཁྲི་མཐོན་པོ་བཤམས། གདུགས་རྒྱལ་མཚན་བསྒྲེངས། རྔ་ཤག་རོལ་ཆས་བརྡུངས། མི་ཚོགས་ཆེན་པོའི་དབུས་སུ་སློབ་དཔོན་ཚམ་ཚོམ་མེད་པར་ཁྲི་མཐོན་པོར་འཛེགས་ནས་བཞུགས། ཕྱི་རོལ་པ་ཡང་དེའི་རྩིབས་ཀྱི་ཁྲི་ལ་འཁོད་ནས་སློབ་དཔོན་གྱི་ཞལ་འཛུམ་ཞིང་སྐུ་ཉམས་ཤིན་ཏུ་ལྷོད་པོར་གནས་པར་མཐོང་ནས་སེམས་ལ་དགེ་སྦྱོང་རྒན་པོ་འདིས་ཁྲོམ་ཚོགས་ཆེན་པོ་འདི་ལྟ་བུའི་ནང་དུ་འཇིགས་ཉམས་དང་འཚབ་ཉམས་མེད་པར་ལྷོད་པོར་སྡོད་པ་ལ་བལྟས་ན་ཡོན་ཏན་ཅན་ཞིག་ཡིན་པར་འདུག་པས་དེ་རིང་འདི་ལ་རིག་པ་སྒྲིན་པོ་བྱེད་དགོས་སྙམ། དེ་ནས་ཐོག་མར་ཕྱི་རོལ་པས་དེ་རིང་ངེད་གཉིས་ཀྱི་རྩོད་པ་འདི་རྩོད་པ་སྤྱིར་བཏང་བ་ཞིག་མིན་པས་ཐོག་མར་ཆིངས་ཡིག་ཅིག་འཇོག་དགོས་ཟེར་བ་ལ། སློབ་དཔོན་གྱིས་ཁྱོད་ཀྱི་འདོད་པ་ལྟར་བྱེད་ཆོག་གསུངས། ཕྱི་རོལ་པས་དེས་ན་དེ་རིང་སུ་ཕམ་ན་དེའི་ལྕེ་གཅོད་ཟེར། སློབ་དཔོན་གྱིས་དེ་རིང་ཆོས་རྩོད་པ་ཡིན་པས་ལྕེ་གཅོད་དགོས་དོན་མེད། སུ་རྒྱལ་ན་དེ་ལ་ཕྱག་འཚལ་ནས་དེའི་ཆོས་འོག་ཏུ་འཇུག་རྒྱུ་བྱེད་གསུངས། ཕྱི་རོལ་པས་ཁྱོད་རྒན་པོ་ཞིག་གིས་ཁོ་བོར་ཕྱག་འཚལ་ནས་མགོ་སྒུར་རྒྱུར་ངོ་མི་ཚ་ན་དེ་ལྟར་བྱེད་ཆོག་ཟེར། དེ་ནས་སློབ་དཔོན་གྱིས་ཁོ་བོ་ལོ་ན་ཁྱོད་ལས་རྒན་ཞིང་ཡུལ་ཐག་རིང་ནས་འོངས་པ་དང་། དེ་རིང་ཡང་སྔོན་དུ་ཁྲི་ལ་བསྡད་པ་ཡིན། ཐོག་མར་ཁོ་བོས་ཁྱོད་ལ་དྲི་བ་བཏོན་ན་ཆོག་གམ་ཟེར་བ་ལ། ཕྱི་རོལ་པས་དེས་ན་ཁྱོད་ཀྱིས་དྲི་བ་ཐོངས་ཤིག་ཟེར་རོ། །སློབ་དཔོན་གྱིས།

སེམས་ཅན་ཐམས་ཅད་བདེ་བ་དང་། །འབངས་རྣམས་ཟས་གོས་མི་ཕོངས་ཤིང་། །

ཡུལ་ལྗོངས་ཀུན་ཏུ་བདེ་དགས་རོལ། །རྒྱལ་པོའང་དགའ་བའི་ཐབས་ཅི་ཞིག །

ཅེས་དྲིས་པ་ལ། ཕྱི་རོལ་པ་དེས་རྒྱལ་སྲིད་སྐྱོང་ལུགས་མི་ཤེས་པས། ལན་འདེབས་རྒྱུ་མ་རྙེད་པར་ཧད་དེ་བསྡད་པ་ལ། སློབ་དཔོན་གྱིས་ངེད་ཅག་སངས་རྒྱས་ཆོས་ལུགས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཞུང་ལུགས་ཉིས་ཆར་མཁས་དགོས་པ་ཡིན་ལ། རྒྱལ་ཁམས་བདེ་སྐྱིད་ཡོང་བ་རྒྱལ་པོ་ལ་རག་ལས་ཤིང་། རྒྱལ་པོས་འཁོར་འབངས་བྱམས་བརྩེས་སྐྱོང་བ་དང་། གང་དུ་དཔྱ་ཁྲལ་ཉུང་བ་དང་། འབངས་སྤྱིར་ཕན་བདེ་བསྒྲུབས་ན་ད་གཟོད་མི་རྣམས་བདེ་སྐྱིད་འཚོ་བར་རོལ་བ་དང་། རྒྱལ་ཁམས་བདེ་འཇགས་འོང་བ་ཡིན། འདི་ནི་སྤྱིར་བཏང་གི་ཤེས་བྱ་ཞིག་ཡིན་པས་དེར་ཡང་ལན་མི་ཐེབས་སམ་གསུངས་པས། ཁྲོམ་ཚོགས་ཆ་ལྡིར་གྱིས་བགད་ཅིང་། ཕྱི་རོལ་པའི་ངོ་མཚམས་སྤྲིན་གྱིས་གཡོགས་པ་བཞིན་དུ་གྱུར། དེ་ནས་ཡང་སློབ་དཔོན་གྱིས་འཇིག་རྟེན་ལས་འདས་པའི་དོན་ལས་བརྩམས་ཏེ་དྲི་བ་ཁ་ཤས་བཏོན་ཀྱང་དེའི་དྲི་བ་སྐོར་ཞིག་ཕྱི་རོལ་པ་རྣམས་ལ་རྣ་ཐོས་ཙམ་ཡང་མེད་པའི་ཆོས་ཟབ་མོ་ཡིན་པས། ཕྱི་རོལ་པ་ཧ་ལས་ཤིང་ལྕེ་ལ་མདུད་པ་བརྒྱབ་པ་ལྟར་གྱུར་ནས་ལྡབ་ལྡིབ་སྨྲ་བ་ལས་དོན་མཐུན་གྱི་ལན་གཅིག་ཀྱང་མ་ཐེབས་སོ།།

དེ་ནས་ཕྱི་རོལ་པ་དེས་སློབ་དཔོན་ལ་བྲམ་ཟེའི་གཞུང་ལས་གནད་དོན་ཁ་ཤས་དྲིས་པ་ལ། སློབ་དཔོན་ནི་སྔོན་ཆད་བྲམ་ཟེའི་གཞུང་ལ་སྦྱངས་ཤིང་མཁས་པར་གྱུར་པ་ཞིག་ཡིན་པས། དེས་གང་དྲིས་ནའང་ལན་འདེབས་པ་ལ་ཐོགས་རྡུགས་མེད་པས་ཕྱི་རོལ་པ་སྤ་བཀོང་བར་བྱས་སོ། །དེ་ནས་ཕྱི་རོལ་པ་དེ་ཁྲི་ལས་བབས་ཏེ་སློབ་དཔོན་གྱི་དྲུང་དུ་གུས་པའི་ཐལ་མོ་སྦྱར་ཏེ་བཤགས་གསོལ་བྱས་ཤིང་། སློབ་དཔོན་གྱི་དྲུང་དུ་སྐྲ་བྲེགས་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བླངས་པར་བྱས་སོ།།

རྒྱལ་ཕམ་གྱི་ཆིངས་ཡིག་ལྟར་ཕྱི་རོལ་པ་དེ་ནང་པའི་ཆོས་ལ་ཞུགས་ཀྱང་། སེམས་ལ་ཁོ་བོ་རྒྱལ་ཁམས་དུ་མར་རང་གི་གཞུང་ལུགས་ལ་མཁས་ཤིང་རྩོད་ཟླ་མེད་པ་ཞིག་ཏུ་གྲགས་པས་ཁྱབ་ཀྱང་དེ་རིང་ནང་པའི་དགེ་སྦྱོང་རྒན་པོ་འདི་ཙམ་ཡང་མ་ཐུབ་པས་ངོ་རེ་གནོང་སྙམ་ནས་རང་གི་གནས་ཁང་དུ་ཡི་མུག་ནས་སྡོད་པ་ལ། སློབ་དཔོན་གྱིས་མཁྱེན་ནས་དེའི་དྲུང་དུ་ལྷགས་ཏེ་ཞལ་འཛུམ་པ་དང་བཅས་ཏེ་སྨྲས་པ། ངེད་ཅག་སངས་རྒྱས་ཆོས་ལུགས་ནི། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པའི་ལྟ་བ་འཛིན། ཁྱོད་ནི་བདག་འཛིན་གྱི་ཞེན་པ་ཆེ་བས་རང་གི་ཁེ་ཕན་བསམ་པ་དང་། ཆོས་སྤྱན་བསྒྲིབས་པས་ཆོས་ཉིད་མ་མཐོང་བ་ཡིན། དཔེར་ན་བདག་ཅག་གི་སྟོན་པ་ཐོག་མར་ཕྱི་རོལ་པའི་ཆོས་ལ་དད་ཅིང་། ཆོས་ཉིད་བདེན་པ་འཚོལ་ཕྱིར་རྒྱལ་སྲིད་སྤངས་ཤིང་རྒྱལ་པོའི་ཁབ་ནས་བྱུང་སྟེ་ལོ་དྲུག་ཏུ་དཀའ་བ་སྤྱད། ཕྱི་རོལ་པའི་ཏིང་ངེ་འཛིན་ཐར་ལམ་མིན་པར་མཁྱེན་ནས་བྱང་ཆུབ་ཤིང་གི་དྲུང་དུ་ལོ་ཕྱེད་ཙམ་ལ་བཞུགས། ཞག་མ་གཅིག་ལ་ནམ་མཁའི་སྐར་ཆེན་གཟིགས་པ་དང་མཉམ་དུ་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས། ཕྱི་རོལ་པའི་སློབ་མ་མང་པོ་ལ་ཆོས་གསུངས་ནས་ནང་པའི་ཆོས་སུ་བཅུག་པའི་ཚུལ་དེ་ལྟ་ན། ནང་པའི་ཆོས་དེ་ཕྱི་རོལ་པའི་ཆོས་ལས་ཆེས་ཆེར་ཕུལ་དུ་བྱུང་བ་མ་ཡིན་ནམ་གསུངས་ཤིང་རྫུ་འཕྲུལ་ཡང་དུ་མ་བསྟན་མཐར། རྫུ་འཕྲུལ་ནི་སངས་རྒྱས་ཆོས་ལུགས་ཀྱི་འབད་བརྩོན་བྱ་ཡུལ་མིན་གསུངས་པ་སོགས་བསླབ་བྱ་མང་དུ་གནང་བས། ཕྱི་རོལ་པ་དེས་སློབ་དཔོན་པཱར་སི་བ་དེ་ལུང་རྟོགས་ཡོན་ཏན་གྱིས་མངོན་པར་མཐོ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པར་ཤེས་ནས་བཅོས་མིན་གྱི་དད་པ་སྐྱེས་ཤིང་སློབ་དཔོན་དུ་བསྟེན། སློབ་དཔོན་གྱིས་དེ་ལ་ཁྱེད་ནི་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་ཞིང་། དགེ་བའི་བག་ཆགས་མཐུག་པ་ཞིག་རེད་མོད་དེ། རེ་ཞིག་ལམ་གོལ་དུ་ལྷུང་ནས་རིན་པོ་ཆེ་དྲི་མ་ཅན་དུ་བྱས་སོ། །ད་ནས་བཟུང་སྟེ་ལམ་ཡང་དག་པར་ཞུགས་ནས་རྒྱལ་བའི་གསུང་རབ་ལ་ཐོས་བསམ་སྒོམ་པའི་བརྩོན་པ་གྱིས་ཤིག་དང་། བྱང་གྲོལ་ལམ་བཟང་རྙེད་པར་འགྱུར་རོ་གསུངས་སོ།།

དེ་ནས་སློབ་དཔོན་གྱི་དྲུང་དུ་ལོ་དུ་མའི་རིང་ལ་སྡེ་སྣོད་ཀྱི་གཞུང་ལ་ཞིབ་པར་སྦྱངས་ཤིང་། འབད་པས་བསམ་སྒོམ་ནན་ཏན་བྱས་པས་ནང་པའི་མཁས་པ་ཆེན་པོར་གྱུར་ཏོ། །དེ་ནས་སློབ་དཔོན་པཱར་སི་བ་རང་ཡུལ་བྱང་ཕྱོགས་སུ་ཞབས་བསྒྱུར། ཕྱི་རོལ་པ་ལས་འགྱུར་བའི་དགེ་སློང་ཡུལ་དབུས་སུ་བཞུགས་ནས་གཞུང་ལུགས་རྒྱ་ཆེན་པོར་གཟིགས་རྟོག་མཛད། ཞི་དུལ་གྱི་སྤྱོད་པ་དང་མཁས་པའི་ཡོན་ཏན་གྱི་སྙན་པའི་ང་རོ་ཕྱོགས་མཐར་ཁྱབ། ཡུལ་གྱི་རྒྱལ་པོའི་མཐོང་གཟོས་ཆེ་བ་ཞིག་ཏུ་གྱུར། དེ་ནས་མ་འགྱངས་པར་བྱང་ཕྱོགས་ཀྱི་ཡོ་རུ་རྒྱལ་པོས་ཡུལ་དབུས་སུ་དམག་དྲངས། རྒྱལ་པོའི་ཕོ་བྲང་གི་མཐར་དམག་གི་ར་བ་བསྐོར་ནས་བསྡད། ཡུལ་དབུས་ཀྱི་རྒྱལ་པོས་ཕོ་ཉ་མངགས་ནས་ཡོ་རུ་རྒྱལ་པོར་དྲིས་པ། ཁྱེད་ཀྱིས་དམག་དྲངས་ནས་ཕོ་བྲང་བསྐོར་ཞིང་འབངས་ལ་གནོད་འཚེ་བསྐྱལ་བ་འདིའི་དམིགས་ཡུལ་ཅི་ཡིན་ཟེར་བས། ཁོ་བོར་གསེར་སྲང་དུང་ཕྱུར་གསུམ་དགོས་ཟེར། ཁོ་བོའི་རྒྱལ་ཁབ་ཡོངས་རྫོགས་གསེར་དུ་བསྒྱུར་ཀྱང་དུང་ཕྱུར་གསུམ་གྱི་གྲངས་མི་ལོངས་པས་ཇི་ལྟར་བྱ་ཟེར་བས། ཁྱེད་ཡུལ་དབུས་ན་སྲིད་ན་དཀོན་པའི་རིན་པོ་ཆེ་གཉིས་ཡོད་པས་དེ་ཕུལ་ཀྱང་ཆོག་ཟེར། དབུས་ཀྱི་རྒྱལ་པོས་ཁོ་ལ་རིན་པོ་ཆེ་རྩ་ཆེན་དེ་འདྲ་ག་ལ་ཡོད་ཟེར་བར། ཡོ་རུ་རྒྱལ་པོས་ཁྱོད་ཀྱི་རིན་པོ་ཆེ་རྩ་ཆེ་གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་དང་། གཅིག་ནི་རྩོད་ཟླ་མེད་པའི་དགེ་སློང་ཞིག་ཡིན། དེ་གཉིས་གསེར་སྲང་དུང་ཕྱུར་གཉིས་ཀྱི་རིན་ཐང་ཡོད་པས་ཁོ་ལ་སྟེར་དགོས་ཟེར། དབུས་ཀྱི་རྒྱལ་པོས་དེ་གཉིས་ཁོའི་རྒྱལ་ཁབ་ཀྱི་རིན་པོ་ཆེ་ཡིན་མོད། གཞན་ལ་སྟེར་བའི་དཔེ་མེད་ཟེར་ནས་ལན་བཏབ། དགེ་སློང་གིས་གཏམ་དེ་ཐོས་ནས་རྒྱལ་པོའི་དྲུང་དུ་སོང་ནས་ཞུས་པ། ཁྱོད་ཀྱིས་དགྲ་དམག་གི་རེ་འདོད་བསྐང་ཆོག །གཅིག་ན་འབངས་རྣམས་དམག་གི་འཇིགས་པ་ལས་ཐར། གཉིས་ན། སངས་རྒྱས་ཀྱི་ལྷུང་བཟེད་དང་ཁོ་གཉིས་སློང་བ་ལ་བལྟས་ན། ཡོ་རུ་རྒྱལ་པོ་དེ་ཡང་ནང་པའི་ཆོས་ལ་དད་མཁན་ཞིག་ཡིན་པར་འདུག །ཁོ་བོ་ས་ཆ་འདིར་བསྡད་ན། ས་འདིའི་མི་མང་ལ་ཆོས་སྩལ་པས་ཕན་ཡང་། ས་ཆ་གཞན་ལ་མི་ཕན། དེ་བས་ཁོ་བོ་རྒྱལ་ཁབ་གཞན་དུ་སོང་ན་རྒྱལ་ཁབ་ཕྱོགས་ཕྱོགས་སུ་སོང་ནས་རྒྱལ་བསྟན་སྤེལ་ཆོག་པས་སེམས་ཅན་མང་པོ་ལ་ཕན་པར་འདུག །ཁྱོད་ནི་མཆོག་གསུམ་སྤྱི་བོར་བཀུར་བའི་ཆོས་རྒྱལ་ཡིན། ཐུགས་འདང་གནོངས་ཞེས་ཞུས་པས། རྒྱལ་པོ་ནི་དགེ་སློང་དེས་ཅི་གསུང་སྒྲུབ་པ་ཞིག་ཡིན་པས་ཁས་བླངས་སོ།།

ཡོ་རུ་རྒྱལ་པོས་སངས་རྒྱས་ཀྱི་ལྷུང་བཟེད་དང་། དགེ་སློང་མཁས་པ་གདན་དྲངས་ཏེ་དམག་ཕྱིར་འཐེན་ནས་རང་ཡུལ་དུ་ལོག་གོ །ཡོ་རུ་རྒྱལ་སའི་མི་རྣམས་ཀྱིས། སངས་རྒྱས་ཀྱི་ལྷུང་བཟེད་ནི་རིན་པོ་ཆེ་རྩ་ཆེན་ཡིན་པ་བདེན་མོད། དགེ་སློང་ནི་ས་འདི་ན་ཡང་མང་དུ་ཡོད་པས། གསེར་སྲང་དུང་ཕྱུར་གཅིག་གི་གོང་དུ་ག་ལ་འགྲོ་ཟེར་བར། རྒྱལ་པོས་ཁྱོད་ཅག་གིས་མིག་སྔར་གྱི་རིན་པོ་ཆེ་མ་གཏོགས་རྒྱང་རིང་མི་མཐོང་། དགེ་སློང་འདི་ནི་སྡེ་སྣོད་ཀྱི་གཟིགས་རྒྱ་ཆེ་ཞིང་། ཆོས་འཆད་པ་ལ་ཤིན་ཏུ་མཁས། མཁས་པའི་གྲགས་སྙན་རྒྱ་མཚོའི་མཐར་ཐུག་པར་ཁྱབ་ནས་འདུག །མཁས་པ་ཆེན་པོ་པཱར་སི་བའི་དངོས་སློབ་ཀྱང་ཡིན། རང་རེས་གདན་དྲངས་ནས་ཆོས་སྤེལ་དུ་བཅུག་ན་རྒྱལ་སྲིད་དང་རྒྱལ་འབངས་ཀུན་ལ་ཕན་པ་ཆེན་པོ་ཡོད་གསུངས་སོ།།

དེ་ནས་ཟླ་བ་གཅིག་ཙམ་སོང་བ་ན་ཡོ་རུ་རྒྱལ་པོའི་བསམ་པར་འཇིག་རྟེན་གྲགས་ཚོད་ལ་དུད་འགྲོ་ལ་ཡང་རིག་པ་སྤྱང་པོ་ཡོད། འདུལ་བར་ནུས་ཟེར་བས་ད་ཐེངས་ཨེ་བདེན་བརྟག་དགོས་བསམས་ནས། གཡོག་པོ་མངགས་ནས་རྟ་ཅང་ཤེས་བདུན་གྲ་སྒྲིག་བྱས། རྟ་རྣམས་ཉིན་ཞག་ལྔའི་བར་རྩྭ་ཆས་བཀག །ཉིན་དྲུག་པར་གྲོང་ཁྱེར་གྱི་ཤཱཀྱའི་དགེ་སློང་དང་། ཕྱི་རོལ་པ་ཐམས་ཅད་ལ་ཆོས་མཉན་དུ་ཤོག་ཅེས་བརྡ་སྦྱར། ཆོས་འཆད་པའི་ཁྱམས་རར་རྟ་ཕུར་བཙུགས་ནས་རྟ་དེ་བདུན་པོ་ཡང་བཏགས། སློབ་དཔོན་གྱིས་ཆོས་འཆད་པའི་སྐབས་སུ་རྟ་རྣམས་ཀྱི་མདུན་དུ་རྩྭ་ཆས་སྣོད་དུ་བཞག་གོ །ཉིན་དེར་སློབ་དཔོན་གྱིས་གསུངས་པའི་ཆོས་ནི་མདོ་མྱང་འདས་ཡིན་ལ། སློབ་དཔོན་གྱིས་ཚིག་གསལ་ལ་གོ་བདེ་བ་གདངས་སྙན་པོས་གསུངས་པས་ཚང་མས་ཡིད་གཞོལ་ཞིང་ཉན་པས། ཁ་རོག་ཏུ་བསྡད་ཅིང་ཁྲོམ་ཚོགས་འཇམ་ཐིང་ངེར་སོང་། རྟ་རྣམས་རྩྭ་ཆས་མ་ཟོས་པར་རྣ་བ་གྱོལ་ལེ་ཆོས་ལ་ཉན་ནོ། །དེ་ནས་ཆོས་ཐུན་གྲོལ་མཚམས་སུ་རྟ་ཅང་ཤེས་བདུན་པོ་ལྷན་ཅིག་སྐད་རྒྱངས་སེ་འཚེར་ཞིང་། མི་ཚང་མ་དད་པའི་མིག་ཆུ་ཤོར་ཏོ། །ཚུལ་དེ་མཐོང་ནས་རྒྱལ་པོ་ཡང་ཤིན་ཏུ་དགའ་ཞིང་། དད་པའི་སྤུ་ལོང་གཡོས་པར་གྱུར། ཆོས་གསུང་སྐབས་རྟ་འཚེར་བས་དེ་ནས་བཟུང་སྟེ་སློབ་དཔོན་འདིའི་མཚན་ལ་སློབ་དཔོན་རྟ་དབྱངས་ཞེས་པར་ཐོགས་སོ།།

རྗེས་སུ་སློབ་དཔོན་འདིས་རྒྱལ་པོ་ལ་གནང་བ་ཞུས་ཏེ་འདབས་འབྲེལ་གྱི་རྒྱལ་ཁབ་རྣམས་སུ་ཡང་ཆོས་སྤེལ་ཞིང་སྐུ་ཚེ་སྨད་ལ་གསུང་རྩོམ་མང་དུ་གནང་བ་ལས་ཐེག་པ་ཆེན་པོར་དད་པས་འཇུག་ཚུལ་བཤད་པ། སའི་གསང་བའི་རྣམ་བཤད་ཆེན་པོ། སངས་རྒྱས་ཀྱི་སྐྱེས་རབས། མདོ་སྡེ་ཆེན་པོའི་རྒྱན། མི་དགེ་བཅུའི་ལས་ཀྱི་རྣམ་བཤད་སོགས་ད་ལྟའི་བར་དུ་མཇལ་རྒྱུ་ཡོད་དོ། །ཞེས་བྱུང་བ་ལྟར་རྒྱའི་ཡིག་ཆར་གསལ་བའི་སློབ་དཔོན་ཨཱརྱ་དེ་ཝའི་བྱུང་བ་བརྗོད་པ་དང་། སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ་གཉིས་ནང་རྟ་དབྱངས་དང་སློབ་དཔོན་རྣམ་གཉིས་རྩོད་པ་མཛད་པའི་ཚུལ་རྣམས་ཕྱོགས་མཚུངས་ནའང་། སློབ་དཔོན་ཨཱརྱ་དེ་ཝ་དང་། སློབ་དཔོན་པཱར་སི་བ་རྣམ་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་ཐད་གསལ་ཁ་མི་འབྱུང་ལ། ཡང་ཀུ་མཱ་ར་ཇི་བའི་སློབ་དཔོན་རྟ་དབྱངས་ཀྱི་བྱུང་རབས་ནང་རྟ་དབྱངས་འདུལ་མཁན་སློབ་དཔོན་པཱར་སི་བ་ཡིན་ཚུལ་གསལ་བས་པཱར་སི་བ་དེ་ཨརྱ་དེ་བ་ཡིན་མིན་དང་། སྤྱིར་རྟ་དབྱངས་འདུལ་བ་པོ་ཨརྱ་དེ་བ་ཡིན་མིན་ཐེ་ཚོམ་བྱེད་ཡུལ་ཙམ་ལགས་མོད། འོན་ཀྱང་རྟ་དབྱངས་ཀྱི་བྱུང་བ་ལས་སློབ་དཔོན་ཨཱརྱ་དེ་ཝ་དང་འབྲེལ་ཡོད་ཀྱི་གལ་ཆེའི་དཔྱད་གཞིར་བསམས་ཏེ་སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་ཆ་ཚང་འདིར་འཇུག་འགོད་ཞུས་པའོ།།

 

༢༽ བོད་ཡིག་ཏུ་གསལ་བའི་རྟ་དབྱངས་ཀྱི་ལོ་རྒྱུས།

དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[3]། ཕྱི་ཞིག་ན་ལྷོ་ཕྱོགས་ཀྱི་ཡུལ་འཕགས་རྒྱལ་དུ་ཡབ་བྲམ་ཟེའི་སྨན་པ་དགེ་འདུན་གསང་བ་དང་། ཡུམ་རཏྣ་སིདྡྷ་ནིའི་སྲས་སུ་རྟ་དབྱངས་འཁྲུངས། སྙིང་པོ་བསྡུས་པའི་རང་འགྲེལ་ལས། ཡབ་སེང་གེ་གུ་ཧྱ་ཞེས་སེང་གེ་གསང་བར་བཤད་ཀྱང་མིང་གི་རྣམ་གྲངས་ཡིན། ཁ་ཅིག་ནུབ་ཕྱོགས་ཁ་ཆེ་བ་རྒྱལ་པོ་ཀམིངྐའི་ཕོ་བྲང་གི་ཛ་རདྷ་ཞེས་རིགས་ཅན་འདུ་བའི་སར་འཁྲུངས་ཞེས་ཀྱང་འཆད། མཚན་མཁན་གྱིས་བུམ་པ་ཨ་རུ་རས་མཚན་པའི་ལག་རིས་མཐོང་ནས།

མཛེས་ཤིང་སྨན་གྱི་བུམ་པ་ཐོགས། །དྲི་ཞིམ་མདངས་དང་ལྡན་གྱུར་པ། །

དགའ་བའི་ཚུལ་གྱིས་ལྟ་བྱེད་པ། །ཟུག་རྔུ་སེལ་བྱེད་རྒྱལ་གྱུར་ཅིག །

ཅེས་ཤིས་པ་བརྗོད་དེ་བདུད་རྩི་བུམ་པ་ཅན་དུ་བཏགས། སྐྱེས་མ་ཐག་རྟ་སྐད་འཚེར་བས་བྲམ་ཟེ་རྟ་སྐད་ཅན་དང་། དེ་ལ་འགྱུར་ཁྱད་ཀྱི་རྟ་དབྱངས་དང་སུས་མཐོང་ཡང་དགའ་བས་གཞོན་ནུ་དགའ་བྱེད་དུ་ཐོགས། ཕྱིས་ཕ་མ་ལ་གུས་པས་ཕ་མའི་ཁོལ་པོ་སྟེ་པི་ཏ་ཙཱི་ཏྲ་ཅེས་ཕའི་ཁོལ་པོ་དང་། མ་ཏི་ཙཱི་ཏྲ་མའི་ཁོལ་པོར་གྲགས། དྲང་སྲོང་རྐང་གཉིས་སྤྱོད་ལས་སྨན་ལོབས། རྒྱལ་པོ་ཞིག་གི་ནད་རྐང་མཐིལ་གྱི་མིས་རྩ་འགྱུར་བྱེད་མནན་པས་སེལ་བ་སོགས་དུ་མ་བྱུང་བས་སྨན་དཔྱད་ལ་ཕུལ་དུ་ཕྱིན་ཏེ།

དེད་དཔོན་ཀུན་སྐྱོང་ནོར་གྱི་བདག །དཔལ་ལྡན་ཕ་ཁོལ་སྨན་གྱི་བདག །

ཀ་མིངྒ་ནི་དམག་གི་བདག །མཛེས་མ་འོད་ལྡན་ཚལ་གྱི་བདག །

ཅེས་བདག་པོ་བཞིའི་ཡ་གྱལ་ཡིན། ཞེས་གསུངས་པ་ལྟར། འཕགས་ཡུལ་མཁས་པ་རྣམས་ཀྱི་རྣམ་ཐར་མདོར་བསྡུས་ལས། སློབ་དཔོན་དཔའ་བོ་ནི། ཁ་ཆེའི་ཡུལ་ཤཱེ་ཀེ་ཏ་ཀ་ཞེས་བྱ་བར་ཡབ་བྲམ་ཟེ་སངྒ་གུ་ཧྱ་དང་ཡུམ་གསེར་མིག་མའམ་བདེ་ལྡན་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། དེ་ཡང་རྒྱལ་པོ་གོ་པཱ་ལ་དང་དུས་མཉམ་པར་བཤད་པས་དུས་རབས་ ༨ ནང་དུ་བྱོན་སྙམ། བློ་རིག་བཀྲ་བས་མ་ཏི་ཙི་ཏྲ་དང་། སྐད་གདངས་སྙན་པས་རྟ་དབྱངས་དང་། ཡབ་ཡུམ་གཉིས་ལ་སྲི་ཞུ་ཆེ་བས་ཕ་ཁོལ་དང་མ་ཁོལ་དང་། རབ་ཏུ་བྱུང་བས་ཆོས་ལྡན་རབ་འབྱོར་དང་མཚན་གཞན་ཨརྱ་ཝི་ར་ཡང་ཞུ། ཁོང་གིས་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་དང་། སྐྱེས་རབས་སོ་བཞི་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས་བརྩམས་སོ། །ཞེས་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན། འཁྲུངས་པའི་དུས་རབས་སོགས་ལ་མི་མཐུན་པ་ཤུགས་ཆེའོ།།

སྐུ་ན་ཆེར་ལོན་པ་ན་ཕ་མ་གཉིས་ལ་ཤིན་ཏུ་བཀུར་སྟི་བསྒྲུབས་པས་ཕ་ཁོལ་ལམ་མ་ཁོལ་ཞེས་ཀྱང་གྲགས། གང་དེས་འདོད་ལྷ་གཙུག་ན་ཟླ་བའམ་ལྷ་ཆེན་དབང་ཕྱུག་ཉིན་ཞག་བདུན་དུ་བསྒྲུབས་པས་གྲུབ་སྟེ་ནག་པོ་ཐུབ་རྒྱལ་ཞེས་སུ་བཏགས། དེས་གང་དུ་ཞལ་བསྟན་པ་ཙམ་གྱིས་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཞུས་ཏེ་མངལ་སྐྱེས་སུ་གཏོགས་པ་སུས་ཀྱང་ཚར་གཅོད་མི་ཐུབ་པའི་དངོས་གྲུབ་བྱིན་ནོ། །ཞེས་པ་ནི་དོན་ལ་སློབ་དཔོན་ཨཱརྱ་དེ་ཝ་མ་གཏོགས་སའི་སྟེང་ན་འདི་ལ་རྩོད་པའི་ཟླ་མེད་པའི་བརྡ་ཡིན་པར་གྲགས། ཞེས་གསུངས་སོ།།

རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། དེ་ལ་སློབ་དཔོན་མ་ཁོལ་ནི་གོང་དུ་ཅུང་ཟད་བརྗོད་པའི་བྲམ་ཟེ་ཐུབ་དཀའ་ནག་པོ་དེ་ཉིད་ཡིན་ཏེ། དཔའ་བོ་དང༌། རྟ་དབྱངས་དང༌། མ་ཁོལ་དང༌། ཕ་ཁོལ་དང༌། ཐུབ་དཀའ་དང༌། ཆོས་ལྡན་རབ་འབྱོར་དང༌། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། གཞན་ཡང་ནག་པོ་ཐུབ་རྒྱལ་དང་། སློབ་དཔོན་མཆོག་སྲེད་རྣམས་ཀྱང་མུ་སྟེགས་རྟ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་བོད་ཀྱི་ཡིག་ཆ་ཁག་ཏུ་གསལ་ནའང་། རྒྱ་གར་རང་གི་ལོ་རྒྱུས་ལྟར་ན་དེ་ལྟར་མིན་པར་གསལ་ཡོད་པ་བཅས་སོ།།

དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[5]། དབང་ཕྱུག་ཞག་བདུན་གྱིས་གྲུབ་སྟེ་ནག་པོ་ཐུབ་རྒྱལ་དུ་བཏགས་ནས་མངལ་སྐྱེས་ཀྱིས་མི་ཐུབ་པ། ཁ་ནས་མེ་ཕྱུང་སྟེ་རྒོལ་བ་སྲེག་པ། མཐར་དབང་ཕྱུག་ཉིད་ཞུགས་ནས་རྩོད་པ་རྣམས་བྱིན། དབང་ཕྱུག་གི་གྲོགས་པོ་ཚངས་པས་ནེ་ཙོ་པཎྜི་ཏ་ཞེས་རྩོད་ལན་ཐམས་ཅད་ནེ་ཙོས་འདེབས་པ་དང༌། ཁྱབ་འཇུག་གིས་པཱ་ཎ་པཎྜི་ཏ་ཞེས་ཐོད་ལེ་སྐོར་བསྐྱུར་བས་རྩོད་ལན་བྲིས་ཡོང་བ་དང༌། དབྱངས་ཅན་མས་སྲིང་མོ་པཎྜི་ཏ་ཞེས་སྲིང་མོར་བྱས་ཏེ་རྩོད་ལན་འདེབས་པ་རྣམས་བྱིན། ནུབ་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་མེད་པ་ཙམ་བྱས། སླར་མ་ཡིས་སྒྲོལ་མ་ལ་མཎྜལ་འབུལ་བ་དྲིས་ནས་ནང་པའི་བསྟན་པ་ད་དུང་ཡོད་དམ་ཟེར་བས། ཡུལ་དབུས་སུ་བཏང་ན་ཐུལ་འོང་བསམས་ནས་ནང་པའི་བསྟན་པ་དངོས་ཤྲཱི་ནཱ་ལནྡྲ་ལ་སོགས་ཡུལ་དབུས་ན་ཡོད་པ་ཡིན་མོད་ཟེར་བས། ཡུལ་དབུས་སུ་འོངས། ཞེས་པ་ལྟར་འདོད་ལྷས་རང་གི་འཁོར་རྣམས་ལའང་བྱིན་གྱིས་བརླབས་ཤིང་། དེ་ཡང་ལྷ་མོ་དབྱངས་ཅན་མས་སྲིང་མོ་པཎྜི་ཏར་སྤྲུལ་ཞིང་རྩོད་ལན་ཐམས་ཅད་བརྗེད་པ་དྲན་ནས་འཆད་ནུས་པ་དང་གཅིག །ལྷ་ཚངས་པས་ནེ་ཙོ་པཎྜི་ཏར་སྤྲུལ་ཞིང་རྩོད་ལན་ཐམས་ཅད་གཞན་གྱི་སྨྲ་བའི་སྐྱོན་ལ་རྩོད་ནུས་པ་དང་གཉིས། དེ་བཞིན་ལྷ་ཆེན་ཁྱབ་འཇུག་གིས་པྲ་ཎ་པཎྜི་ཏ་ཞེས་ཐོད་ལེ་ཀོར་བསྐྱུར་བས་རྩོད་ལན་ཐམས་ཅད་བྲིས་པའི་རང་བཞིན་དུ་འཆར་བའི་ནུས་པ་དང་གསུམ་སྟེ། མདོར་ན་འཆད་རྩོད་རྩོམ་གསུམ་གྱི་དངོས་གྲུབ་བྱིན་པ་ཞིག་གོ།

དེ་བཞིན་མཁན་པོ་བསོད་ནམས་ཚེ་རྒྱལ་གྱིས་བསྒྲིགས་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ལས[6]། དེ་ནས་བཟུང་སྟེ་ཨོ་ཊི་བི་ཤ་དང་། གོ་ར་ཏ་དང་། ཏི་ར་ཧུ་ཏི་དང་། ཀ་མ་རུ་པ་སོགས་ཡུལ་ཕྱོགས་ཀུན་ན་ནང་པའི་བསྟན་པ་ཉུལ་ཏེ་སློབ་དཔོན་མང་པོ་རྩོད་པས་ཕམ་པར་བྱས་ཤིང་། ཕྱི་རོལ་པའི་གྲུབ་མཐའ་ལ་ཞུགས་དགོས་པ་བྱུང་། ད་དུང་ཡིད་མ་ཚིམས་པས་ང་རྒྱལ་ཆེར་སྐྱེས་ཀྱང་རང་གི་མ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཅན་ཞིག་ཡིན་པས། མ་ཡིས་བསམ་པར་ཀླུ་སྒྲུབ་ནི་འཕགས་པ་ཡིན་ཅིང་། ཕྱི་རོལ་པའི་གྲུབ་མཐའ་ལའང་ཤིན་ཏུ་མཁས་པའི་མཚན་སྙན་གྲགས་པ་ཞིག་ཡིན་པས་དེས་འདུལ་བར་ནུས་སོ་སྙམ་སྟེ། བུ་ཁྱོད་བསྟན་པ་ལེན་མི་ཤེས་སོ་ཞེས་སྨྲས། འོ་ན་ཇི་ལྟར་བྱ་ཞེས་དྲིས་པས། རྟ་ཡི་སྤུ་ཙམ་ལ་འཇུས་ན་རྟ་མི་ཐུལ་ལ་རྟ་ཡི་མགོ་བོ་འཇུས་ན་ཐུལ་བ་ལྟར། ཡུལ་དབུས་སུ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་རྣམས་ཕམ་པར་བྱས་ན་ཡུལ་ཕྲན་གཞན་དུ་གནས་པའི་ནང་པའི་སློབ་དཔོན་ཐམས་ཅད་རང་བཞིན་གྱིས་གུས་འདུད་འོང་ངོ་ཞེས་བསྐུལ། ཞེས་བྱུང་ལ། གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[7]། དེའི་ཚེ་ཤར་ཕྱོགས་ན་ལི་ནཱིའི་གྲོང་ཁྱེར་ཁོར་ཏ་ཞེས་བྱ་བར་བྱུང་བ་བྲམ་ཟེ་ཐུབ་དཀའ་ནག་པོས་ཡུལ་དང་ཡུལ་ཐམས་ཅད་དུ་ཕྱིན་ཏེ། སངས་རྒྱས་པའི་བསྟན་པ་རྩོད་པས་ཕམ་པར་བྱས། ཞེས་གསུངས་སོ།།

དེ་རྗེས་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[8]། སློབ་དཔོན་རྟ་དབྱངས་ཡུལ་དབུས་སུ་སླེབས་ནས་ཤི་ན་ག་ལ་དྲ་ག་ན་ཡོད་བྱས་པས་བུད་མེད་ཅིག་ན་རེ་བྲམ་ཟེ་སྒྲ་མ་བྱང་བ་ཤྲཱི་ནཱ་ལནྡྲ་བྱ་བ་ཡིན་ཟེར་བས་བུད་མེད་ཀྱིས་ཀྱང་སྒྲ་ཤེས་པར་འདུག་སྙམ། ཡང་བྱིས་པ་གཅིག་རྩ་བ་རྐོ་བ་ལ་ཅི་རྐོ་བྱས་པས་རྩ་བ་རྐོ་ཟེར། ཅིའི་རྩ་བ་བྱས་པས་རྩེ་མོའི་རྩ་བ་ཟེར། རྩེ་མོ་གང་གི་དྲིས་པས་རྩ་བའི་རྩེ་མོ་ཟེར། བྱིས་པས་ཀྱང་རྒལ་ལན་ཤེས་པར་འདུག་པས་ད་རེས་ལྡོག་གམ་སྙམ་ཡང་སྙེམས་པས་མུ་སྟེགས་ཀྱི་རྒྱལ་པོ་སོགས་མུ་སྟེགས་པ་ཐམས་ཅད་བསྡུས་ཏེ་ནཱ་ལནྡྲར་ཕྱིན། དེ་ན་གཙུག་ལག་ཁང་ཆེན་དྲུག་ཅུ། ཁང་ཕྲན་བརྒྱ་རྩ་བརྒྱད། པཎྜི་ཏ་ལྔ་བརྒྱ། གནས་བརྟན་ཆེན་པོ་བཅུ་དྲུག་སོགས་ཡོད་ཀྱང་རྟ་དབྱངས་སུ་ཤེས་པས་འདི་མངལ་སྐྱེས་ཀྱིས་མི་ཐུབ་ཟེར་ཏེ་རྩོད་པོ་མ་བྱུང༌། ཞེས་གསལ་བ་ལྟར། རྟ་དབྱངས་ཀྱིས་རང་གི་མས་སྨྲས་པ་ལྟར་འཁོར་དང་བཅས་པ་ཡུལ་དབུས་སུ་ཕྱིན་ནས་ནཱ་ལེནྡྲའི་གཙུག་ལག་ཁང་དུ་འབྱོར་བ་དང་། ཁོའི་བསམ་པར་ཀླུ་སྒྲུབ་དེ་བདག་གིས་ཐུབ་བམ་མི་ཐུབ་སྙམ་པའི་བློ་དོགས་ཤིག་སྐྱེས། ནང་པའི་པཎ་ཆེན་ལྔ་བརྒྱས་མུ་སྟེགས་རྟ་དབྱངས་འདི་ཉིད་ལ་ཀླུ་སྒྲུབ་མ་གཏོགས་རྩོད་ནུས་པ་སུ་ཡང་མེད་པར་སེམས་ཏེ་ལྷོ་ཕྱོགས་དཔལ་གྱི་རི་ནས་ཡུལ་དབུས་བར་ཡུན་ཇི་ཙམ་འགོར་བའི་དུས་མཚམས་བཟུང་སྟེ། དེར་ཉིན་ཞག་སུམ་ཅུ་ནས་རྩོད་པའི་དུས་སུ་བསྒྲགས། ཞེས་བྱུང་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༤༣༠

[2]  ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༦།༡ ཤོག་ ༡༥༢

[3]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༥

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༦

[5]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༦

[6]  བསྟན་འཛིན་རྒྱ་མཚོའི་ཞལ་ལུང་། བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་། ༢༠༠༨ ལོ། ཤོག་གྲངས་ ༦༠

[7]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༠

[8]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༩ ནས་ ༦༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *